བདག
རྩོམ་ཡིག་འདི་ཐེངས། 1404 བཀླགས་འདུག
/
ངུར་སྨྲིག་དམར་པོས་རང་ལུས་མེ་ཏོག་དེ་བརྒྱན་ཞིང་།།
གཙང་གཙུག་ཉེར་ལྔས་རང་སེམས་གཡུང་དྲུང་དེ་སྤུད་པའི།།
འདི་འདྲའི་ལུས་རྟེན་བཟང་པོ་གྱང་ངོས་ཀྱི་ནས་འབྲུ།།
ལས་འབྲས་རྒྱལ་ཁྲིམས་བསྲུངས་བའི་འབྲས་བུ་ལས་སྨིན་བྱུང་།
/
སྐྱིད་སྡུག་མཉམ་དུ་རོལ་བའི་དཔེ་དེབ་དང་ལྷན་དུ།།
མི་ཚེ་བོན་ལ་སྦྱར་བའི་ལས་དབང་གི་འོག་ནས།།
ལུས་སེམས་བདེ་སྐྱིད་འདི་འདྲའི་དགའ་སྤྲོ་ཡི་དལ་རྟེན།།
ཚུལ་ཁྲིམས་མ་དོར་བསྲུངས་བའི་ལས་འབྲས་ལས་སྨིན་བྱུང་།།
/
ཚེ་བསྟོད་སྙན་རྩོད་གཉིས་ཀྱི་གཞུང་ལམ་ནས་བགྲོད་ཅིང་།།
ཚེ་སྨད་དགའ་སྐྱིད་འཛོམས་པའི་བཤེས་གཉེན་ཞིག་བྱས་ན།།
ཚེ་བསྟོད་ཚེ་སྨད་འདི་འདྲར་དགའ་སྐྱིད་ཀྱིས་སྤུད་པ།།
ཚེ་འདིར་བསམ་པའི་ལམ་འདིས་གནང་བ་ནི་ཡིན་ནོ།།
/
གསར་རྩོམ་སྙན་ངག་རིང་མོ་སྨྱུག་འགོ་ནས་བཞུར་ཞིང་།།
ལས་འབྲས་གནམ་ལྕགས་ཕུར་བ་སེམས་ཁོངས་སུ་རྡེབ་ཞོར།།
དོན་ལྡན་མི་ལུས་འདི་འདྲ་ཁོ་བོ་ལ་དབང་ཞིང་།།
སྐྱབས་མཆོག་དཔོན་གསས་བླ་མའི་ལམ་སྟོན་ཞིག་བྱས་བྱུང་།།
/
ཀླད་པ་དཀར་པོ་མཛེས་པའི་དཔེ་དེབ་ལ་བཀོལ་ཞིང་།།
མིང་བརྡ་རྫིག་པོ་དཀར་པོའི་ཤོག་ངོས་སུ་ཕབ་པས།།
སྐྱོ་སེམས་དྲན་པ་སྙན་ངག་སྨན་མཆོག་གིས་གསོས་པ།།
ཚོར་བ་མིང་ཚིག་འགའ་ལས་བྱུང་བ་ནི་ཡིན་མོད།།
/
དྲན་པའི་སྐུད་པ་ངུར་སྨྲིག་རས་གཟན་ལ་བསྲེང་ཞིང་།།
བསམ་པའི་ཁ་ཕྱོགས་ཉམས་ལྡན་མི་ལུས་ལ་འཁོར་བ།།
གསོན་ཉམས་རིན་ཐང་ལྡན་པའི་ལུས་རྟེན་ཞིག་རྙེད་པ།།
ད་སྐབས་སྔོན་དུ་འབྱོར་བའི་ལམ་དཀར་ཞིག་ཡིན་ནོ།
/
མེས་པོའི་ལོ་རྒྱུས་རྡོ་རིང་སེམས་ཁོངས་སུ་ཉར་ཞིང་།།
བོན་ཅེས་མིང་ཚིག་རྫིག་པོ་མཁའ་དབྱིངས་ལ་སྒྲེང་པའི།།
སེམས་པ་བོན་དང་འཕྲད་པའི་འདི་འདྲ་ཡི་ལས་དབང་།།
སྐྱེས་སྔོན་དགེ་སྒྲུབ་བྱས་པའི་འབྲས་བུ་ནི་ཅིས་མིན།།
/
2017.6.16.ལ།
བསམ་ཚུལ་ཕྲིས།