རྩེ་ཞིག་ཚང་གི་སྐུ་བསྟོད་ནོར་བུ་འོད་འབར་དགོས་འདོད་ཀུན་འབྱུང་།
རྩོམ་ཡིག་འདི་ཐེངས། 711 བཀླགས་འདུག
མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཕྲེང་བ་ལས།།
ཡང་རྩེ་མཆོག་གྱུར་བླ་མེད་རྩེ་ཞིག་པ།།
མདོ་སྨད་བསྟན་དང་འགྲོ་བའི་མགོན་པོ་ཆེ།།
ཤེས་རབ་མཁའ་ལ་འཆར་བའི་ཟླ་བ་མཆོག།
།
བྱམས་པའི་མཚོ་དང་སྙིང་རྗེའི་གཏེར་ཆེན་པོ།།
བརྩེ་བའི་བདག་དང་བདེ་བའི་མགོན་པོ་ཆེ།།
མཐོང་བ་ཀུན་གྲོལ་སྐྱབས་རྗེ་རྩེ་ཞིག་པ།།
རྫོགས་སངས་མ་རྒྱས་བར་དུ་རྗེས་སུ་ཟུངས།།
།
རིག་པའི་ཉི་མ་ཐབས་ཀྱི་ཕུང་པོ་དང་།།
རྟོགས་པའི་མཛོད་དང་ལུང་གི་རྗེ་བོ་ལགས།།
མདོ་སྨད་བྱང་གི་བསྟན་པའི་རྒྱལ་མཚན་ཉིད།།
རང་གྲོལ་རིག་པའི་རྩལ་ཁྱེད་འབར་བ་སྨོན།།
།
མཚན་ལྡན་དཔལ་དང་དཔེ་བྱད་རྫོགས་པ་ཡི།།
སྐུ་ལ་མདངས་འཕྲོས་གསུང་ལ་དབྱངས་སྙན་པ།།
དད་པའི་ལྷུན་པོ་བྱིན་གྱིས་སྒུལ་བྱེད་པའི།།
སྐུ་མཆོག་ཟླ་མེད་བོན་རྗེ་ཡིད་བཞིན་ནོར།།
།
ཚུལ་ཁྲིམས་དྭངས་ལ་བརྩོན་འགྲུས་གཡུང་དྲུང་གཤིས།།
བསླབ་པ་ཟབ་ལ་བཟོད་པ་མཐའ་ཡས་སོ།།
ཏིང་འཛིན་ངོ་བོས་གནས་ལུགས་བརྟོལ་མཁས་པ།།
ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་ཟླ་མེད་སྐུ།།
།
ཞུ་དུལ་སྤྱོད་པར་སྙིང་རྗེའི་སྟོབས་མངའ་ཤིང་།།
གཞན་ཕན་བསམ་པར་འོ་མའི་མདངས་དོད་པའི།།
རྒྱལ་སྲས་སེམས་དཔའི་རྣམ་པར་སྤྲུལ་བ་ཡི།།
མགོན་པོ་ཁྱེད་ནི་ལྷ་མའི་གཙུག་གི་རྒྱན།།
།
གདོད་ནས་དག་པའི་ཀུན་གཞི་དཀར་པོ་ལས།།
ཚོགས་གཉིས་ས་བོན་རབ་ཏུ་རྒྱས་པ་དང་།།
ལས་འབྲས་ལོངས་སྤྱོད་རྫོགས་པའི་ཞིང་ས་ནས།།
བདེན་གཉིས་བོན་གྱི་འབྲུ་དྲུག་ཕངས་མེད་སྩོལ།།
།
རྣམ་དཔྱོད་རྟ་ཕོ་གྱི་ལང་གཤོག་ཐོགས་དེ།།
ལྷོ་རྒྱལ་འཛམ་བུའི་གླིང་འདིར་རྒྱུགས་བཞིན་དུ།།
མཛད་རྗེས་གསེར་གྱི་རི་བོ་གཅིག་འཕྲོར་གཅིག།
བཞག་དང་འཇོག་པའི་འཕྲིན་ལས་ཨེ་མ་ཧོ།།
།
ཐུགས་རྗེ་ཐབས་མཁའི་ཁྱུང་ཆེན་སྨུག་པོ་ཁྱེད།།
ཐེག་དགུ་བརྟོལ་ནས་འཕུར་བའི་བློ་སྤོབས་རྫོགས།།
ཉོན་མོངས་ལྷུན་པོ་གནོན་པའི་སྲིད་ཤུགས་མངའ།།
སྲིད་ན་དཔའ་བའི་དགེ་སྦྱོང་གཤེན་རབ་པ།།
།
ལུས་སྲོག་འཛེམ་མེད་བསྟན་འགྲོའི་དོན་དུ་འདུར།།
སྐུ་ཚེ་ཆ་ཚང་མདོ་སྔགས་གཞུང་ལ་བསྟིམས།།
གངས་ཅན་རིག་པ་སྐྱོང་བའི་གངས་སེང་ཁྱེད།།
སེང་གེ་སྲབ་མེད་ཅེས་སུ་ཡང་ཡང་བསྔགས།།
།
རིག་པའི་ཀློང་ནས་རང་གདེངས་མི་ཡལ་བར།།
གནས་ལུགས་རྗེན་པར་རྟོགས་པའི་བློ་གྲོས་ལ།།
རྣམ་དཔྱོད་དབལ་ཁ་སྤུ་གྲི་ལྟར་རྣོ་བའི།།
གདོད་ནས་དག་པའི་མགོན་པོར་གུ་ཏུན་ཧྲུན།།
།
ངེས་མེད་གདམས་པའི་ཆར་ཆེན་མི་ཆད་པར།།
གང་ལ་གང་མཁོ་དེ་ལ་དེར་འཇོ་བའི།།
སྤྲུལ་བའི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྐུ།།
སྙིགས་དུས་ཐན་པ་གནོན་པའི་བདུད་རྩིའི་བཅུད།།
།
ཞི་བའི་སྐུར་བཞེང་མ་ཧ་ཆོས་རྗེ་སྐུ།
དབང་གི་སྐུར་ངེས་ཁྱུང་དཀར་ཚངས་པ་ཉིད།
དྲག་པོའི་སྐུར་ཁྲོས་ཁྲོ་གཉན་རྒྱལ་མཚན་ཅན།།
དོན་གྱི་བདག་པོ་སེམས་དཔའ་དཀར་པོ་འོ།།
།
གྱེར་བསྟན་ཀ་ཆེན་འདེགས་པའི་གྱད་པོ་ཆེ།།
གྱེར་བསྟན་ནོར་བུ་སྲུང་བའི་བྱ་ར་བ།།
གྱེར་བསྟན་ཕྱོགས་སུ་སྤེལ་བའི་བྱ་མ་རྟ།།
གྱེར་བསྟན་རྒྱ་མཚོ་བསྐྱིལ་བའི་ཁྲོ་གཉན་སྐུ།།
།
རྩེ་དབུས་ལྷ་ཡི་སྡེ་ཆེན་རིང་མོ་ནས།།
རྩེ་དབུས་བུ་འདི་ཁ་བའི་ལྗོངས་ལ་གྲགས།།
རྩེ་དབུས་མེས་པོའི་ཁོག་དཔུང་ལ་རྒྱ་སྲུང་།།
རྩེ་དབུས་སྙིང་འདི་བསྐལ་བརྒྱར་གསོན་པར་སྨོན།།
།
ཞེས་པ་འདི་ནི་གཡུང་དྲུང་བོན་མཉམ་འབྲེལ་ཚོགས་ཀྱི་སྐབས་གཉིས་པའི་ཚོགས་གཙོ་ཆེན་མོ་བདག་གི་དཔལ་ལྡན་རྩ་བའི་བླ་མ་དོན་གྱི་སླད་དུ་མཚན་གྱིས་སྨྲས་ན་རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ཉི་མའི་ཆ་ཤས་ཀྱི་ཡང་ཤས་ཙམ་བློ་དམན་ཐ་ཤལ་པ་གཡུང་དྲུང་ལྷུན་འགྲུབ་ཀྱི་བློ་ངོར་ཤར་བ་གང་ཞིག་མཁའ་འགྲོའི་གསང་གཅོད་ཀྱི་བླ་གནས་ཆེན་མོ་རྨ་རྒྱུད་སྐུ་བླ་བྲག་དཀར་གྱི་ཉེ་འདབས་སུ་སྦྱར་བ་དགེ་ལེགས་འཕེལ། །
བསམ་ཚུལ་ཕྲིས།