གཡུང་དྲུང་བོན་༡གྱི་རིག་གནས་དང་འབྲེལ་བའི་ས་ཡ་དྲུག་གི་འཆམ་མཐུན་གླེང་བ།

རྩོམ་ཡིག་འདི་ཐེངས། 2016 བཀླགས་འདུག


Screen Shot 2017-04-16 at 9.25.59 AMསྔོན་འགྲོའི་འབོད་དབྱངས།

   བོན་༢གྱི་རིག་གནས་ཞེས་པ་ནི་གཙོ་བོར་གཡུང་དྲུང་བོན་གྱི་བསྟན་པའི་དགོངས་དོན་གཙོ་བོར་བྱས་པའི་འགྲོ་བ་མི་རྣམས་ཀྱི་ཚེ་འདིའི་བདེ་བ་དང་ཕན་ཡོན་སྒྲུབ་པ་དང་ཚེ་ཕྱི་མ་བདེ་བའི་གོ་འཕང་སྒྲུབ་བྱེད་ཀྱི་ཐབས་ཏེ་མདོ་སྔགས་རྗོགས་གསུམ་སོགས་ང་ཚོ་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམངས་སྲོལ་ལ་སོགས་གང་ཐད་དུའང་གནའ་ནས་ད་བར་དུ་རྒྱུན་ཆགས་སུ་སྤྱོད་པའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ལ་ཟེར་རོ།༣

དེ་ལྟར་བོན་གྱི་རིག་གནས་བྱུང་འཕེལ་ཁྲོད། ལག་ལེན་དངོས་ཀྱི་ནང་རིག་གནས་འཆམ་མཐུན་ཇི་ལྟར་བྱེད་ཚུལ་དང་གཞུང་ལུགས་གཅིག་གི་མ་ལག་ཅིག་ད་བར་གྲུབ་མེད། དེ་བས་ཀྱང་། མང་པོ་ཞིག་ཁ་འཐོར་དུ་འགྲོ་བ་དང་གོ་རིམ་མེད་པའི་ངང་མི་རིགས་གཅིག་གི་དབར་ན་བར་ཐག་ཇི་རིང་དུ་འགྲོ་བ་ལས། ཆོས་ལུགས་གཅིག་དང་རིག་གནས་གཅིག་གི་བསམ་བློའི་འདུ་ཤེས་ཆ་ཚང་ཞིག་ད་ཕན་བྱུང་མེད། དེས་ན་ཕྲན་ལྟ་བུ་རིག་གནས་གཞུང་ལུགས་ཀྱི་བྱང་ཚད་དམན་ཞིང་། ལྷག་པར་དུ་བོན་གྱི་ལོ་རྒྱུས་སྐོར་ལ་ལྟ་རྒྱ་ཐོས་རྒྱ་ཆུང་བ་ཞིག་གིས་སྔར་མེད་ཀྱི་གནས་ལུགས་རྔོ་མི་ཐུབ་མོད། རེད་དེ་འདས་པའི་མི་ལོ་འགའི་ནང་རིག་གནས་འཆམ་མཐུན་དང་སྤྱི་ཚོགས་མཐུན་ལམ་སྐོར་ལ་དཔྱད་རྩོམ་འགའ་རེ་བྲིས་ནས་དོ་སྣང་ཕྲན་བུ་བྱས་པའི་ཉམས་མྱོང་གཞིར་བཟུང་ཐོག ཕྲན་ནས་ཀྱང་ཁ་ཞེ་གཉིས་མེད་དང་། ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ་གཡུང་དྲུང་བོན་གྱི་རིག་གནས་དང་འབྲེལ་བའི་ས་ཡ་དྲུག་གི་འཆམ་མཐུན་གླེང་བ། ཞེས་མི་རིགས་འཆམ་མཐུན་དང་འབྲེལ་བའི་སྙིང་གཏམ་འགའ་སེམས་ཀྱི་རེ་བ་གཅིག་ཏུ་འདྲིས་པའི་ངའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཚོ་ལ་ཞུ་འདོད་ཀྱི་མོས་པ་དང་། དམ་བཅའ། རེ་བ་སོགས་ཀྱི་དཔྱད་གླེང་ཐུང་ཐུང་འདི་སྔོན་འགྲོའི་འབོད་དབྱངས་ཙམ་གྱི་ཚུལ་དུའོ།

ས་བཅད་དང་པོ། བོན་གྱི་རིག་གནས་དང་འབྲེལ་བའི་མི་རིགས་འཆམ་མཐུན་གྱི་གནས་བབས།

དེ་ཡང་མི་སྒེར་རང་བཞིན་གྱི་རྟོགས་སད་ནི་མི་རིགས་ཤིག་གི་རིག་གནས་འཆམ་མཐུན་ཡོང་བའི་ཐོག་མའི་ཆ་རྐྱེན་ཡིན་ལ། མི་སྒེར་དེ་དག་ལ་ཡང་བློ་གཟུར་གནས་ཀྱི་བསམ་སྤྱོད་དང་དབྱེ་ཞིབ་ཀྱི་རིག་སྟོབས་ལྡན་དགོས་ཏེ།  དུས་རབས་ཉེར་གཅིག་པའི་བོད་ཕྱི་ནང་མཁས་པའི་གར་སྟེགས་ཐོག་བོན་གྱི་ཆོས་ལུགས་དང་། རིག་གནས། གོམས་གཤིས་སོགས་ཀྱི་སྐོར་ལ་ལྟ་ཚུལ་དང་སྣང་ཚུལ་མི་མཐུན་པ་དུ་མ་ཞིག་ཡོང་ནས་བོན་གྱི་དཔེ་རྙིང་དང་། ཏུང་ཧོང་ཡིག་རྙིང་ལ་སོགས་ལས་དཔེ་ཆ་མང་པོའི་ནང་ལ་སྔར་མེད་ཀྱི་གནས་ཚུལ་དང་སྣང་ཚུལ་ལས་འདས་པའི་གཅིག་ཕན་གཉིས་མཐུན་གྱི་ཤེས་བྱ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དེ་རེད། དེ་དག་ཡང་མི་སྒེར་བྱེ་བྲག་པ་དག་གི་རྟོགས་སད་ལས་བྱུང་འདུག་སྙམ། དེ་ལྟ་བུའི་རྟོགས་སད་ནི་གྲུབ་མཐའི་ཕྱོགས་འཛིན་ལས་འདས་པའི་བསམ་བློ་བ་དང་། ཤེས་རིག་སྣ་འཛོམས་ཅན་གྱི་མཁས་པ་དག་གི་རང་གི་ཁྱིམ་རྒྱུད་གཅིག་གི་ནོར་བུ་ལ་བཟུང་བའི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་།

༡༽ཐ་སྙད་མི་གཙོ་གནས་ལུགས་གཙོ་བའི་འཆམ་མཐུན།

ཚུལ་མཐུན་གྱི་བསམ་བློ་དང་། རྣམ་དཔྱོད་ལ་ཡིད་རྟེན། ཡར་སྐྱེད་ཀྱི་འདུ་ཤེས། འཕེལ་རྒྱས་ཀྱི་འདུན་པ་སོགས་མེད་སོང་བའི་མི་རིགས་ཤིག་ལ་མཚོན་ནས་བརྗོད་ན། ད་དུང་ཐ་སྙད་སྐམ་པོ་འགའ་ལ་མགོ་འཁོར་ནས་དཔྱད་ཤེས་འཚོལ་བའི་གནས་ལུགས་ལ་དེ་ཙམ་གྱི་དོ་སྣང་མེད་པས།བོན་ཀྱི་བདེན་པ་སྨྲ་བའི་མཁས་པ་དང་། རང་དོན་མི་གཙོ་གཞན་དོན་གཙོ་བོར་འཛིན་པའི་རིག་གནས་དཔྱད་བརྗོད་པ་ཀུན་ལ་ལྟ་བའི་བསམ་བློ་ཞིག་ད་དུང་བོད་ཀྱི་སྤྱི་ཚོགས་ཁྲོད་ན་མེད། རྒྱུ་མཚན། རང་རྟོགས་ཀྱི་རྣམ་དཔྱོད་མེད་པར་གཞན་བརྗོད་ཀྱི་རྔ་མ་བྱེད་བཞིན་ཐ་སྙད་འགའ་ལ་རྨོངས་དྲགས་པ་ལས། གཞུང་ལུགས་ཀྱི་རྩ་བ་དང་། རིག་གནས་ཀྱི་འཆམ་མཐུན་ལ་ཕྱོགས་པའི་བསམ་བློ་བ་ཉུང་།  བོད་ཀྱི་རིག་གནས་གཙོ་བོར་བྱས་པའི་མི་རིགས་འཆམ་མཐུན་ཡོང་བ་དང་། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་འཆམ་མཐུན། རྒྱལ་ཁབ་འཆམ་མཐུན་སོགས་ཀྱི་སྐོར་ལ་མི་མང་སྤྱི་ལ་དེ་ཙམ་གྱི་ཤེས་རྟོགས་ལེགས་པོ་ཞིག་མེད་དོ། གང་ལ་ཞེ་ན། བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་བོན་གྱི་རིག་གནས་ཕྱོགས་ལ་ལྟ་བའི་མི་སྒེར་རང་རང་གི་རྟོགས་སད་ཧ་ཅང་ཞེན།

