སྒྲུང་དང་འདྲ་བའི་སྙན་ངག་ཅིག

རྩོམ་ཡིག་འདི་ཐེངས། 1297 བཀླགས་འདུག

screen-shot-2016-11-20-at-1-13-22-am

གྱེས་པའི་ལོ་ཟླ་བགྲང་བས་མི་ཐུབ་བསྐལ་པ་སྟོང་གི་ཡར་སྔོན་ཞིག།

ངེད་གཉིས་འཁྱམས་པའི་སྐྱེད་ཚལ་གྲུ་བཞིར་ད་དུང་ཁོ་བོ་འདུར་ཞིང་རྒྱུག།

ཤེལ་གྱི་མེ་ལོང་རྒྱབ་གཟུགས་དེ་ནས་ཁྱོད་ཀྱི་འདྲ་པར་མཐོང་བར་བརྟེན།།

སྒྲ་སྐད་བོར་བའི་མིག་ཆུ་རེ་རེ་མཁུར་ཚོས་འགྲམ་གཞུང་མར་མར་བབས།།

མཛོ་མོ་སྔོན་པོ་དེད་དུ་སོང་བའི་རི་བོ་དེ་ཡི་ཕ་རོལ་ན།།

ལྷགས་ཀས་གདུངས་ཏེ་ཁ་ཆུ་འཛག་ཅིང་ཁ་ལག་འདར་བ་ཨེ་དྲན་གི།

སྐབས་དེར་ལག་པས་ལག་པ་སྦྲེལ་ཏེ་དྲོད་ཁོལ་གསོ་བ་བརྗེད་ཚར་རམ།།

ཁོ་བོས་དྲན་པའི་མིག་ཆུ་རེ་རེར་ན་ཟུག་མཚོ་མོའི་རླབས་རྩེ་འཕྱོ།།

ཐོག་མར་འཛོམས་པའི་དགའ་བའི་ཉི་གཞོན་ད་དུང་སེམས་ན་འཁྱུགས་སེ་འཁྱུག།

བར་དུ་སོ་སོར་གྱེས་པའི་ལོ་ཟླ་ཕ་ཁུ་གསོད་པའི་དགྲ་ཟླར་མཐོང་།།

ཁེར་རྐྱང་རྐང་ལམ་ཕྲ་མོར་བརྒྱུད་དུས་ཁྱོད་ཀྱི་རིན་ཐང་བསྐྱར་དུ་རྙེད།།

ཁྱོད་ལ་དམིགས་པའི་ཉེ་རིང་མེད་ན་ང་ཡི་མེ་ཏོག་ལྷག་ཏུ་མཛེས།།

འདས་པའི་ལོ་ཟླ་ཞག་གི་འཁོར་ལོ་ཅི་ལྟར་འཁོར་ཡང་དེ་ལྟར་དྲན༵།།

དྲན་༵པའི་གནམ་ཆུ་འབབ་ཐེངས་རེ་རེར་ལྷག་ཏུ་ཡང་ཡང་ད་དུང་དྲན༵།།

དྲན༵་པ་ཚད་ཀྱིས་ཟིན་པ་མེད་པར་ཉིན་རེ་བརྒྱ་རེ་སྟོང་རེ་དྲན༵།།

དྲན་༵གྱིན་དྲན་གྱིན་དྲན་པའི་མིག་ཆུས་ཕྱི་དང་ནང་ཡང་བརླན་ཞིང་གཤེར།།

སླེབས་པ་དགུན་གྱི་རང་མདངས་གསལ་བའི་ཉིན་ཞག་ཅིག་གི་དགོང་མོ་རུ།།

ཁྱིམ་ཚང་གང་པོའི་གསང་བའི་སྦུགས་སུ་འུ་གཉིས་བརྩེ་བའི་སྟ་གོན་བྱས།།

དེ་ནས་ལོ་ཟླ་ཁ་ཤས་སོ་མཚམས་བརྩེ་བའི་དངོས་གཞི་དགའ་བས་རོལ།།

ཤ་དང་རུས་པའི་རྐང་ཞག་ཡོད་ཚད་གཅིག་གིས་གཅིག་ལ་གཏིང་ནས་བྱིན།།

ཀྱེ་མ་ཆུང་འདྲིས་ཟླ་བ་ལྷ་མོ་སྔར་ལྟར་མཛེས་ཆོས་མེད་ཀྱང་ཆོག།

ཤ་ཡི་པད་མའི་འདབ་མ་སྟོང་ལྡན་དྲོད་ཁོལ་དེ་ཙམ་མེད་ན་ཡང་།།

རྨ་མེད་སེམས་ཀྱི་རྡོ་ཡི་ཀ་རིང་གཅོང་རོང་ཡུལ་ལ་མ་འགྱེལ་ན།།

ཁོ་བོའི་སེམས་ན་དྲན་པའི་སིལ་ཆུང་ད་དུང་སིང་སིང་སིང་སིང་སིང་།།

གཡར་མོ་ཐང་གི་སྤང་གཞུང་དེ་རུ་འུ་གཉིས་འཚོ་བ་སྐྱིད་སྣང་གཅིག།

ནམ་མཁའི་མཐོངས་ལས་གློ་བུར་གློ་བུར་འབྲུག་སྟོང་ལྡིར་བའི་དངངས་སྐྲག་གཉིས།།

ཉི་མ་འདི་ནས་ཕྱིར་དྲན་མིག་གིས་ཨ་ནས་ཡང་དུ་བལྟས་པས་ན།།

སེམས་ཀྱི་ལྡེབས་རིས་སུ་དང་མི་མཚུངས་ངུ་དགོད་འཚོ་བ་མཚར་པོ་སྟེར།།

ང་ཡི་སེམས་ན་མེ་ལྟར་འབར་བའི་ཕོ་བྲང་ནང་གི་མེ་ཏོག་དེ།།

སད་ཀྱིས་མ་བཅོམ་སུ་ཡིས་མ་ཁྱེར་ད་དུང་ཕུན་སུམ་ཇེ་ཚོགས་རེད།།

རྩེད་མཚར་ངག་གི་རོལ་དབྱངས་གྱེར་བའི་མྱི་ནག་ཅིག་ལ་མི་དབང་སྟེ།།

སྙིང་གི་འཕར་སྒོ་ཕྱེ་ལ་ཁད་ཀྱི་ཁྱེད་དང་ཁྱེད་ལ་གཏན་དུ་རེ།།

མི་ཚེ་གང་གི་སེམས་སུ་འཁྱིལ་བའི་སྐེད་པ་འཁྲི་ཤིང་འཁོར་ལོ་ཅན།།

ཐམས་ཅད་དགྱེས་པའི་མཆོད་ཚོགས་སྟོང་གི་དབུ་ཡི་གཙུག་ན་མངོན་པར་འཕགས།།

མཛེས་སྡུག་གྲངས་མེད་ཧུབ་ཀྱིས་བཞེས་པས་ནམ་མཁའི་ལྷ་མོའི་དབྱངས་སུ་འགྲན།།

དཀར་འཇམ་དྲི་ཞིམ་སྨན་གྱི་ལྷ་མོ་རྫོགས་ལྡན་དཔྱིད་ཀྱི་འཇོ་སྒེག་མ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *