བན་གཞུང་དུ་གསལ་བའི་དུས་རབས་བདུན་པའི་གོང་གི་བོད་ཡིག
རྩོམ་ཡིག་འདི་ཐེངས། 652725 བཀླགས་འདུག
།
བཻཌུརྱ་དཀར་པོ་ལས། “ཞང་ཞུང་བོན་གྱིས་འདུལ་དགོངས་ནས། སྟོན་པ་གཤེན་རབ་མི་བོ་སྤྲུལ། བོན་གྱི་ཐེག་པ་རིམ་དགུ་བསྟན། འགྲོ་རྣམས་གཡུང་དྲུང་ས་ལ་བཀོད།” ཅེས་དང༌། ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས། ལྡིང་གཉིས་ཀྱི་ལོ་རྒྱུས་འཆད་སྐབས། “རྒྱལ་བློན་འདི་གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་བྱ་བ་རྟག་གཟིགས་འོལ་མོ་ལུང་རིང་དུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞིག་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད།” ཅེས་དང༌། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས། “བོད་ཀྱི་ཡི་གེ་དེ་ཉིད་གནམ་གྱི་ཁྲི་དྲུག་པ་གདགས་ཁྲི་བཙན་པོའི་དུས་སུ་བྱུང་”ཞེས་དང༌། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་གྲགས་ཀྱི་དེབ་ཐེར་དམར་པོ་གསར་མ་ལས། རྒྱལ་སྲས་སྤུ་ལྡེ་གུང་རྒྱལ་གྱི་ལོ་རྒྱུས་འཆད་སྐབས། “འདིའི་དུས་སུ་མཐའ་འཁོབ་ཏ་ཟིག་གི་ཡུལ་དུ་སྐྱེས་པའི་སྟོན་པ་གཤེན་རབ་ཀྱིས་ཞང་ཞུང་ཡུལ་ནས་བོན་བསྒྱུར་ཏེ་དར་བར་བྱས་པ་ཡིན་འདུག བོན་རང་གི་ཡིག་ཆ་ཁག་ལས་ནི་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་བཤད།” ཅེས་དང༌། གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་ལས། “ཞང་ཞུང་གི་ལུགས་ལ་ནད་དུ་སྦྱོང་བ་བཤལ་གྱི་རྒྱུད།” ཅེས་དང༌། “གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་སྨན་གསུམ་གྱི་རྒྱུད།” ཅེས་དང༌། བཀའ་རྒྱུད་འབྲི་གུང་འཇིག་རྟེན་མགོན་པོས་ཀྱང༌། “རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི་རིང་ལ་བོན་དར་”ཞེས་དང༌། མདོ་སྨད་བྱང་ཁའི་ཡུལ་དུ་མཁས་སྙན་ཆེ་བ་ཚེ་ཏན་ཞབས་དྲུང་ཚང་གིས། “ཐོ་ཐོ་སྙན་བཙན་གྱི་དུས་སུ་བོན་པོའི་ཆོས་ཕྱོགས་སུ་སྤྱོད་པའི་ཡི་གེ་རེ་ཡོད་པའང་སྲིད། དེ་ནི་ཆོས་ཁོ་ནར་བཀོད་ན་བཀོལ་ཐུབ་པ་ཙམ་ལས། ཆོས་སྲིད་གཉིས་ཀར་བཀོལ་བའི་ཡི་གེ་ཁྱབ་བདལ་དུ་ཡོད་པར་མི་འདོད། ”ཅེས་དང༌། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ་ཞེས་པའི་ནང༌། “རྒྱལ་པོ་སྲོང་བཙན་པོ་སྒམ་པོའི་གོང་དུ་བོད་ལ་བོན་པོའི་ཆོས་ལུགས་དར་རྒྱས་ཆེན་པོ་བྱུང་ཡོད་སྟབས་ཡི་གེ་མེད་ཟེར་བ་དངོས་ཡོད་གནས་ཚུལ་དང་མི་མཐུན་ཞིང༌། ཕྱིས་ཀྱི་ལོ་རྒྱུས་མཁས་པ་འགས་སྲོང་བཙན་གོང་དུ་ཡི་གེ་མེད་ཅིང་ཐོན་མས་རྒྱ་གར་གྱི་ནཱགརའི་ཡི་གེར་དཔེ་བྱས་ནས་ཡིག་གཟུགས་གསར་གཏོད་བཏོད་བྱས་པ་ཡིན་ཟེར་བ་ནི་དེའི་གོང་དུ་བོད་ས་གནས་ཡོངས་ལ་སྤྱི་ཁྱབ་ཏུ་སྤྱོད་པའི་ཡི་གེ་མེད་པ་བཅས་ཀྱི་གོ་དོན་ཡིན་པ་མ་གཏོགས། དེའི་གོང་དུ་ཡི་གེ་གཏན་ནས་མེད་པ་དང་ཐོན་མིས་རྒྱ་གར་གྱི་ཡེ་གེར་དཔེ་བྱས་ནས་བོད་ཡིག་བཟོས་པ་ཡིན་ཟེར་བའི་གོ་དོན་མིན།” ཞེས་སོགས་གསལ་ཡོད། །
/
བསམ་ཚུལ་ཕྲིས།