༢༽ ཕྱོགས་རེས་མི་གཙོ་འཆམ་མཐུན་གཙོ་བའི་རྟོགས་སད།

མི་སྒེར་བྱེ་བྲག་པ་རེ་རེའི་ལྟ་བ་དང་ལངས་ཕྱོགས་ལ་དཔྱད་ན་མི་རབས་ནས་མི་རབས་དབར་བོན་ཞེས་པའི་ཐ་སྙན་འདི་ལ་རྒྱུས་ལོན་གསལ་བོ་ཞིག་བྱུང་མེད་པས། འདིའི་རིག་གནས་དང་། ཆོས་ལུགས། གོམས་གཤིས། སྤྱི་ཚོགས། མི་རིགས་སོགས་ཀྱི་ཤེས་རིག་ཆེས་ཐུན་མོང་བ་ཡོངས་དང་བོད་ཀྱི་སྤྱི་ཚོགས་དབར་ན་བར་ཐག་རིང་པོ་ཞིག་ཕྱེས་ཡོད་པ་དེ་ཡང་མི་སྒེར་རང་བཞིན་གྱི་རྟོགས་སད་དང་འབྲེལ་ཆེ། ལྷག་པར་དུ་ཕྱི་གླིང་པ་དང་བསྡུར་ན་བོད་རང་གི་མཁས་པའི་ཁྲོད་ནས་བོན་ལུགས་ཀྱི་གཞུང་ལུགས་ལ་སློབ་གཉེར་དང་ཉམས་ཞིབ་པའི་ཁ་གྲངས་ཆེས་ཉུང་།  དཔེར་ན། མདོ་དྲི་མེད་གཟི་བརྗིད།༤ ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ།༥ བྱང་སེམས་གབ་པའི་འགྲེལ་བ།༦ བྱང་ཆུབ་ལམ་རིམ།༧ ཚད་མའི་རྣམ་འབྱེད།༨ གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།༩ གོང་གི་དཔེ་ཆ་དག་བོད་རང་གི་ཤེས་རིགས་དང་འབྲེལ་བ་ཟབ་པས། མི་རིགས་ཤིག་གི་གནས་བབས་དང་འཆམ་མཐུན་བསམ་ན་བདེན་པ་བདེན་དྲང་ཐོག་ནས་ནམ་ཡང་དེ་དག་སློབ་གཉེར་བྱེད་མཁན་སུ་ཡོད་དམ།  མདོར་ན། དྲང་པོ་སྨྲ་ཞིང་བདེན་པ་གཙོ་མཁན་དང་། རང་དོན་མི་གཙོ་གཞན་དོན་གཙོ་མཁན། ཐ་སྙད་མི་གཙོ་གནས་ལུགས་གཙོ་མཁན། ཕྱོགས་རེས་མི་གཙོ་བདེན་པ་གཙོ་བའི་མི་སྒེར་རང་བཞིན་གྱི་བསམ་བློ་ལ་རིག་གནས་གཅིག་མཚུངས་ལ་ཕྱོགས་པའི་ས་བོན་རེ་སྐྱེས་པར་སྨོན།

ས་བཅད་གཉིས་པ། བོན་གྱི་ཆོས་ལུགས་དང་འབྲེལ་བའི་མི་རིགས་འཆམ་མཐུན་གྱི་ཐབས་ལམ།

བོན་གྱི་ཆོས་ལུགས་ཞེས་པ་ནི། འདས་པའི་ལོ་རྒྱུས་ལྟར་བོད་རང་ནས་བྱུང་བའི་ཆོས་ལུགས་ཆེས་ཐོག་མ་དེ་ཡིན་ལ། བོན་གཞུང་ལྟར་ན་སྟོན་པ་གཤེན་རབ་མི་བོ་ཆེ་༡༠ནི་གཡུང་དྲུང་བོན་གྱི་ཆོས་ལུགས་སྲོལ་གཏོད་པ་པོ་ཡང་ཡིན། ཆོས་ལུགས་འདིའི་ལྟ་སྒོམ་སྤྱོད་གསུམ་ཡང་ནང་པ་སངས་རྒྱས་དང་གཅིག་མཚུངས་ཡིན་ལ། བརྡ་དང་ཐ་སྙད་ཙམ་ལས་ཁྱད་པར་ཅི་ཡང་མེད་ཏེ། གཡུང་དྲུང་བོན་གྱི་ལྟ་བའི་མཐར་ཐུག་བཀའ་བཏགས་ཀྱི་ཕྱག་རྒྱའི་མདོ་བཞི་ཡིན། དེ་ཡང་“འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་བཅས་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། བོན་ཐམས་ཅད་ཀྱི་མདོ་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བ་ཞེས”༡༡གསུངས་སོ།  དེ་བཞིན་དུ་ལམ་རིམ་ལས། “དཀོན་མཆོག་སྐྱབས་གནས་མི་འཛིན་ཕྱི་རོལ་འགྱུར།། སྐྱབས་གནས་འཛིན་ན་མཐུན་པར་རིགས་ཞེ་ན།། སྐྱབས་གནས་མི་སྤོང་ཚིག་མིན་དོན་ལ་གཅིག།། སྐུ་དང་ཡེ་ཤེས་ལ་སོགས་མཐུན་པའི་ཕྱིར།། ཚིག་མི་མཐུན་བཞིན་དོན་ཡང་འདྲ་ཞེ་ན།། རྒྱ་བོད་དོན་གཅིག་བོད་སྐད་ཐ་དད་ན།། མེ་སོགས་མིང་མང་ཅི་ཡི་ཕྱིར་ན་གཅིག། ཞལ་སྐྱིན་རྟེན་ལ་སོགས་པའི་མཆོད་གནས་ནི།། ཕྱི་རོལ་ནང་པ་གང་དང་གང་མཐུན་རྟོགས།། བསྟན་གཅིག་སྟོན་པ་གཉིས་མི་འབྱུང་ཞེ་ན།། སྤྲུལ་སྐུ་སྟོན་པ་མཚན་མང་དོན་ལ་གཅིག།། གདུལ་བའི་སྣང་ཚུལ་ཐ་དད་པ་དང་”༡༢།ཞེས་དོན་དྲུག་པ་སྐྱབས་འགྲོའི་སྐབས་སུ་ཡང་དེ་ལྟར་བཤད་དོ། རྒྱུ་མཚན་ནི་སྟོན་པ་རང་ཉིད་ཀྱི་ཞལ་ནས། ཆོས་ལུགས་གང་ལ་དཔྱད་པ་ཞིབ་མོར་བྱས་ན་ད་གཟོད་ཕན་ཚུན་བར་ན་སྔར་མེད་ཀྱི་ཡིད་ཆེས་བྱ་རིགས་པ་ཡིན་ནོ་ཞེས་གསུངས་སོ། དེ་ལྟར་གཤམ་ལ་ཆོས་ལུགས་འཆམ་མཐུན་གྱི་ཐབས་ལམ་འགའ་བརྗོད་ན།

༡༽ མི་རབས་གསར་བའི་ཁྲོད་ན་ཆོས་ལུགས་ཉམས་ཞིབ་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།

གལ་ཏེ་སྔར་བཞིན་བོད་པའི་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་གོ་བ་ཡང་དག་མ་རྟོགས་པར་རང་དབང་གི་བསམ་བློ་དང་ཆོས་ལུགས་འཆམ་མཐུན་གྱི་བསམ་བློའི་སློབ་གསོ་མེད་ཚེ། མི་དང་མིའི་བར་ན་སྟོང་ཆ་དང་འགལ་ཟླ་བཟོས་ནས་སྔར་ཡོད་ཀྱི་ཞི་བདེ་དང་ལྷིང་འཇགས་ཡོད་ཚད་ཁ་གཏོར་བཏང་ནས། གསོད་རེས་དང་རྡུང་རེས་བྱས་ནས་ཆོས་ལུགས་འདི་དམག་འཁྲུག་དང་རྩོད་རྙོག་གི་ངོ་བོར་འགྱུར་སྲིད། སྐབས་དེ་དུས། བོད་མི་ཙམ་མ་ཡིན་པར་འགྲོ་བ་མིའི་རིགས་ལ་སྔར་མེད་ཀྱི་སྡུག་བསྔལ་ཞིག་དང་འཇིགས་སྣང་གི་སྤྱི་ཚོགས་ཤིག་བསྐྲུན་ཡིན་ངེས་ལ། གངས་ཅན་པའི་མི་རབས་གསར་བའི་ཁྲོད་ནས་ཆོས་ལུགས་རིས་མེད་ཀྱི་ཉམས་ཞིབ་པའི་ཚུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་དགོས། ད་དུང་དཔྱད་བརྗོད་པ་གང་དང་གང་ཡིན་ཡང་བློ་གཟུར་གནས་དང་དྲང་བདེན་གྱི་ལྟ་བ་ཞིག་དགོས་ཏེ། “དགེ་འདུན་ཆོས་འཕེལ་མཆོག་གིས། མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ།། རང་མགོ་བསྐོར་པའི་གོས་ཀྱིས་མི་གཡོགས་པ། །འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། ། སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་འཚར་། །’’ ༡༣ཞེས་གསུངས་པར་ལྟར་ཆོས་ལུགས་ཕན་ཚུན་བར་ན་བློ་ཚོད་དང་བསྟུན་ནས་ཞིབ་འཇུག་དང་དོགས་བཅོས་ཀྱི་ལམ་ལུགས་བཟང་པོ་ཞིག་བསྐྲུན་དགོས།

