༓ གཟུ་བོར་གནས་པའི་སྐད་ཆ།

རྩོམ་ཡིག་འདི་ཐེངས། 1502 བཀླགས་འདུག

(གཟུར་གནས་མཁས་པའི་ལེགས་བཤད) ཅེས་པའི་ཆེད་བསྒྲིགས་ལེའུ་ཚན་འདིར་དེང་རབས་བོད་ཀྱི་མཁས་པས་ཞང་བོད་ཀྱི་རིག་གནས་ལ་གདམས་པའི་སྡོམ་ཚིག་ཕྱོགས་བསྒྲིག་ཞུ་རྒྱུ་ཡིན་ཞིང་། དེ་ནི་རྒྱལ་གཤེན་བོན་སྒྲས་གཟུ་བོར་གནས་པའི་མཁས་པ་རྣམས་ལ་གུས་བཀུར་དང་ཡི་རངས་མཚོན་ཆེད་དུ་ཡིན།

Screen Shot 2015-09-25 at 6.47.47 AM“སྤྱིར་བོད་གངས་ཅན་གྱི་རིག་གནས་ལ་བོན་དང་ཆོས་དང་། དམངས་ཁྲོད་ཀྱི་རིག་གནས་གསུམ་ཕྱེས་པའི་བོན་བསྟན་རིག་གནས་ནི།བོད་ཀྱི་རིག་གནས་རིན་ཆེན་བང་མཛོད་ནང་གི་རིན་པོ་ཆེ་རྩ་ཆེན་ཞིག་ཡིན་པར་སྨོས་མ་དགོས། བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ་བོད་མི་རིགས་ཡོངས་ཀྱི་འགན་ཁུར་གལ་ཆེན་ཞིག་ཡིན་ཕྱིར། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་བོན་པོའི་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་དགོས།”

དོར་ཞི་གདོང་དྲུག་སྙེམས་བློ།

“བོན་གྱི་རིག་གཞུང་ནི་བོད་མི་རིགས་ཀྱི་ཤེས་རིག་རྒྱ་མཚོ་ཆེན་པོའི་ཁྲོད་མེད་དུ་མི་རུང་བའི་རིག་གཞུང་ཡན་ལག་བརྒྱད་ལྡན་གྱི་འབབ་ཆུ་ཞིག་རེད། གནའ་ནས་བཟུང་ཡ་ཐོག་བོན་གྱི་ལོ་རྒྱུས་དང་རིག་གནས་རྣམ་པར་འཕེལ་ཞིང་། ཤེས་རིག་དེའི་སྲོལ་རྒྱུན་གྱི་ངོ་བོས་བོད་མི་རིགས་ཀྱི་སེམས་ཁམས་སུ་གོ་གནས་ངེས་ཅན་བཟུང་ཡོད།”

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་གཞོན་པ། དོན་གྲུབ་དབང་འབུམ། །

Screen Shot 2015-09-25 at 6.50.32 AM“གཡུང་དྲུང་བོན་པོ་ནི་འཚེ་མེད་སྙིང་རྗེས་རབ་ཏུ་ཕྱུག་པའི་བསྟན་པ་ཡིན་ལ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་ལ་བསམ་ན་གནད་མང་པོ་ཞིག་གསལ་པོར་འབྱིན་ནུས། ལྷག་པར་འགོ་སྐྱབས་འགྲོ་ནས་བཟུང་མཇུག་ཟུང་འཇུག་གི་བར་ཞིབ་མོ་ཞིག་བསྡུར་ཐུབ་རྒྱུ་ན་ཟབ་མོའི་གཏེར་ཁ་ཞིག་འབྱེད་པར་གདོན་མི་ཟ། དེ་བས་ཕྱིའི་རྣམ་པ་ནི་ཕྱིའི་རྣམ་པ་ཞིག་ཡིན་པས་ནང་ཟབ་མོའི་དོན་ལ་བསམ་དགོས་ལ། ཟབ་དོན་དེ་དག་ཇི་འདྲ་ཞིག་ཡིན་མིན་དེའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ལ་བལྟ་དགོས་པ་རེད།”

རྒྱ་གྲོལ་ལམ་ཤེས་རབ་བསྟན་དར།

Screen Shot 2015-09-28 at 7.55.41 AM“རང་རེ་བོན་ཀྱི་གནའ་བོའི་ཤེས་རིག་མཚོན་པའི་བོན་གྱི་རིག་གནས་འདི་སྔོན་ཆད་དུས་དང་དབང་གིས་རིན་པོ་ཆེ་ས་འོག་གཏེར་དུ་སོང་བ་ལྟར་གྱུར་ཀྱང་། ད་ལྟ་རྒྱལ་སྤྱིའི་ནང་གང་ནས་ཀྱང་བོད་རིག་པའི་རིན་ཐང་དེ་བསྐྱར་མངོན་དང་འཚོལ་ཞིབ་བྱེད་པའི་སྐལ་བཟང་གི་ཉི་མ་ཤར་བའི་དུས་བབས་དང་བསྟུན་ནས་བོན་གྱི་གྲུབ་མཐས་མཚོན་པའི་རིག་གནས་འདི་ལའང་ཚང་མས་ཡང་བསྐྱར་ངོས་འཛིན་དང་དེའི་རིན་ཐང་ལ་གཙིགས་མཐོང་བྱེད་བཞིན་ཡོད།”

མཚོ་སྔོན་བོད་ཀྱི་སློབ་གསོ་རྩོམ་སྒྲིག་ཁང་གི་ཞུ་ཆེན་པ། ནོར་བུ་ཚེ་རིང་།

“ཁ་བའི་ལྗོངས་ཀྱི་ཆོས་ཕྱོགས་རིག་གནས་ཀྱི་མ་ལག་ལ་བོན་གྱི་རིག་གནས་དང་བན་དེའི་རིག་གནས་གཉིས་ཡོད་ལ། དེ་ལས་བོན་གྱི་རིག་གནས་ནི་རང་རེའི་མེས་པོ་དག་བོད་མཐོ་སྒང་དུ་ཆེས་ཐོག་མའི་དུས་ནར་སོན་པའི་འགྲོས་དང་བསྟུན་ཏེ་ལྷན་སྐྱེས་སུ་བྱུང་བའི་རིག་གནས་ཤིག་ཡིན་པ་བཤད་མ་དགོས།”

ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆ་རིས་སྐལ་བཟང་ཐོགས་མེད།

Screen Shot 2015-09-25 at 6.55.25 AM“བོན་གྱི་རིག་གཞུང་དག་ནི་ཁ་བ་གངས་ཅན་པའི་གདོད་མའི་རིག་གནས་ཀྱི་མ་ཡུམ་ལྟ་བུ་ཡིན་པས་གཅེས་སྤྲས་དང་མྱུར་སྐྱོབས་བྱེད་དགོས་པའི་འབོད་བསྐུལ་ཞིག་དང་། སླད་མར་ཡང་གལ་ཆེའི་ལས་འདིའི་འགན་ཁུར་བོད་ཤེས་ལྡན་པ་ཡོངས་ལ་ཡོད་པ་ཐུགས་འཇགས་འཚལ།”

རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ།

Screen Shot 2015-09-28 at 7.59.16 AM“ཏི་སེའི་གངས་ལས་དཔང་མཐོ་ཞིང་། །མ་ཕམ་མཚོ་ལས་གཏིང་ཟབ་པའི། །གངས་ཅན་བོད་ཀྱི་རིག་གཞུང་གི། ཕྱི་མོ་གཡུང་དྲུང་བོན་གྱི་མཛོད།”

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ། ཐུབ་བསྟན་ཕུན་ཚོགས།

“བོན་གྱི་རིག་གནས་ནི་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་ལ། ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་ཐོག ཐུན་མོང་མ་ཡིན་པའི་མཚོན་ཚུལ་རྣམ་པ་ལྡན་པས་བོད་ཀྱི་རིག་གནས་སྤྱིའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་ཆབ་ཀླུང་ཁྲོད། དེས་བོད་ཀྱི་སྤྱི་ཚོགས་ལས་ཆབ་སྲིད་དང་རིག་གནས། དཔལ་འབྱོར་བཅས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཤིང་། སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་སིམ་ཡོད་པར་མ་ཟད། བོད་མིའི་ཡུལ་སྲོལ་གོམས་འདྲིས་དང་བསམ་གཞིག་གཏོང་སྟངས་ཐད་ལའང་ཤན་ཤུགས་ཟབ་མོ་ཐེབས་མྱོང་།”

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཞུ་ཆེན་པ། བསོད་བློ།

“བདག་ཅག་གངས་ཅན་བོད་པའི་ཡ་ཐོག་གམ་སྲོལ་རྒྱུན་གྱི་ཆོས་ལུགས་ནི་བོན་ཆོས་ཡིན་ལ། བོད་ཀྱི་ཤེས་རིག་དེའང་བོན་གྱི་ཆོས་ལུགས་ལ་ཐུག་ཡོད་པ་རེད།”

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སྡེ་ཚན་གྱི་ཞིབ་འཇུག་པ། སྐལ་བཟང་རྒྱལ།

Screen Shot 2015-09-28 at 8.01.28 AM“བོན་གྱི་རིག་གཞུང་ནི་བོད་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། གངས་ཏི་སེའི་ཉེ་འཁོར་གྱི་རྒྱལ་ཁབ་དང་། མི་རིགས་མང་པོ་ཞིག་གི་རིག་གནས་ཀྱི་འབྱུང་ཁུངས་ཀྱང་ཡིན་པས། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཁྱབ་ཁོངས་རྒྱ་ཆེ་ལ། ཡིག་ཚང་གི་རྔམ་མཐུག་པའི་སྲོལ་རྒྱུན་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་རེད།”

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། བན་གོ།

“དེང་དུས་འཛམ་གླིང་འདིར་སྙན་གྲགས་ཀྱི་བ་དན་ཕྱོགས་ཀུན་ཏུ་གཡོ་བཞིན་པ་ནི་བོད་ཀྱི་ཤེས་རིག་ཡིན་ཞིང་། དེའི་ཕྱི་མོའམ་རྨང་གཞི་ནི་བོན་གྱི་རིག་གནས་དང་ཤེས་རིག་རྣམས་ཡིན་པ་སྨོས་མ་དགོས་པ་རེད།”

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ། ཚེ་དབང་ལྷ་མོ།

Screen Shot 2015-09-25 at 6.53.08 AM“ཞང་ཞུང་ཡུལ་ནས་ཚེས་པའི་ཟླ་བ་འདིས། །གནམ་སའི་བར་ལ་འོད་ཀྱི་སྐས་ཞིག་བཙུགས། །ལོ་རྒྱུས་དར་སྐུད་ཡ་ཐོག་རིང་མོར་བསྲིངས། །བོན་སྒོ་ཁྲི་ཕྲག་སྲིད་པའི་དབྱིངས་སུ་འཁོར། །”

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། རྒྱལ་མོ་འབྲུག་པ།

“གཡུང་དྲུང་བོན་གྱི་རིག་གཞུང་ནི་ང་ཚོ་བོད་ལ་མཚོན་ན་རང་གི་ཕ་མེས་རྣམས་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད། བོད་མི་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བྱུང་བའི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་ཡིན།”

མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་དཔོན་ཆེན་མོ་གཞོན་པ། སྙན་བཟང་དགེ་འདུན།

“ཞང་ཞུང་ཡུལ་ནི་སྔ་རབས་བོད་ཀྱི་རིག་གཞུང་འབྱུང་ཁུངས་ཀྱི་ལྟེ་བ་ཡིན་པ་དང་། སྲོང་བཙན་གྱི་གོང་ནས་པུར་རྒྱལ་བོད་ཀྱི་རྒྱལ་རབས་མང་པོའི་བར་བོན་གྱི་བསྟན་པ་དར་ཡུལ་གཙོ་བོ་ཡིན་པ་ལ་བསྙོན་དུ་མེད་ཅིང་། སྨན་དཔྱད་ཀྱི་སྐོར་ནས་ཀྱང་ལོ་རྒྱུས་ཀྱི་ཁུངས་སྔ་ཤོས་དེ་གནའ་རབས་ཞང་ཞུང་ལ་ཐུག་ཡོད་པ་སྨོས་མ་འཚལ།”

མཚོ་སྔོན་སློབ་གྲྭ་ཆེན་མོའི་བོད་ལུགས་གསོ་རིག་སློབ་གླིང་གི་གཙོ་འཛིན་པ། བྱ་མདོ་ཀླུ་བྱམས་རྒྱལ།

“ཞང་ཞུང་རིག་གནས་ནི་བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་གལ་ཆེ་ཤོས་དང་། བོན་གྱི་ཤེས་རིག་ནི་བོད་མི་རིགས་ཀྱི་གནའ་རབས་ཤེས་དཔལ་གྱི་ཁུངས་གཏུགས་སའི་ཆུ་འགོ་ལྟ་བུ་ཡིན།”

བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་དགེ་རྒན་ཆེན་མོ། བྱང་ངོས་པ་ཚེ་གཡང་།

“བོད་གངས་ཅན་གྱི་ལྗོངས་འདིར་ཐོག་མའི་ཆོས་ལུགས་ཀྱི་ས་བོན་འདེབས་པའི་རླབས་ཆེན་གྱི་བདག་པོ་སྟེ། གཡུང་དྲུང་བོན་པོའི་ཆོས་ལུགས་རིག་གནས་འདི་གདོང་དམར་བོད་པའི་ཆེས་སྔ་བའི་ཕ་ཆོས་ཡིན་ལ། རང་མི་རིགས་ཀྱི་བློ་གྲོས་ལེགས་པོའི་རྩལ་ལས་ཐོན་པའི་ཆོས་ལུགས་ཤིག་ཡིན་པ་གདོད་མི་ཟ། དེའི་ཕྱིར། བསིལ་ལྡན་ཡུལ་གྱི་བོན་ཆོས་རིག་གནས་འདི་གནའ་དེང་བོད་ཀྱི་སྤྱི་ཚོགས་འཚོ་བ་ཡོངས་ཀྱི་རྩ་བར་ཟུག་ཅིང་རྩེ་མོ་རྒྱས་འདུག་ལ། བོད་པའི་སྤྱི་ཚོགས་འཕེལ་རྒྱས་དང་ཆབ་སྲིད་དཔལ་འབྱོར། རིག་གནས་ཆོས་ལུགས་བཅས་འཛིན་སྐྱོང་སྤེལ་གསུམ་ཐད་དུ་མཛད་རྗེས་བསུབ་ཏུ་མེད་པ་བསྐྲུན་ཡོད་པ་བསྙོན་དུ་མེད་དོ། །”

མཚོ་སྔོན་གེ་སར་སྒྲུང་སློབ་ཚོགས་ཀྱི་སློབ་གཙོ། གཅོད་པ་དོན་འགྲུབ།

screen-shot-2016-11-30-at-11-23-53-pmརང་རེའི་མཁས་པ་རྣམས་ལ་ཞན་ཆ་ཞིག་ཡོད་པ་ནི། རིག་གནས་དང་ལོ་རྒྱུས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱེད་པ་དེ་རེད། སྤྱིར་རྒྱ་གར་དང་བོད་ཀྱི་བར་ལ་ཕྱོགས་གང་ཅིའི་ཐད་ནས་འབྲེལ་བ་དམ་པོ་ཡོད་མོད། འོན་ཀྱང་ཡོད་ཚད་རྒྱ་གར་ནས་བྱུང་བར་སྙམ་ན། བོད་རིག་པ་རང་གི་ལོ་རྒྱུས་དང་། རང་གི་རིག་གནས། རང་གི་ཁྱད་ཆོས། རང་གི་བསམ་བློ། རང་གི་ཡུལ་སྲོལ་གོམས་འདྲིས་སོགས་ཡོད་དམ་མེད། འདི་ཙམ་གྱི་ལྟ་བ་ལ་ངོ་རྒོལ་བྱེད་མ་ཐུབ་པ་ནི་ང་ཚོ་གཞོན་ནུ་རྣམས་ཀྱི་ངོ་ཚ་ཞིག་ཡིན་པར་མ་ཟད། ང་ཚོའི་མི་རིགས་འདིའི་ངོ་ཚ་ཞིག་ཀྱང་རེད། —

དཔལ་དོན་གྲུབ་རྒྱལ།

Screen Shot 2015-10-30 at 9.55.09 AM“ཁྱེད་རྣམ་པ་ཚོས་བོན་པོ་དང་བན་དེའི་བར་ལ་ཕྱོགས་རིས་ཆགས་སྡང་གི་སྐད་ཆ་བཤད་མི་དགོས། སེར་མོ་དང་སྐྱ་བོའི་བར་ལ་ཕྱོགས་རིས་དང་ཆགས་སྡང་གི་སྐད་ཆ་མ་བཤད།

མི་རིགས་དང་ཆོས་ལུགས་དང་དགེ་བཅུའི་ལུགས་སྲོལ་ལ་དགག་པ་རྒྱག་མཁན་དག་ལ་ཚིག་རྩུབ་དང་ཕྱོགས་རིས་ཀྱིས་དགག་པ་རྒྱག་མི་དགོས། གལ་ཏེ་གཞན་ལ་དོགས་སེལ་དང་གོ་བརྡ་ཙམ་དུ་སྨྲས་ན་གཞན་ལ་ཕན་སེམས་དང་ལྡན་པར་ཚིག་འཇམ་པོའི་ལམ་ནས་ཤོད།

དེང་སང་དྲ་ཐོག་ནས་ཆབ་སྲིད་ཀྱིས་ཉམས་ཚད་དང་། གྲུབ་མཐའི་ཉམས་ཚད། སྒེར་གྱི་ཉམས་ཚད་བླངས་ཏེ་གཡས་ཕྱོགས་ཡིན་ན་གཡོན་ཕྱོགས་དང་། གཡོན་ཕྱོགས་ཡིན་ན་གཡས་ཕྱོགས་སུ་བསྡུས་ཏེ་ཉམས་ཚད་མང་པོ་ལེན་གྱི་ཡོད་པ་རེད། དེས་ན་ཧ་ཅང་གཟབ་དགོས། ཅིས་ཀྱང་གཟབ་དགོས།”

མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

དེ་དང་དེ་ལྟ་བུའི་མཁས་པའི་སྡོམ་ཚིག་རྣམས་གཤམ་གསལ་མཆན་གྱི་ནང་སྐུ་ཉིད་ཀྱིས་ངོ་སྤྲོད་གནང་རོགས་ཞུ་ཞུ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *