ལོ་དགུ་ལས་རིང་བའི་ཞག་ཞེ་དགུ།
རྩོམ་ཡིག་འདི་ཐེངས། 1339 བཀླགས་འདུག
སྨུག་སྤྲིན་ལང་ལོང་གི་ཁྲོད་ན།།
ཅི་ཞིག་བོར་བ་དང་འདྲ་ཞིང་།།
གང་ཞིག་དོར་བ་ཡི་ཉམས་ཀྱི།།
ཐོབ་རྒྱལ་ལ་འགོ་རུ་སླེབ་སོང་།།
/
སྡོང་ལོ་ཤིག་ཤིག་གི་གསེང་ནས།།
གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་།།
སྨྲེ་ངག་ལྷང་ལྷང་དུ་འདོན་པའི།།
གདན་ས་ཆེན་པོ་རུ་འབྱོར་སོང་།།
/
སྐས་འཛེགས་རིང་མོ་དེ་བརྒྱུད་དུས།།
གདུང་འབོད་རིང་མོ་དེ་ཐོས་ཤིང་།།
འཁུན་སྒྲ་རིང་མོ་དེས་མནན་པའི།།
མི་ཚོགས་སྐོར་ལམ་དུ་བྲེལ་འདུག།
/
རྐང་པའི་རྡོག་སྒྲ་ཡི་ལྕིད་ཤུགས།།
འདུ་ཁང་སྒོ་མདུན་དུ་ཕབ་ཞོར།།
བླ་བྲང་གཟིམ་ཆུང་དེ་མཇལ་དུས།།
ད་དུང་ཨེ་བདེན་ཡང་བསམ་གི།།
/
ཐོས་འཛིན་གཤོག་ཟུང་གི་སྦུ་གུ།།
རྒྱལ་བའི་ཕོ་བྲང་དུ་གཏད་དུས།།
གསུང་སྐད་ཐོས་རྒྱུ་རུ་མི་འདུག།
གཟིམ་ཁང་སྟོང་པ་དེ་ལྷག་འདུག།
/
ཆར་དང་མེ་ཏོག་གིས་བསུས་ཤིང་།།
འོད་ཀྱི་དམུ་ཐག་ལས་བཞེངས་ཏེ།།
གནམ་སའི་ཡང་རྩེ་རུ་སྙེགས་པའི།།
ཞབས་རྗེས་དྲོན་མོ་དེ་ཡལ་འདུག།
/
ཀུན་བཟང་རྒྱལ་ཐེབས་ཀྱི་ཁྲི་ནས།།
བརྩེ་བའི་ཞགས་པ་དེ་བསྣམ་ནས།།
དགྱེས་པའི་ཞལ་རིས་དེ་སྟོན་བཞིན།།
སྤྱན་གྱིས་གང་ཞིག་ནས་གཟིཌ་ཡོད།།
/
གཏན་གྱི་བདེ་ཆེན་དེ་བསྙེས་པས།།
འཁོར་བ་འཇིག་རྟེན་དུ་མེད་ཀྱང་།།
རྗེས་ཆགས་ཡེ་ཤེས་ཀྱི་འཁོར་ལོས།།
བརྩེ་བའི་བྱིན་རླབས་དེ་མ་འདོར།།
/
བདག་སོགས་ཚེ་རབས་ཀྱི་ཕྲེང་བ།།
ཐུགས་རྗེའི་ལྕཌ་ཀྱུ་ཡིས་བཟུང་སྟེ།།
བྱིན་རླབས་ན་བུན་གྱི་ཐིགས་པས།།
སྒྲིབ་གཉིས་མུན་པ་དེ་འཁྲུད་ཅིག།
/
རྒྱ་ཕིབས་གསེར་འོད་དེ་ཡལ་ཞིང་།།
བཀྲག་དང་ཁ་དོག་གིས་བྲལ་བའི།།
ཕྱོགས་བཞིའི་ཁོ་ར་དང་ཁོར་ཡུག།
འོ་དོད་ཡུག་གཅིག་ཏུ་སྦྲེལ་འདུག།
/
འདུལ་ཁང་ལྷ་ཁང་གི་གཡས་ཀྱི།།
བཞུཌ་ཁྲི་སྟོང་པ་དེ་མཇལ་དུས།།
དྲན་གདུང་མཆུ་མ་དེ་བཀུ་ཞིང་།།
སྨྲ་མེད་རྟུལ་ཞུགས་སུ་ལྷག་སོང་།།
/
རྒྱུན་མཆོད་རྔ་སྒྲ་ཡི་དབྱིངས་སུ།།
ཞལ་རས་ལྷ་དར་གྱིས་སྦས་པའི།།
ཡ་གའི་ལྷ་སྲུང་གི་ཚོགས་ཀྱང་།།
ངོ་ཚའི་སྤྲིན་རིམ་དུ་ཡིབས་འདུག།
/
ཞུགས་དང་ཞལ་ཟས་ཀྱི་རྫོང་བས།།
དུས་ཐོག་བཀྲེས་སྐོམ་དེ་སེལ་བའི།།
ཡུལ་ལྷ་གཞི་བདག་གི་སྡེ་ཚོགས།།
ཚིམས་ནས་གང་ཞིག་ཏུ་བྲོས་སོང་།།
/
དཔྲལ་བས་ས་ཆེན་དེ་རྡུང་ཞིང་།།
སོར་མོས་སྙིང་ཁ་རུ་འདྲད་དུས།།
སྤྱི་གཙུག་མུན་པ་ཡི་འཁོར་ལོས།།
དབང་རྩའི་ལྷུ་ལག་ཀུན་སྦྲེལ་སོང་།།
/
རྗེས་དྲན་མཆོད་འབུལ་གྱི་ཀློང་དུ།།
མྱ་ངམ་གདུང་བ་ཡིས་གཟིར་ཞིང་།།
མར་མེའི་མཆོད་པ་ཡི་ཕྲེང་ཚོགས།།
མིག་ཆུའི་རྐོང་བུ་ཡིས་སྦྲེལ་འདུག།
/
ཕྲ་ཚོམ་གློག་འོད་ཀྱི་འཕྲེང་བ།།
མཆོད་པའི་ཡོ་བྱད་ཙམ་ཡིན་གྱི།།
བདག་མདུན་མུན་པ་ཡི་ཕུང་པོ།།
གསལ་བའི་ནུས་པ་དེ་མི་འདུག།
/
ཉིན་མོར་ཉི་འོད་དེ་དབེན་ཞིང་།།
མཚན་མོར་ཟླ་འོད་དེ་བྲལ་བའི།།
ཉིན་མཚན་མུན་པ་ཡི་འཁོར་ལོ།།
ཟད་པའི་ཐབས་ཤེས་དེ་བྲལ་བ།།
/
གནམ་གྱི་ཚངས་བུག་དེ་རལ་སོང་།།
ས་ཡི་རྒལ་གཞོང་ཡང་ཆག་སོང་།།
གནམ་སའི་ཆག་འཇིག་གི་ཀློང་གི།
མུན་པའི་ཡོལ་ཆེན་འདི་མཐུག་གི།
/
ཡར་གྱི་འགྱུ་ཐགས་དེ་ཆད་འདུག།
མར་གྱི་བརྟན་ཕུར་དེ་ཆག་འདུག།
སྡེ་བརྒྱད་ཆག་འཇིག་གི་མཁའ་ལ།།
མགོན་མེད་སྐྱབས་མེད་དུ་ལུས་སོ།།
/
བསྟན་པའི་ཀ་ཆེན་དེ་འགྱེལ་སོང་།།
འགྲོ་བའི་ཡབ་ཆེན་དེ་གཤེཌ་སོང་།།
བསྟན་འགྲོའི་རྒུད་པ་འདི་བསམ་ན།།
སྙིང་དུ་བཟོད་ཐབས་ཤིག་མི་འདུག།
/
མཛད་བཟང་གསེར་ནག་གི་རི་མོས།།
འཇིག་རྟེན་འོད་ཟེར་དུ་བསྐྲུན་ཞིང་།།
གནམ་ས་ཐུགས་བརྩེ་ཡིས་སྦྲེལ་བའི།།
འཕྲིན་ལས་ནམ་མཁའ་རུ་ཤར་འདུག།
/
གསར་རྙིང་རྩོད་སྒྲུབ་ཀྱི་རླུང་ཐན།།
ལྷོ་རོང་དགུ་རྒྱབ་ཏུ་གཡུགས་ནས།།
བོན་གྱི་ཐ་སྙད་ཀྱིས་བཅིངས་ཚད།།
དར་དཀར་ཡུག་གཅིག་ཏུ་དྲིལ་སོང་།།
/
རྒྱལ་བའི་དགུང་གྲངས་ཀྱི་བབ་དང་།།
འགྲོ་དོན་མཐར་ཕྱིན་དེ་བསམ་ནས།།
རྟག་འཛིན་མཐུག་པོ་དེའི་སྦུབས་ནས།།
མི་རྟག་ཉམས་ལེན་ལ་བརྩོན་ཁུལ།།
/
དད་འདུན་གངས་དཀར་གྱི་མེ་ཏོག།
གདུང་བའི་དབྱངས་རྟ་ལ་སྐྱོན་ནས།།
རྗེས་དྲན་མཆོད་འབུལ་གྱི་མཚོ་མོར།།
ཁ་བའི་མེ་ཏོག་བཞིན་བབས་སོང་།།
/
ཉིན་གྲངས་སྐྱོ་བ་ཡིས་མཐུད་ཅིང་།།
མཚན་མོ་རྨི་ལམ་གྱིས་བཏས་པའི།།
བགྲང་བྱ་ལོ་དགུ་ལས་རིང་བའི།།
ཞེ་དགུའི་མུན་ནག་དེ་ཡལ་འདུག།
/
སྡུག་བསྔལ་མུན་པ་ཡི་རྟོག་ཚོགས།།
གནམ་སའི་ཧྲག་བར་དུ་ཡལ་འགྲོ།།
ཕྱོགས་ཀྱི་རླུང་འཚུབ་དེ་བྲལ་བའི།།
ལྷང་འཇཊ་གནས་མལ་ཞིག་བྱུང་ན།།
/
དཀར་ནག་དབྱེ་བ་དེ་མི་བསྣོལ།།
ཕན་ཚུན་མེ་ཆུ་བཞིན་མི་འཛིན།།
བསྟན་པའི་ཀ་ཆེན་དེ་སྐྱོང་བའི།།
བསྟན་པའི་བདག་པོ་ཞིག་ཕེབ་ན།།
།
སྙིགས་མའི་རྒུད་པ་དེ་དམན་ཞིང་།།
འཁོར་བའི་རང་མཚང་དེ་རྣོ་བས།།
ཡེ་ཤེས་དབྱིངས་དཔྱད་ཀྱི་མེ་ལོང་།།
གཡའ་ཡིས་སྒྲིབ་པ་ལ་གཟབ་རན།།
།
མི་ཇུས་ལམ་ཁྱེར་གྱི་སྦུགས་སུ།།
བདུད་ཀྱི་ཁ་རླངས་ཀྱི་ཁུད་ནས།།
ཆོ་འཕྲུལ་ཛྭོ་དམར་རེ་འཕང་ཚེ།།
མུ་ཏིག་སྤར་གང་དེ་འཐོར་འགྲོ།།
།
རྔ་སྒྲས་ཉིན་མཚན་གཉིས་མཐུད་ཅིང་།།
གཤང་སྒྲས་འབྱུང་བ་བཞི་བསྣོལ་ཏེ།།
མཆོད་པའི་ལྷ་སྲུང་གི་ཚོགས་རྣམས།།
ཡེ་ཤེས་སྤྱན་སྟོང་གིས་གཟིགས་རན།།
།
གདོང་པ་ལྔ་ལྡན་གྱིས་བཏེགས་པའི།།
གསེར་གྱི་ཁྲི་འཕང་གི་སྟེགས་བུར།།
སེང་ཕྲུག་རྩལ་ལྡན་ཞིག་འབྱོན་རྒྱུར།།
ལྷ་ཚོགས་ཐུཌ་དགོངས་དེ་མ་གཡེལ།།
།
དེ་སྐད་སྙིང་ཁུང་གི་མགྲིན་དབྱངས།།
ཟིལ་མངར་གངས་རི་ལས་བབས་པ།།
དབྱངས་ཅན་འགྲམ་པ་ཡི་ཆང་ཁུ།།
ལྷོ་མཐར་ཤག་ཤག་ཏུ་བཞུར་སོང་།།
།
བཀའ་དྲིན་སུམ་ལྡན་གྱི་༧དཔལ་ལྡན་དྲིན་ཅན་རྩ་བའི་བླ་མ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཆོག་རེ་ཞིག་དག་པའི་དབྱིངས་སུ་ཡལ་ཏེ་དགོངས་ཞག་ཞེ་དགུ་པའི་སྐབས། མགོན་པོ་གང་གི་སྐྱབས་འོག་ནས་རིག་བཅུའི་རྒྱགས་ཕྱེ་འགམ་པའི་སྐལ་བཟང་ཐོབ་ཅིང་རྒྱལ་ཁམས་རིག་པས་སྐོར་བའི་སྙིང་མིག་ཅན་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རིག་པའི་རྒྱ་མཚོས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༤ ཡི་དགོང་མོར་གཡུང་དྲུང་བོན་གྱི་༧གདན་ས་ཆེན་པོ་༧དཔལ་ལྡན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོ་དང་རྒྱལ་བའི་གཟིམ་ཁང་སོགས་ཕྱིའི་ཁོ་ར་དང་ཁོར་ཡུག་ཏུ་མཇལ་སྐོར་ཐེངས་གཅིག་བྱས་རྗེས་དད་འདུན་དང་སྐྱོ་གདུང་གི་ཚོར་བ་འགོག་ཏུ་བྲལ་བ་ཞིག་གིས་རྐྱེན་བྱས་ཏེ་ཐོལ་བྱུང་དུ་བྲིས་པའི་ཚིགས་བཅད་འདི་དག་དབྱངས་ཅན་འགྲམ་ཆང་མངར་མོའི་རོ་ལ་སྦང་ཞིང་ཕལ་ཆེར་སྐར་མ་ཞེ་གྲངས་ཞིག་གི་ནང་ཤར་མར་ཚིགས་སུ་བསྡེབས་ནས་གྲུབ་པར་བྱས་པའོ།།
བསམ་ཚུལ་ཕྲིས།