༢༽མི་མང་སྤྱི་ལ་ཤེས་ཡོན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མཉམ་སྤྱོད་ཐུབ་དགོས།

མི་མང་དཀྱུས་མ་ཞིག་གི་བསམ་བློའི་ངོས་ན་དཔྱད་ན་ཆོས་ལུགས་ཀྱི་རྟོགས་སད་ཧ་ཅང་ཞན་ལ། ཆོས་པ་ལ་ཆོས་པའི་བསམ་བློ་མེད་པར་ཕྱོགས་རེས་དང་ཆགས་སྡང་གི་འཐེན་ཤུགས་ལས། ལྟ་བ་གང་ལ་དཔྱད་པའི་ཚད། ཆོས་ལུགས་གང་ཞིག་དད་པ་ཁོ་ན་ལ་རྨོངས་ཤུགས་ཆེ། བདེན་པ་དང་གནས་ལུགས་མི་བརྩི་ལྷ་སྒྲུང་ལ་སྣང་བ་དག་པ་ཙམ་ལས་དེ་དག་གི་འཕེལ་རྒྱས་ལ་མཉམ་སྤྱོད་ཐུབ་པའི་རྟོགས་སད་ཡོང་མེད། དེ་དག་ལས་ཆོས་ལུགས་ཕན་ཚུན་བར་ན་གཅིག་ལ་གཅིག་མཐུན་གྱི་ཟམ་པ་ཞིག་བསྐྲུན་དཀའ་ལ། ནམ་ཞིག་མཐུན་སོང་ཡང་གདེངས་འཁེལ་དང་ཡིད་ཆེས་ལྡན་པའི་གཅིག་འགྱུར་ཀྱི་ཆོས་ལུགས་ཤིག་བསྐྲུན་ཐུབ་ཐབས་མེད་པས། མི་མང་སྤྱི་ལ་ཤེས་ཡོན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མཉམ་སྤྱོད་ཐུབ་པའི་ཤེས་ཡོན་པ་དགོས་སོ།

༽དཔྱད་ཞིབ་མི་གཙོ་ལྷ་སྒྲུང་གཙོ་བའི་ལམ་ལུགས་བཀག་འགོག་བྱེད་དགོས།

དེ་ལྟར་ཞིབ་དུ་བསམ་བློ་བཏང་སྐབས་དཔྱད་ཞིབ་མེད་པའི་སྤྱི་ཚོགས་ཁྲོད་ན། གནས་ལུགས་མི་གཙོ་ཐ་སྙད་་གཙོ་བའི་ལམ་ལུགས་དང་། གཅིག་འགྱུར་མི་གཙོ་གྲུབ་མཐའ་རྩོད་པའི་ཆོས་ལུགས། སྟོན་པ་མི་གཙོ་བླ་སྨྱོན་གཙོ་བའི་དད་ལྡན་པ་། མཁས་པ་མི་གཙོ་བླུན་པོ་གཙོ་བའི་ཤེས་རྨོངས་བ། རིག་གནས་མི་གཙོ་དཔལ་འབྱོར་གཙོ་བའི་ལོ་གཞོན་གྱི་ཁ་གྲངས་ཇེ་མང་ནས་ཇེ་མང་དུ་འགྲོ་བ་མཐོང་། ཆོས་ལུགས་གང་ལ་དབྱེ་ཞིབ་དགོས་ཏེ། སངས་རྒྱས་ཀྱི་ཞལ་ནས་ཡང་འདི་ལྟར་གསུངས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་གསུངས་པར་ལྟར་དབྱེ་ཞིབ་བྱེད་དགོས་གསུངས་བ་མ་གཏོག་ལྷ་སྒྲུང་ཀླུ་སྒྲུང་སོགས་ཀྱི་ཆོས་ལུགས་བར་འཆམ་མཐུན་གྱི་འབྲས་བུ་སྐྱེད་དཀའ། ད་དུང་། སློབ་དཔོན་པདྨའི་ཞལ་ནས། སྔོན་ཚེ་བསྐལ་བཟང་སངས་རྒྱས་ཐམས་ཅད་དང་། །ད་ལྟའི་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན། ། ཅི་གསུང་ཐམས་ཅད་འགྲོ་དོན་ཡིན་པའི་ཕྱིར། ། བོན་དང་ཆོས་ཞེས་དབྱེ་བ་ག་ལ་ཡོད། ། དེ་ཕྱིར་བོན་གྱི་རིག་གནས་ཡིན་ན་འདྲ། ཆོས་ལུགས་ཡིན་ན་འདྲ། མི་རིགས་ཞིག་གི་འཚོ་བ་དང་སྤྱི་ཚོགས་གོང་འཕེལ་དང་། བདེ་སྐྱིད་དཔལ་ཡོན་སོགས་བསྐྲུན་ཐུབ་ཚད་ནམ་ཡང་གནས་ལུགས་དང་རྒྱུ་མཚན་ལྡན་པའི་ཐོག་ནས་དཔྱད་བསྡུར་བྱེད་དགོས་རེད་མ་གཏོག་ལྷ་སྒྲུང་ཀླུ་སྒྲུང་སོགས་ནས་གནས་ལུགས་རྙེད་ཐབས་བྲལ་ལོ།

མཇུག་བསྡུའི་གཏམ།

འཆམ་མཐུན་གྱི་རིན་ཐང་ང་ཡི་བཤད་ན་ལག་ལེན་གྱི་འཐབ་རྩོད་སུ་ཡིས་བྱེད། ཆོས་ལུགས་ཀྱི་གནས་བབས་ཇེ་སྡུག་ཡིན་ན་རྨོངས་དད་ཀྱི་རྩ་བ་སུ་ཡི་སངས།  བདག་འཛིན་གྱི་མཐའ་མ་སྡུག་བསྔལ་ཡིན་ན་བདག་སྤོང་གི་བདེ་བ་སུ་ཡིས་རྙེད། སྙིང་སྟོབས་ཀྱི་མེ་དཔུང་ཁོག་ཏུ་སྦར་ནས་དྲོད་སྐྱིད་ཀྱི་བདེ་བ་སུ་ཡིས་རྟོགས། འཆམ་མཐུན་གྱི་འབྲས་བུ་བདེ་སྐྱིད་ཡིན་ཀྱང་ཕྱོགས་རེ་ཡི་ངར་ཤུགས་སུ་ཡིས་འགོག གང་ལྟར་ཀྱང་གོང་དུ་སྙིང་གཏམ་དམར་པའི་ཚིག་འགའ་ཤོར་སོང་ལ། གནད་དོན་གང་གི་ཐད་ནས་ནོར་བ་དང་གནས་ལུགས་མེད་པ་ཡོད་སྲིད་པས་ཀློག་པ་པོ་ཡོངས་ནས་བསམ་ཤེས་ཡོད་པར་སྨོན། རེད་དེ་ངའི་རེ་བ་དང་རྨི་ལམ་ནི་ད་ནས་བཟུང་སྟེ། ཆོས་ལུགས་དཔྱད་བརྗོད་པ་དག་གིས་དུས་རབས་དང་མཐུན་པའི་མི་རིགས་སྲུང་སྐྱོབ་གནང་ཐབས་དང་། རང་ཅག་བོད་མི་རྣམས་ནས་ཕ་མ་གཅིག་གི་བུ་ཕྲུག་དང་། སྟོན་པ་གཅིག་གི་སློབ་མ་ཞིག་ཡིན་པའི་གཞི་རྩའི་འདུ་ཤེས་ཡོང་བར་སྨོན།  དེ་ཡང་ཕྲན་ལ་མཚོན་ན། རང་ཉིད་བོད་མི་ཞིག་ཡིན་པ་མ་ཟད་མི་རབས་གསར་པ་ཞིག་ཡིན་པའི་ངོས་ནས་མི་རིགས་ཤིག་གི་འཆམ་མཐུན་ལ་འགན་འཁྲི་ཞིག་ཡོད་སྙམ་པ་དང་ཆབས་ཅིག། །ཤེས་ཡོན་པའི་སྡེ་ཁ་ན་རང་མི་རིགས་ཀྱི་ཆོས་དང་རིག་གནས་གཙོ་བོ་སྦྱོང་མཁན་ཞིག་ལ་ཕྲག་ཏུ་བབ་པའི་འོས་འགན་གཞན་ཞིག་ཡོད་པའི་ཐོག་ནས་བྲིས་པ་ཡིན་ནོ།  བཀའ་དྲིན་ཆེ།

