ངག་དབང་སྒྲ་དབྱངས་རྒྱལ་མོར་མཆོད་པའི་རོལ་མོ།
རྩོམ་ཡིག་འདི་ཐེངས། 1075 བཀླགས་འདུག
།
ཕུལ་བྱུང་སྐུ་ལ་མཚན་དཔེ་རྣམ་པར་བཀྲ།།
བརྒྱད་གཉིས་ལང་ཚོའི་དཔལ་གྱི་འཇོ་སྒེག་ཅན།།
ཟབ་རྒྱས་ལེགས་བཤད་ངག་གི་དཔལ་དུ་འདྲེན།།
མ་ཅིག་ཨེར་སངས་ལྷ་མོས་ཤིས་པ་སྩོལ།།
།
སྲིད་ན་མཛེས་དགུའི་ཡོན་ཏན་ལྷུན་ལ་རྫོགས།།
ཇི་སྙེད་ཤེས་བྱའི་དངོས་ཀུན་ཝ་ལེར་མཁྱེན།།
བརྒྱད་ཁྲིའི་བོན་རྣམས་སྙན་པའི་གདངས་སུ་དྲངས།།
རྒྱལ་ཀུན་ཡུམ་ཅིག་མཚོ་བྱུང་ལྷ་ལ་བསྟོད།།
།
མཚར་སྡུག་ཀུན་ཡིད་འགུགས་པའི་དཔལ་མངའ་མ།།
སྐྱེ་རྒུའི་མགོན་གྱུར་རྒྱལ་ཡུམ་ཟླ་མེད་མ།།
འཕྲུལ་ངག་བོན་སྒོ་མ་ལུས་གླུ་ལེན་མ།།
ཀུན་ལས་འཕགས་པའི་ངག་གི་དབྱངས་ལྡན་མ།།
།
མ་དོར་འགྲོ་ལ་བརྩེ་གཟིགས་བྱམས་ལྡན་མ།།
མ་དག་འཁོར་བའི་འདམ་ལས་སྐྱོབ་མཛད་མ།།
མ་གཡེལ་བདག་སོགས་སྐྱེ་རྒུ་འཇིགས་སྐྱོབ་མ།།
མ་བཅོས་དད་པས་བསྟེན་ན་མགོན་མཛད་མ།།
།
མ་ལྟར་བརྩེ་ཆེན་སྙིང་རྗེའི་མཛོད་འཛིན་མ།།
མ་ལུས་ལེགས་ཚོགས་འབྱུང་བའི་གཏེར་འཆང་མ།།
མ་ནོར་ངེས་པའི་དོན་བཟང་སྟེར་མཁས་མ།།
མ་གྱུར་འགྲོ་བའི་བློ་མིག་འབྱེད་མཛད་མ།།
།
མ་ངེས་བློ་དང་འཚམས་པའི་སྐུར་སྤྲུལ་མ།།
མ་ཐ་དམྱལ་ཁམས་ལུས་ཅན་དོན་མཛད་མ།།
མ་དམིགས་འགྲོ་རྣམས་བདེ་བར་འགོད་མཛད་མ།།
མ་གྱུར་སེམས་ཅན་འདྲེན་པའི་ནུས་ལྡན་མ།།
།
མ་བསླབ་བཅུ་ཕྲག་རིག་གནས་ཀུན་མཁྱེན་མ།།
མ་བྱུག་བཞིན་རས་དཀར་གསལ་མདངས་ལྡན་མ། །
མ་ཤེས་མུན་པའི་དཔུང་ལས་སྒྲོལ་མཛད་མ།།
མ་བཅོས་གསོལ་འདེབས་བུ་རྣམས་ཐུགས་རྗེས་སྲུངས།།
།
བསམ་ཚུལ་ཕྲིས།