ཇ་མངར་མོ་ཞིག་གི་ཚབ་མཚོན་སྙན་ངག
རྩོམ་ཡིག་འདི་ཐེངས། 1271 བཀླགས་འདུག
ཕྱི་རུ་གད་སྙིགས་མང་ན་ཡང་།།
ནང་དུ་སེམས་ཁམས་སྐྱིད་པ་ཡི།།
རྡུལ་གྱིས་གཡོག་པའི་སྲང་ལམ་ནས།།
རེ་ཞིག་མཐོང་སྣང་འདི་འདྲ་བྱུང་།།
ལྟོ་བ་འགྲང་ཙམ་བྱུང་ན་ཡང་།།
མེད་མུག་ཁ་ནས་མི་འདོན་པར།།
རང་ཁ་རང་གསོའི་བྱ་བཞག་ལ།།
ནམ་ཡང་བྲེལ་བའི་ལས་ལ་བརྩོན།།
མངར་མོའི་ཆ་དང་སྣུམ་བཅུད་ཀྱིས།།
ཟས་རིགས་ཕལ་ཆེར་ཁྱབ་ན་ཡང་།།
སྨན་གྱིས་མི་ཐུབ་ནད་ཉུང་ཞིང་།།
ཚེ་ཐག་ཤིན་ཏུ་རིང་བོར་འཚོ།།
གཞན་ལ་འཁོན་དང་འཐབ་འཛིང་སྐབས།།
གྲི་སོགས་མཚོན་ལ་མི་རེ་བར།།
ཁ་རྩོད་འདོད་པ་ཚིམས་པ་རེས།།
རྒྱལ་ཕམ་ཐག་གཅོད་བྱེད་ཀྱང་ངོ།།
རིགས་ཀྱི་མཆོག་དམན་ལྟ་བ་ཡིས།།
མགར་བ་ལྷམ་བཟོ་སྐྲ་སྦྱར་སོགས།།
ཁྱིམ་གྱི་ཐབ་རྩར་ཡོང་བ་ལའང་།།
རྣམ་རྟོག་དང་བཅས་འཛེམས་པར་བྱེད།།
ཕོ་ལས་མོ་རིགས་དབང་ཆེ་ཞིང་།།
སྐྱེས་པས་བུད་མེད་གཙུག་ཏུ་བཀུར།།
བཟའ་ཟླ་ཁ་འཐོར་འགྲོ་བའི་རིགས།།
ཉིན་མོའི་སྐར་མ་བཞིན་དུ་ཉུང་།།
མི་ཚོགས་མང་པོའི་དབུས་སུའང་།།
སྐྱེས་པས་མཚན་མ་འཕུལ་བ་དང་།།
རྟུག་དྲིས་སྲང་ལམ་ཁྱབ་པ་ལ།།
ངོ་ཚའི་ཟོལ་ཙམ་བྱེད་མ་ཡིན།།
ཚ་བ་ཆེ་བའི་རྐྱེན་གྱིས་སམ།།
སྒོག་ཙོང་གསོན་ཟར་གོམས་པ་ཡིས།།
རྒན་གཞོན་བྱིས་པ་ཁྱད་མེད་པར།།
ལུས་ལས་བསེ་དྲི་ཐིལ་ལེར་འཐུལ།།
“འཕུང་རྐུབ་ལག་པས་འཕྱི་བ་དང་།།
ཟས་ཀྱང་ལག་པས་བཟའ་བ་སོགས།།
རང་ལ་འཕྲོད་ཀྱང་གཞན་བཙོག་པའི།།
ལུགས་སྲོལ་ཨ་མཚར་འདི་འདྲ་ཡོད།།
བྷ་ག་ལིངྐར་མཆོད་ཅིང་དད།།
སྡིག་སྒྲིབ་ཆུ་ཡིས་དག་པར་སྐད།།
ལུས་ལ་མནར་གཅོད་ཚད་མེད་པའི།།
དཀའ་ཐུབ་སྤྱོད་པ་གྲངས་ལས་འདས།།”
ལྟོ་ལྡིར་གཟུགས་སྟོབས་རག་པ་འདི།།
འབྲས་རྡལ་ཟོས་པའི་འབྲས་བུར་གྲགས།།
ཤ་མདོག་གནག་ཅིང་སྣུམ་པ་འདི།།
ཆུང་དུས་སྣུམ་གྱིས་བྱུགས་པའི་ལན།།
ཕོ་སྐྱེས་ཕལ་ཆེར་གཤིས་ཀ་ནི།།
རྒྱུ་ལ་ཤ་ཁྱི་བཞིན་དུ་འདུར།།
བུད་མེད་གཟུགས་ཙམ་མཐོང་གྱུར་ཚེ།།
