རྩོམ་པ་པོ་སྐྱིད་སྲས་ཀྱི་སྙན་དེབ་༼མུན་པའི་གར་༽གྱི་སྐྱེས་སྐར་བསུ་བ།
རྩོམ་ཡིག་འདི་ཐེངས། 5590 བཀླགས་འདུག
རྩོམ་པ་པོ་སྐྱིད་སྲས་དགེ་ལེགས་ཉི་མས་འཇིག་རྟེན་འདིའི་མུན་པའི་རྩེ་དང་མུན་པའི་གཏིང་ནས་ཉུལ་བའི་རྩོམ་རིག་སྒྱུ་རྩལ་གྱི་གར་རྩེད་མྱུར་མོ་ཞིག་འུ་ཅག་སྒང་བ་ཚང་གི་ཀློག་མཁན་ཚོའི་གར་སྟེགས་སུ་མངོན་བྱུང་། དེས་ན་༼མུན་པའི་གར་༽གྱི་དཔར་སྐྲུན་གསལ་བཤད་ཀྱི་གླེང་མ་བཀོད་པའི་སྔོན་དུ་ཁོ་བོས་ཚིག་རེ་ཟུང་ཞིག་མོལ་ན་འདོད། མི་ལོ་ཉི་ཤུའི་གོང་དུ་བོད་གཞིས་བྱེས་གཉིས་སུ་ཆེད་གཉེར་རྩོམ་རིག་དྲ་རྒྱ་ཕར་བཞག་དུས་དེབ་ཀྱང་ཧ་ཅང་ཉུང་ཉུང་རེད། སྐབས་དེར་དུས་དེབ་ཁག་ཏུ་རྩོམ་ཡིག་མི་ཚུད་པའི་དཀའ་ངལ་ཡོད་པ་རེད། རྩོམ་ཡིག་རེ་ཟུང་དུས་དེབ་ཏུ་ཚུད་དུས་སྣང་བ་མཐོ་ཙམ་དང་གོམ་པ་ཡངས་ཙམ་ཡོད། དཔེར་ན་ཕྲན་གྱིས་ཀྱང་བར་སྐབས་ཞིག་ལ་བོད་ཀྱི་རྩོམ་པ་པོ་ཆུང་ཆུང་ཞིག་ཡིན་ཁུལ་བྱས་མྱོང་། དེ་ནི་ཕལ་ཆེར་ཕྱི་ལོ་ ༢༠༠༡ ལོར་ཡིན་པ་ཡོད། ཕྲན་གྱིས་བྲིས་པའི་སྙན་ངག་༼མུན་ཁྲོད་ནས་འཐེན་པའི་ལྷ་དར་དཀར་པོ།༽ཞེས་པར་བྱེས་ཀྱི་དུས་དེབ་ཡག་གྲས་༼རྩམ་པ་༽རྩོམ་སྒྲིག་ཁང་གི་ལོ་དེའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ་པ་རེད། དེ་ལས་དགའ་བའི་ཚོར་བ་ཞིག་ཕལ་ཆེར་ངའི་མི་ཚེའི་ནང་དུ་བྱུང་མེད་ཟེར་ན་རྫུན་མིན།
ངོས་གཞན་ཞིག་ནས་བསྙད་ན། ཁ་སང་དེ་རིང་གི་དུས་རབས་གསར་པའི་ཡོ་ལང་ཁྲོད་མི་སྒེར་ཕལ་མོ་ཆེས་དྲ་ཚིགས་རེ་གཉེར་བ་དང་། ཡུལ་དགོན་ཕལ་མོ་ཆེས་དུས་དེབ་རེ་དཔར་བཞིན་མཆིས། དྲ་ཚིགས་རེ་འགས་ཞང་བོད་རྩོམ་རིག་གི་ཞིང་ཁམས་ལ་ཆེས་མཛེས་སྡུག་ལྡན་པའི་ཁོར་ཡུག་སྣུམ་པོ་རེ་སྐྲུན་བཞིན་ཡོད་ན་ཡང་། དྲ་ཚིགས་མང་པོ་ཞིག་ཆོས་ལུགས་དང་གྲུབ་མཐའི་དབར། དགོན་པ་དང་གྲོང་པའི་དབར། གྲྭ་བ་དང་བཙུན་མའི་དབར། བླ་མ་དང་སློབ་མའི་དབར་སོགས་ལ་འགལ་ཟླ་སློང་ས་དང་། ཕན་ཚུན་ཆགས་སྡང་གི་གཏམ་འཁྱལ་འདྲེན་ས་ཁོ་ནར་གྱུར་འདུག་པས་དེ་ལས་ཡིད་ཕང་བ་ཞིག་གང་དུ་མཆིས། དེ་ཙམ་མ་ཟད་སྒེར་གཉེར་དྲ་ཚོམས་མང་པོ་ཞིག་སྙན་ངག་གི་དཔེ་བརྗོད་འབྲི་ས་ཙམ་དུ་གྱུར་འདུག་པས་ད་ལྟའི་རྩོམ་རིག་སྒྱུ་རྩལ་གྱི་སྤུས་ཀ་སྔར་བས་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བཞིན་པའི་ཚོར་བ་གནོན་མི་ཐུབ་པ་ཞིག་གིས་སེམས་མ་བདེ་བར་བསྡད་ཡོད། དེ་བཞིན་རླུང་འཚུབ་ལྟ་བུའི་འགྲན་བསྡུར་འོག་ནས་དུས་དེབ་སོགས་དཔར་སྐྲུན་མང་དྲགས་པས་མཚམས་རེར་རྩོམ་ཡིག་གིས་མི་ཁེངས་པའི་དཀའ་ངལ་དང་རྒྱུན་སྐྱོང་མི་ཐུབ་པའི་སེམས་ཁུར་ཡོད་པ་དངོས་ཡོད་གནས་ཚུལ་པས་རྩོམ་རིག་ལ་དགའ་བའི་མི་བུ་རེ་ཡིན་ན་རྩོམ་རིག་སྒྱུ་རྩལ་གྱི་བསྟན་པར་རྒྱུ་རྐྱེན་མང་པོ་ཞིག་གི་ཕྱོགས་ནས་སྟོང་ཆ་སྐོང་རྒྱུ་ཡོད་པ་སྨྲོས་མེད་རེད།
གནད་དོན་གཞན་ཞིག་ནས་གླེང་ན་གསར་སྐྱེས་རྩོམ་པ་པོ་དག་གི་རྩོམ་རིག་ཤེས་བྱའི་རྨང་གཞི་བརྟན་བརླིང་དུ་གྱུར་རྗེས་ཆུ་བོ་ཞིག་ཡིན་ན་རྫ་གསེང་ནས་ལྷུང་ལྷུང་གིས་བཞུར་ས་དང་། ཐང་དཀར་ཞིག་ཡིན་ན་མཁའ་དབྱིངས་ནས་འཕུར་རྩལ་ངོམས་སར་རྩོམ་ཡིག་རྣམས་དཔར་བསྐྲུན་དང་འགྲེམས་སྤེལ་བྱ་རྒྱུ་ཧ་ཅང་གལ་ཆེ་བ་དང་། དེའང་རྒྱལ་སྤྱིའི་དཔེ་སྐྲུན་ཁྲིམས་ལུགས་ལྟར་དཔེ་སྐྲུན་ཁང་ག་གེ་མོས་རྩོམ་དེབ་དཔར་དུ་བསྐྲུན་པའི་ཐག་གཅོད་བྱུང་རྗེས་དཔེ་སྐྲུན་ཁང་གིས་མ་དངུལ་གཏོང་བ་དང་དཔེ་རྟགས་ཚད་ལྡན་འགོད་པ། དེ་བཞིན་དེབ་ཀྱི་རིན་བབ་དང་བརྒྱ་ཆ་ལ་དཔག་ནས་རྩོམ་པ་པོ་ཚོར་རྩོམ་ཡོན་འབུལ་བ་སོགས་ངེས་པར་དུ་དགོས། འོན་ཀྱང་དེ་ལྟ་བུའི་བོད་ཡིག་དཔེ་སྐྲུན་ཁང་ཚད་ལྡན་ཞིག་རང་ཅག་གི་མིག་སྔར་ཕལ་ཆེར་མེད་པའམ་ཡོད་ཀྱང་ཆེས་ཉུང་བའི་ཚད་དུ་གྱུར་འདུག་སྙམ།
དེ་ལྟའི་རྒྱུ་མཚན་མང་པོར་བརྟེན་ནས་ཕྲན་རང་ཉིད་ཀྱི་དགའ་མོས་ལྟར་ཞང་བོད་ཀྱི་རྩོམ་རིགས་ལ་སྲི་ཞུའི་ནུས་པ་རྩལ་དུ་འདོན་ཕྱིར་༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽་དང་༼བྱ་འཕུར་ཐེབས་རྩ་ཚོགས་པ་༽ཡིས་རྩ་བའི་མ་དངུལ་མཐུན་རྐྱེན་སྦྱར་ཏེ་༼རྒྱལ་གཤེན་བོན་སྒྲ།༽ཞེས་པའི་ཞང་བོད་ཀྱི་རྩོམ་རིག་དྲ་ཚིགས་ཆེ་ཙམ་ཞིག་དང་། ༼རྒྱལ་གཤེན་དཔེ་སྐྲུན་ཁང་༽ཞེས་ཨ་རིའི་གཞུང་ལ་དེབ་སྐྱེལ་དང་རྒྱལ་སྤྱིའི་དཔེ་རྟགས་ཚད་ལྡན་ཐོབ་པའི་དཔེ་སྐྲུན་ཁང་འདི་བཙུགས་ཡོད། ད་ལྟ་བར་དུ་བོད་ཡིག་གི་དཔེ་དེབ་གྲངས་མང་ཙམ་དཔར་བསྐྲུན་གྲུབ་ཡོད་ལ། ད་ལམ་རྩོམ་པ་པོ་སྐྱིད་སྲས་དགེ་ལེགས་ཉི་མའི་སྙན་དེབ་གསར་པ་༼མུན་པའི་གར་༽དཔར་བསྐྲུན་ལེགས་གྲུབ་བྱུང་བར་སྙིང་ནས་དགའ་བ་དང་སྤྲོ་བས་ཁེངས། འདི་བཞིན་མ་འོངས་པར་ཡང་རང་རེའི་རྩོམ་པ་པོ་རྣམས་ཀྱི་རེ་བ་དང་བསམ་བློའི་སྒྱུ་རྩལ་གནམ་གྱི་རྨུ་ཐག་ལ་སྦྲེལ་བའི་ཕྱིར་དང་། ཞང་བོད་རྩོམ་རིག་གི་བསྟན་པ་ཉི་ཟླའི་འོད་ཟེར་ལ་འགེལ་བའི་ཕྱིར་རང་ནུས་ཀྱིས་མཐུན་རྐྱེན་ཞབས་འདེགས་མུ་མཐུད་ནས་བསྒྲུབ་འཆར་ཡོད་པ་བཅས། །
བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས།
དཔེ་སྐྲུན་གསལ་བཤད།
འུ་ཅག་སྒང་བ་ཚང་གི་ཞང་བོད་རིག་པའི་བསིལ་ཆབ་ནི་གངས་རི་དཀར་པོའི་དབུ་རྩེ་ནས་མཆེད་ཅིང་། གངས་ཆབ་སྔོན་མོའི་བཞུར་རྒྱུན་དང་འགྲོགས་པའི་མེས་པོ་གོང་མའི་ཟུངས་ཁྲག་དྲོན་མོའི་བཞུད་ལམ་ཡིན། ཟུངས་ཁྲག་དེ་མཚམས་རེར་རྒྱས་དྲགས་པའི་དབང་གིས་ཞང་བོད་བཙན་པོ་རིམ་བྱོན་གྱི་རླུང་རྟའི་གར་སྟབས་གོ་ལའི་ཤུགས་ཀྱིས་མ་ཐེག་ཅིང་། གར་གྱི་སྟོབས་ཤུགས་ཕྱོགས་བཞིའི་རྒྱལ་མཚམས་སུ་བསྒྱུར་སྐབས་ཁྱིམ་མཚེས་ཁག་གི་གློ་སྙིང་བྲང་གསུམ་ལ་བཟོད་པར་དཀའ་བའི་ཟུག་གཟེར་ཀྱང་མང་དུ་བསླངས་མྱོང་། མཚམས་རེར་མེས་པོ་ཚོའི་འབྱུང་བ་ལྔའི་དབང་ཐང་དང་རླུང་རྟའི་རྒྱལ་མཚན་ལ་དར་གུད་ཐེངས་ཁ་ཤས་བྱུང་བས་ཚེ་སྲོག་གི་དར་སྐུད་དམར་པོ་ཆད་ལ་ཁད་རེ་ཡང་བྱས་འདུག འོན་ཀྱང་མེས་པོ་ཚོའི་ཐུགས་ཀ་ཡེ་ཤེས་ཀྱི་སྲོག་རྩར་སྦྲེལ་བའི་ལ་རྒྱའི་བྲང་ཁོག་ཡངས་ཤིང་ཆོད་སེམས་བརྟན་ལ། འགན་འཁྲིའི་ཕྱག་ལེན་བསྟར་ཞིང་སྟོབས་ཤུགས་བརྩན་པས་གནའ་བོའི་ཟུངས་ཁྲག་དྲོན་མོ་འཁྱག་ལ་མ་སྦྱར་ཞིང་དྲུངས་ནས་མ་སྐམ་པར་ཕྱི་རབས་པ་ང་ཚོའི་བླ་ཡིད་སྲོག་གསུམ་ལ་བསྟིམས་པར་བྱས།
དེས་ན་ང་ཚོར་ཡོད་པའི་འགན་འཁྲི་ནི་རྣམ་ཤེས་སྲོག་རྩར་བརྒྱུས་པའི་ལོ་རྒྱུས་དང་གཏམ་རྒྱུད་བགྲང་སྟེ་ཉི་མཚན་བསྐྱེལ་རྒྱུ་མ་ཡིན་པར་ཐོད་པའི་རུས་པར་འཛུབ་མོས་འཛུགས། སྙིང་གི་ཁྲག་རྩར་ཟུངས་ཤུགས་བསྐྲུན་ནས་ལ་རྒྱ་དང་སྟོབས་ཤུགས་ཀྱིས་བཏེགས་པའི་གླུ་ལེན་དགོས། གར་འཁྲབ་དགོས། མཚམས་རེར་འཇིག་རྟེན་འདི་དཀར་འོད་འོད་ཅིག་ཡིན་པའི་སྣང་བ་སྟེར་ཡང་། དོན་ལ་བསམ་ན་ཆེས་མུན་ནག་གིས་བཏུམ་པའི་མུན་པ་ནག་པོའི་གོང་བུ་ཞིག མུན་པ་མཐུག་པོ་འདིའི་ཁྲོད་ནས་འཁོར་བ་ཟས་སུ་འགམ་པའི་ང་ཚོ་སྟེ། ཆེས་ལྐོགས་གྱུར་དུ་ལུས་པའི་མྱང་འདས་ཀྱི་རྒྱལ་ས་འཚོལ་དགོས། མཁའ་དབྱིངས་སུ་འོད་ཟེར་གྱིས་སྦྲེལ་བའི་རྨུ་ཐག་ལ་ལག་པས་འཇུ་དགོས། ས་གཞིར་འབྲུ་བཅུད་ཀྱིས་སྣུམ་པའི་བྱང་སེམས་ལ་དུང་ཤ་བརླན་དགོས། གཤེན་རབ་ཀྱིས་དཀའ་སྤྱད་ཀྱིས་བསྐྲུན་པའི་ངེས་འབྱུང་གི་ཞབས་རྗེས་སྙེག་དགོས། ཨ་ཕའི་རུས་རྐང་གིས་བཞེངས་པའི་ལོ་རྒྱུས་ཀྱི་ཕ་མཁར་སྲུང་དགོས། ཨ་མའི་ཟུངས་ཁྲག་གིས་བསྐྲུན་པའི་རིག་གནས་ཀྱི་ཕམ་ཁ་གསོ་དགོས། སྤུན་ཟླའི་ངར་ཤུགས་ཀྱིས་བསྐྱེད་པའི་རླུང་རྟའི་བ་དན་འཕྱར་དགོས།
དེས་ན་འདིར་རྩོམ་པ་པོ་སྐྱིད་སྲས་ཀྱིས་མུན་པ་དང་མུན་པའི་བུ་ག་ཉུལ་ནས་འོད་ཀྱི་ཟེགས་མ་གར་དུ་སྤུངས་ཞིང་། གསང་བ་དང་གསང་བ་ཉུལ་ནས་མེ་ལྕེའི་འོད་ཟེར་ལག་པས་སྒུམ། ཁེར་རྐྱང་དུ་ལུས་པའི་རྐང་ལམ་ནས་སྒུམ། འུར་ཟིང་གིས་གཏམས་པའི་གྲོང་ཁྱེར་ནས་སྒུམ། ངེས་འབྱུང་གིས་བཅིངས་པའི་གཟན་འོག་ནས་སྒུམ། འཆད་རྩོད་ལ་བྲེལ་བའི་བར་གསེང་ནས་སྒུམ། སྒོམ་སྒྲུབ་ལ་གཟབ་པའི་བསྙེན་མཚམས་ནས་སྒུམ། སྐྱོ་ལྷུང་ལྷུང་གི་མིག་ཆུ་ལས་སྒུམ། དགའ་ལྷང་ལྷང་གི་དགོད་སྒྲ་ལས་སྒུམ། དེས་ན་སྐྱིད་སྲས་ཀྱིས་མུན་ཁྲོད་ནས་རྙེད་པའི་འོད་ཟེར་གྱི་ཐིགས་པ་རེ་རེ་ཞང་བོད་རིག་གནས་ཀྱི་མཚོ་མོར་ལྷུང་བའི་བདུད་རྩི་རེ་རེ་དང་། གངས་རིའི་རྣམ་ཤེས་ཀྱི་སྲོག་རྩར་བརྒྱུས་པའི་ཟུངས་ཤུགས་གསོན་པོ་རེ་ཡིན་པའི་ཚོར་བ་ཤུགས་ཀྱིས་རྒྱས་ཤིང་སྣང་བ་གར་གྱིས་བརྩེན།
སྐྱིད་སྲས་ལགས། ཁྱོད་ཀྱིས་གར་དུ་བསྐྲུན་པའི་འོད་ཟེར་གྱི་སྣེ་མོ་དེ་དག་གིས་མུན་པ་ཁད་ཀྱིས་བསྲུབས་ཤིང་མུན་པ་གཏིང་ནས་སྔོག མུན་པའི་མདུན་ནས་མཆོང་ཞིང་མུན་པའི་རྒྱབ་ནས་རྩེད། མུན་པའི་རྩེ་རུ་མཆེད་ཅིང་མུན་པའི་གཏིང་དུ་འཛུལ། མུན་པའི་སླས་རར་འབར་ཞིང་མུན་པའི་གྲོང་དུ་འཕྱོ། མུན་པའི་སྙིང་ཁར་འཁྱུད་ཅིང་མུན་པའི་རུམ་དུ་ཡུར། ཁྱོད་ཀྱི་རྨི་ལམ་དང་བསམ་གཞིགས། ཁྱོད་ཀྱི་ཕུགས་བསམ་དང་བརྩེ་བ། ཁྱོད་ཀྱི་ཡོད་ཚད་ཐམས་ཅད་མུན་པའི་དཀྱིལ་ནས་མཆོང་སྟེ་གར་གྱི་འོད་ཟེར་ལ་སྦྲེལ་ནས་བཞེངས་འདུག
མདོར་ན། རྩོམ་པ་པོ་སྐྱིད་སྲས་ཀྱིས་མུན་པའི་འཇིག་རྟེན་ལས་གར་དུ་བསྐྲུན་པའི་འོད་ཟེར་གྱི་གར་སྟབས་མྱུར་མོ་དེ་དག་དུས་ཡུན་ཅུང་རིང་པོར་ཁོང་གིས་བློས་བསླངས་སུ་བསྒོམས་པ་དེ་ཉིད་དེ་རིང་༼རྒྱལ་གཤེན་དཔེ་སྐྲུན་ཁང་༽གིས་དངོས་སུ་དཔར་བསྐྲུན་བྱས་ཡོད་པས་ཀློག་པ་པོ་རྣམས་ཀྱི་ཐུགས་འདོད་ཇི་ལྟར་སྐོང་ཐུབ་པའི་རེ་བ་དང་སྨོན་པས་ཁེངས། ཁོ་བོ་གཙོ་སྒྲིག་པའི་ངོས་ནས་མུན་པའི་གར་གྱི་རྩོམ་ཡིག་རེ་རེར་འགྲེལ་རེ་བརྗོད་དགོས་དོན་གཏན་ནས་མེད་དེ། གཤམ་དུ་སྐྱིད་སྲས་ཀྱི་རྩོམ་ཡིག་ལ་རིང་ནས་ཆ་རྒྱུས་ཆེ་བའི་གཞིས་ཀྱི་རྩོམ་པ་པོ་རྒན་ཁྱུང་བཟང་སོགས་དང་། བྱེས་ཀྱི་རྩོམ་པ་པོ་བོན་བརྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ཆེད་དུ་དཔྱད་བརྗོད་དང་གླེང་བརྗོད་སྤེལ་བ་དག་གིས་མ་འཐུས་པ་གང་ཡང་མེད་པས་སོ། །
ཁ་བྲོ། བཀྲ་ཤིས།
བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་ཨ་རིར་བརྟན་གཞི་བྱས་པ་
༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽ནས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༡༥ ཉིན།
བསམ་ཚུལ་ཕྲིས།