<<ཞང་བོད་ཤེས་རིག་གནའ་དེང་གསལ་བའི་མེ་ལོང་།>དཔར་བསྐྲུན་གྲུབ་ཡོད།
རྩོམ་ཡིག་འདི་ཐེངས། 4006 བཀླགས་འདུག
གནའ་དེང་རིག་པའི་གཞུང་ལུགས་ལ་མཁྱེན་རྒྱ་ཡངས་པའི་རྩོམ་པ་པོ་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་ནམ་རྒན་གངས་སེང་ལགས་ཀྱིས་བརྩམས་པའི་<<ཞང་བོད་ཤེས་རིག་གནའ་དེང་གསལ་བའི་མེ་ལོང་།>>དཔར་བསྐྲུན་གྲུབ་སྟེ་ད་ཆར་རྒྱལ་ཕྱི་ནང་ཀུན་ཏུ་འགྲེམས་སྤེལ་ཞུ་འགོ་ཚུགས་ཡོད།
།
ལོ་རྒྱུས་ཀྱི་ཕུགས་ཐག་རིང་ཞིང་སའི་གོ་ལའི་ཁྱིམ་རྒྱུད་ཆེན་པོ་འདིར་ཆེས་དར་སྔ་བའི་དབུ་ནག་བོད་པ་ཚང་གི་ཕ་ཆོས་ངོ་མ་གཡུང་དྲུང་གི་བོན་རིན་པོ་ཆེ་ནི་སྤྱིར་འཛམ་གླིང་དང་ཡང་སྒོས་ཞང་བོད་མཐོ་སྒང་ནས་རྩ་བ་བརྟན་པོར་ཚུགས་ཤིང་རྩེ་མོ་ཕྱོགས་བཅུར་འབུས་པའི་ཐུན་མོང་རིག་གནས་ཙམ་མ་ཟད། ཐུན་མིན་བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས་ཐེག་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ་གཙོ་བོར་༼ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་བརྡ་ཆད་ཡང་དེ་ལས་ཐོག་པ་ཞིག་ཡིན༽སྟོན་པའི་གྲུབ་ཆ་ཡོངས་སུ་ཚང་བ་ཞིག་ཡིན་པ་གཟུར་གནས་དཔྱོད་ལྡན་ཀུན་གྱིས་མཁྱེན་གསལ་ལྟར་རེད།
།
དེ་ཡང་རིག་གནས་འདིའི་རྣམ་ཤེས་གསོན་པོ་ནི་དུས་རབས་ཀྱི་གཉེན་འཕྲང་མང་པོ་མང་པོ་ཞིག་གི་འགག་མཚམས་ཐོད་ཀྱིས་བརྒལ་ནས་ཤོར་ཡོང་བའི་རྟ་མཆོག་རྒོད་པོ་མཐུར་མེད་ཅིག་དང་འདྲ་ཟེར་ན་མི་འཚམས་པ་མེད། དཔེར་ན་བོད་རྒྱལ་བརྒྱད་པ་གྲི་གུམ་ཀྱི་སྐབས་དང་།
བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་སོགས་དུས་སྐབས་དེའི་ལོ་རྒྱུས་ཀྱི་རླུང་འཚུབ་ཆེན་པོ་རེའི་ཐལ་རྡུལ་སོགས་བརྒྱུད་མྱོང་ཡོད། ཆེས་ཡིད་ཕངས་བ་ཞིག་ལ་ལོ་རྒྱུས་ཀྱི་གོད་ཆག་ཆེན་པོ་དེ་དག་གི་ཁྲོད་ནས་རིན་ཐང་བྲལ་བའི་གཡུང་དྲུང་བོན་གྱི་ཕྱག་དཔེ་མང་པོ་ཞིག་རྩ་བརླག་ཏུ་བཏང་ཡོད་པ་མ་ཟད་ཤེས་འཇོན་གཉིས་ལྡན་གྱི་སྐྱེས་བུ་མང་པོ་ཞིག་གི་སྐུ་ཚེའི་འདུ་བྱེད་ཀྱང་རླུང་འཚུབ་དེ་དག་གི་ཁྲོད་ནས་གཟིམས་དགོས་པ་བྱུང་། རེད་དེ་དུས་རབས་གང་འཚམས་ཤིག་འདས་རྗེས་གཏེར་སྟོན་བརྒྱ་རྩའི་གཙོ་བོ་བླ་མ་གཤེན་ཆེན་པོ་ལ་སོགས་གཙོས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་ཆེན་དམ་པ་གསེར་རིའི་ཕྲེང་བ་ལྟར་དུ་བྱོན་ནས་ཟབ་དོན་རྣམ་པར་འབྱེད་པའི་རྒྱལ་བའི་བཀའ་རིན་པོ་ཆེ་དང་། དེ་འབྲེལ་གྱི་བཀའ་བརྟེན་དུ་མ་ཞིག་གཏེར་ལས་དྲངས་ཏེ་ཞང་བོད་ཀྱི་ཡུལ་གྲུ་སོགས་རྒྱལ་ཁམས་མང་པོར་དར་རྒྱས་ཕུན་སུམ་ཚོགས་པར་མཛད། དེ་ནས་བཟུང་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཀྱི་ཚུལ་དུ་ཕྱི་ལོ་ ༡༠༢༡ ཙམ་གྱི་བར་རྒྱུན་གནས་ཐུབ་པ་བྱུང་།
།
ཡིན་ན་ཡང་རང་རེ་གངས་ཅན་པའི་ཤེས་རིག་ལ་ཐེབས་པའི་གྱོང་གུད་ཆེན་པོ་ཞིག་སྟེ་ཆོས་ལུགས་དང་གྲུབ་མཐའི་ཕྱོགས་འཛིན་པ་འགའ་ཞིག་གིས་རྒྱུན་འབྱམས་སུ་ལུས་པའི་མ་དག་པའི་བཤད་ཡམ་ལ་ཤི་འཐམ་རོ་འཐམ་བྱས་ནས་བོད་མི་རང་གི་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་ཤུལ་བཞག་རིག་གནས་དངོས་ཀྱི་ངོ་གདོང་བསྒྲིབས་ཅི་ཐུབ་བྱས་པའང་ཉུང་ཉུང་མིན། དེས་ན་འདི་དག་ཐམས་ཅད་གནས་ལུགས་ཤིག་དང་བདེན་དོན་ཞིག་མ་ཡིན་པ་འུ་ཅག་གིས་ཧ་གོ་དོན་རྟོགས་བཞིན་དུ་ཁུ་སུམ་མེར་མི་འདུག་པར་མེས་པོ་ཚོའི་ཚེ་སྲོག་གིས་བསྲུངས་པའི་ཞང་བོད་ཀྱི་རྩམ་དྲི་མ་ཡལ་བའི་རིག་གཞུང་གཙང་མ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ནི་ང་ཚོ་ཕྱི་རབས་པར་མཚོན་ན་ཕྲག་ཏུ་འོས་པའི་ལྡོག་མེད་ཀྱི་འགན་འཁྲི་ཉག་གཅིག་ཡིན། དེར་མ་ཟད་དུས་རབས་གསར་པ་དང་མི་རབས་གསར་པའི་སྐབས་འདིར་ཆོས་ལུགས་དང་གྲུབ་མཐའི་ཆགས་སྡང་ཡང་སྔར་བས་ཅུང་ཙམ་ཆུང་དུ་སོང་བ་དང་རིས་སུ་མ་མཆིས་པའི་སྒོ་ནས་བན་བོན་ཀུན་ཁྱབ་ཀྱི་ཀུ་ཡངས་བསམ་བློའི་རྨིང་གཞི་ཅན་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད།
།
དེ་བས་ན་འདི་ག་༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽ལ་མཚོན་ན་ནུབ་ཕྱོགས་ཁུལ་གྱི་ཆོས་ཚོགས་སྤྱིའི་འགྲོ་སྟངས་ལྟར་ཉིན་རེའི་ལས་རིམ་སྣ་ཚོགས་ཤིག་ཡོད་ན་ཡང་། དགོས་པ་ཆེན་པོ་ཞིག་ལ་བསམ་སྟེ་ཉེ་བའི་ལོ་ཤས་གོང་ནས་བཟུང་༼རྒྱལ་གཤེན་དཔེ་སྐྲུན་ཁང་༽ཞེས་པ་གཞུང་ལ་དེབ་བསྐྱེལ་ཟུར་འཛུགས་བྱས་ཏེ་ཞང་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། ཤེས་རིག བོན་སྤྱོད། རྩོམ་རིག སྒྱུར་རྩོམ་སོགས་དཔེ་དེབ་གལ་ཆེན་འགའ་དཔར་དུ་བསྐྲུན་དང་སྐྲུན་བཞིན་པ་ཡིན། ད་རེས་ཡང་བོན་གྱི་གདན་ས་ཆེན་པོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁས་པའི་དབང་པོ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་ནམ་གནའ་དེང་རིག་པའི་གཞུང་ལུགས་ལ་མཁྱེན་རྒྱ་མཁའ་ལྟར་ཡངས་པའི་རྩོམ་པ་པོ་གངས་སེང་ལགས་ཀྱིས་བརྩམས་གནང་མཛད་པའི་རྩོམ་ཡིག་གྲངས་སུམ་ཅུས་གྲུབ་པའི་<<ཞང་བོད་ཤེས་རིག་གནའ་དེང་གསལ་བའི་མེ་ལོང་།>>ཞེས་པའི་རིན་བྲལ་གྱི་དཔྱད་དེབ་གསར་བ་དེ་རྒྱལ་ཕྱི་ནང་གི་གནའ་དེང་རིག་པའི་གཞུང་ལུགས་ལ་དུང་བ་ཟབ་པའི་མཁྱེན་ལྡན་རྣམས་ཀྱི་སྤྱན་སྔར་དཔར་སྐྲུན་གྱི་མ་རྩ་ཙམ་ལས་ཁེ་མེད་ཐོག་འགྲེམ་བཞིན་ཡོད་པས་དོན་གཉེར་ཅན་རྣམས་ཀྱིས་གཤམ་གསལ་ཁ་བྱང་སོགས་ཀྱི་ཐོག་འབྲེལ་བ་གནང་རོགས།
།
བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་
ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༥ ཉིན་
རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་ནས།
།
འབྲེལ་བ་བྱ་ཡུལ།
/
རྒྱལ་གཤེན་བོན་སྒྲའི་དྲ་ཚིགས།
སྐད་འཕྲིན། gyalshenbondra
གློག་འཕྲིན། gyalshenbondra@gmail.com
རྔ་རང་རིག
སྐད་འཕྲིན། rang_r
ཁ་པར་ཨང་། 9860218334
གློག་འཕྲིན། nga.rangrik@gmail.com
བསམ་ཚུལ་ཕྲིས།