མིག་འབུར་ཕྱི་ལ་ཐོན་གྲབ་བྱེད།།
མོ་སྐྱེས་ཕལ་ཆེར་གཤིས་ཀ་ནི།།
ཁྱིམ་དུ་འདུག་ཅིང་ཟས་གཡོ་དང་།།
སྐྱེས་པའི་འདོད་པ་ཁེངས་གྱུར་བས།།
མི་ཚེའི་ལས་ཀ་འགྲུབ་པར་འདོད།།
སྐྱེས་པའི་སྣ་གདོང་ཟོར་བ་དང་།།
བུད་མེད་མིག་རིས་མཛེས་པ་སོགས།།
བྱད་གཟུགས་ཧ་ཅང་ལེགས་པའི་རིགས།།
དབང་ཕྱུག་ཆེན་པོས་བཀོད་པར་རློམ།།
ཆོས་ལུགས་འདྲ་མིན་མཆིས་ན་ཡང་།།
གཙོ་དང་མཐའ་ཡི་སྤྲང་པོའི་བར།།
དབང་ཕྱུག་ཆེན་པོའི་རལ་བ་ཡིས།།
ཕལ་ཆེར་གཅིག་ཏུ་སྦྲེལ་འདུག་གོ།
ཕྱུག་པོས་འཛམ་གླིང་རྩེ་ནས་བལྟ།།
མཛེས་མས་འཛམ་གླིང་དབུ་རྒྱན་གསོལ།།
སྤྲང་ཚོགས་ཚ་བས་སྲེག་སྟེ་འཆི།།
ཆ་སྙོམ་མེད་པའི་རི་གྲོང་ཞིག།
བྱ་བ་གང་ཞིག་བཅོལ་ན་ཡང་།།
དུས་ཐོག་འགྲུབ་པ་མི་བྱེད་པར།།
ལེ་ལོའི་རྒྱ་རུ་ཚུད་པའམ།།
ཕྱི་བྱོལ་བྱེད་པ་ཀུན་གྱི་གཤིས།།
རང་ལ་ཁེ་ཞིག་མ་བྱུང་ན།།
གཞན་ལ་སྐར་གང་མི་གཏོང་བས།།
བྱ་བ་གང་ཞིག་རྩོམ་ན་ཡང་།།
རང་དོན་ཁོ་ནས་ཉིན་མཚན་སྐྱེལ།།
ལྷས་སྦྱིན་སྲིད་འཛིན་མོ་ངྷེ་ཡིས།།
ལྐོག་ཟ་རུལ་སུང་ཁ་སྒོ་རུ།།
སྐྱག་པ་སྒྱེ་མོ་གང་བླུགས་ཀྱང་།།
ད་དུང་ལྐོག་ནས་སྣོམ་པར་བརྩོན།།
ཡུལ་མིའི་རང་སྐད་མ་གོ་ཡང་།།
དང་པོར་འདྲིས་དང་གཤིབ་པ་སླ།།
བར་དུ་ཁེ་ཞིག་མ་རེག་བར།།
མཐའ་མར་གློད་པ་ཉུང་ཉུང་ཡིན།།
ཐམས་ཅད་དེ་ལྟར་མིན་ན་ཡང་།།
ཕལ་ཆེར་འདི་རུ་གཏོགས་པ་ཡིན།།
ད་དུང་ཡིད་ཆེས་མ་བྱུང་ན།།
སྲང་དུ་ཉུལ་ནས་རིམ་གྱིས་དཔྱོད།།
མགོ་ནག་བོད་མིའི་ངག་རྒྱུན་དུ། །
འཕགས་པའི་ཡུལ་ཞེས་བསྟོད་ན་ཡང་།།
མི་ལོ་བཅོ་ལྔར་གནས་བྱས་སྐབས།།
འཕགས་པ་གཅིག་ཀྱང་མ་མཇལ་ཐ།།
ཤཱཀྱའི་རྒྱལ་སྲས་འདི་ནས་འཚར།།
དམ་ཆོས་འཁོར་ལོ་འདི་ནས་བསྐོར།།
འོན་ཀྱང་ཤཱཀ་ཐུབ་རྗེས་འཛིན་དངོས།།
ཤཱཀྱའི་ཁྱིམ་གཞིར་མ་སྟོང་ཙམ།།
དེ་སྐད་སྲང་ལས་རྙེད་གྱུར་ཞིང་།།
རང་བཞིན་བརྗོད་པའི་ཁུལ་བྱས་པའི།།
ཇ་ཐུན་གཅིག་གི་སྙན་ངག་འདི།།
མངར་ཇ་ཞིག་གི་ཚབ་མཚོན་ཙམ།།
།
བསམ་ཚུལ་ཕྲིས།