1 “སྐྱེ་མེད་དོན་ལ་མི་གཡོ་བས་གཡུང་།འགག་མེད་རྟགས་ལས་མི་འགྱུར་བས་དྲུང་། སྐྱེ་འགག་གཉིས་སུ་མེད་པའི་དོན་སྟོན་ཞིང་གདུལ་བྱ་སྐྱོབ་པར་བྱེད་པས་ན་བོན་ཞེས”ཤེས་རབ་ཀྱི་བླ་མ་མེད་པའི་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ལས་དྲངས།རྩོམ་པ་པོ།ཀུན་མཁྱེན་ཉི་མ་བསྟན་འཛིན།ཤོག་ངོང་༦ཐིག་ཕྲེང་༧བར།

2བོན་གྱི་སྒྲ་འཇུག་ཡུལ་བརྒྱད་ཡོད།ཤེས་བྱ་ཐབས་ཅད་ཀྱི་སྒྲ་འཇུག། འཁོར་བ་དང་མྱང་འདས་ལ་འཇུག། རྣམ་ཤེས་ཚོགས་དྲུག་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ།བསོད་ནམས་ལའང་འཇུག། གནས་ལུགས་དོན་གྱི་བོན་ལ་འཇུག།ལམ་གྱི་བོན་ལ་འཇུག། སྟོན་པས་བོན་སྒོ་བཞི་མཛོད་ལྔ་ལ་འཇུག། ཐེག་པ་བླ་ན་མེད་པའི་གཡུང་དྲུང་ལ་འཇུག་བཅས”ཤེས་རབ་ཀྱི་བླ་མ་མེད་པའི་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད། རྩོམ་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། ཤོག་ངོང་༦ཐིག་ཕྲེང་ནང་ལས་དྲངས།གཞན་ཡང་རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལན་གྱི་་བོན་ཆོས་ནི་གདོད་མའི་བོད་ཀྱི་ཆོས་ལུགས་ཡིན་ཞིང་དེ་སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་ཤིང༌།དེ་ལ་གཡུང་དྲུང་བོན་ཞེས་གྲགས།

3བོན་གྱི་རིག་གནས་དང་བོད་ཀྱི་སྤྱི་ཚོགས་ཀྱི་འཆམ་མཐུན་ལས་དྲངས། རྩོམ་པ་པོ། འབྲུག་མོ་སྐྱིད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།

4མདོ་དྲི་མེད་གཟི་བརྗིད་ཅེས་པ་འདི་ནི་གཡུང་དྲུང་བོན་གྱི་རྩ་ཆེའི་དཔེ་རྙིང་ཞིག་ཡིན། མཛད་རྣམ་འདིར་དཔེ་ཆ་བྲིས་མ་པོད་བཅུ་གཉིས་ཡོད་པ་དེ་ལེའུ་དྲུག་ཅུ་རེ་གཅིག་ཏུ་དབྱེ་ནས་གོ་རིམ་དང་ལྡན་པའི་སྒོ་ནས་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས་ཚུལ་དང་། ཁབ་བཞེས་པ། ཁྱིམ་སྤངས་ནས་རབ་ཏུ་བྱུང་བ། བསྟན་པ་སྤེལ་བ། ཁྱད་པར་དུ་བོན་གྱི་རྒྱུ་འབྲས་ཀྱི་ཐེག་པ་རིམ་དགུ་ཇི་ལྟར་གཏན་ལ་ཕབ་པ་སོགས་ཀྱི་སྐོར་བཀོད་ཡོད།

5མཛད་པ་པོ།འགྲོ་མགོན་བློ་གྲོས་རྒྱལ་མཚན། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ན་ཡོད།

6རྩོམ་པ་པོ།རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ན་ཡོད།

7མཛད་པ་པོ།མེ་སྟོན་ཤེས་རབ་འོད་ཟེར།(A,D 1058-1132) ཤོག་གྲངས།༣༢༧ ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ན་ཡོད།

8རྩོམ་པ་པོ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ན་ཡོད།

9བོན་གཞུང་རིག་མཛོད་དཔེ་ཚོགས་དེའི་ནང་ལ། དེབ་གྲངས་༢༥་འདུག།དེ་དག་གི་བརྗོད་བྱ། སྟོན་པའི་མཛད་རྣམ་དང་ལོ་རྒྱུས་སྐོར། བརྡ་དག་སྒྲ་སྤྱོར་གྱི་སྐོར།སྙན་ངག་མངོན་བརྗོད་སྐོར། བཟོ་རིགས་དང་རྩིས་རིགས་སྐོར། གསོ་རིག་འབུམ་བཞིའི་སྐོར། བསྡུས་ཚད་བློ་རྟགས་ཀྱི་སྐོར།བྱང་ཆུབ་ལམ་རིམ་སྐོར། ཐེག་རིམ་དང་དབུ་མ་སྐོར། ཤེར་ཕྱིན་སྔ་དུམ་གྱི་སྐོར། སྣང་སྲིད་མཛོད་ཕུགས་ཀྱི་སྐོར། འདུལ་བ་རྒྱས་བསྡུས་ཀྱི་སྐོར་སོགས་མང་ངོ།

10 རྣམ་འདྲེན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། མཐར་ཐུག་འོག་མིན་གྱི་ཞིང་དུ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་དེ། རྩོད་ལྡན་ཚེ་ལོ་བརྒྱ་པའི་འགྲོ་བ་རྣམས་འདུལ་བའི་དུས་ལ་བབས་ཚེ་འོག་མིན་གྱི་ཞིང་དུ་གཤེན་ལྷ་འོད་དཀར་ལ་འགྲོ་བ་འདུལ་བའི་བོན་ལུང་ཞུས་ཏེ་གནས་རིགས་ཆེན་པོ་བཞི་དང༌། གཟུགས་ཁམས་བཅུ་བདུན། འདོད་ལྷ་གཞན་འཕྲུལ་དབང་བྱེད་སོགས་ནས་རིམ་བཞིན་བྱོན་ཏེ། རྩ་གསུམ་ལྷ་ཡི་ཞིང་དུ་ཕེབས། གཅུང་ཤེས་པ་རྒྱལ་ཚབ་ཏུ་བསྐོས་ཤིང་འཇིག་རྟེན་དྲེགས་པའི་སྡེ་ཚོགས་རྣམས་དབང་དུ་བསྡུས་ཏེ་བསྟན་པའི་སྲུང་མར་བསྐོས། རི་རབ་ཀྱི་ཁ་ཁྱེར་ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོའི་རྒྱལ་ས་ནས་གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་སྟེ། རྟག་གཟིགས་འོལ་མོ་ལུང་རིང་གི་རྒྱལ་མཁར་བར་པོ་སོ་བརྒྱད། ཡབ་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ར་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ༌། དུས་ཚོད་ཀྱི་དང་པོ་ནམ་ལངས། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་སྐུ་འཁྲུངས། ཕྱི་ལོའི་སྔོན་ ༡༦༠༡༧མཚན་མཁན་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་གསོལ། དེ་རྗེས་མི་ལོ་གཅིག་རིང་གཞོན་ནུ་རོལ་རྩེད་མཛད། དེ་ནས་འཇིག་རྟེན་གྱི་མངའ་དབང་ཅན་རྣམས་ཀྱིས་ཞབས་ནས་བཏེགས་ཏེ་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་སར་བཀོད་དེ་སྲིད་གསུམ་ཡོངས་ཀྱི་མངའ་བདག་ཏུ་མངའ་གསོལ། རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ་དང༌། སངས་རྒྱས་བསྟན་པ་ཆགས་པའི་གཞི་མ་བཟོ་རིག་པའི་སྐོར་རྣམས་གསུངས་ཏེ་འཛམ་གླིང་རྒྱན་དྲུག་སོགས་ལ་གཉེར་དུ་གཏད་ཞེས་ཧི་མ་ཡི་བོན་གྱི་དྲ་ལམ་ན་གསལ།གཡུང་དྲུང་བོན་གྱི་བསྟན་འབྱུང་དང་ལྟ་གྲུབ་ངོ་སྤྲོད་བགྱིད་སྐབས་ཀྱི་ཟིན་བྲིས་སུ་བཏབ་པ་ཞེས་བཀོད་འདུག།

11བོན་གྱི་དཔེ་ཆ་བྱམས་པ་འདུམ་ལྔ་དང་འདལ་འབུམ་སོགས་ཀྱི་ནང་ལ་གསལ།

12བྱང་ཆུབ་སྒྲུབ་ཐབས་ཀྱི་བོད་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ།མཛད་པ་པོ།མེ་སྟོན་ཤེས་རབ་འོད་ཟེར།(A,D 1058-1132) ཤོག་གྲངས། ༣༢༧ ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ན་ཡོད།

13གཏམ་རྒྱུད་གསེར་ཐང་ནས་་དྲངས།རྩོམ་པ་པོ་དགེ་འདུན་ཆོས་འཕེལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *