རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ་བཀླགས་རྗེས་ཀྱི་འཆར་སྣང་།
རྩོམ་ཡིག་འདི་ཐེངས། 748 བཀླགས་འདུག
དགེ་འདུན་ཆོས་འཕེལ་མཆོག་ནི། ང་ཚོ་བོད་ཀྱི་བསམ་བློའི་བཀག་རྒྱ་ལས་བརྒལ་བའི་མི་ཤེས་རབ་ཅན་ཞིག་རེད། ཁོང་གིས་བརྩམས་པའི་ཀླུ་སྒྲུབ་དགོངས་རྒྱན་དང་། དེབ་དཀར། གཏམ་རྒྱུད་གསེར་ཐང་། གཤིས་སྤྱོད་བཅས་ལ་བསམ་བློའི་ཤེས་རིག་གི་སྒོ་མོ་འབྱེད་པའི་ནུས་ཤུགས་དམིགས་བསལ་བ་ཞིག་ཏན་ཏན་འདུག དགེ་འདུན་ཆོས་འཕེལ་མཆོག་གི་གསུང་རྩོམ་ཁག་ཅིག་པར་སྐྲུན་བྱས་པ་དང་མཉམ་དུ་ཁ་ཅིག་གིས་དགེ་འདུན་ཆོས་འཕེལ་ནི་རྟོགས་ལྡན་ཞིག་དང་། བསམ་བློ་པ། གསར་བརྗེ་པ་སོགས་ཡིན་ཚུལ་བཤད་ནས་བསྟོད་བསྔགས་ཀྱིས་གནམ་དུ་བཏེགས་ཤིང་། འགའ་ཞིག་གིས་དགེ་འདུན་ཆོས་འཕེལ་ནི་འཆལ་སྤྱོད་པ་དང་། ལྟ་ལོག་པ། དམ་སེལ་ཅན་སོགས་ཡིན་རབས་གླེང་སྟེ་སྨད་ནས་ས་འོག་རྐང་འོག་ཏུ་འདེད་བཞིན་ཡོད། གང་ལྟར་ཡང་ “དགེ་འདུན་ཆོས་འཕེལ”ཞེས་པའི་མིང་འདིས་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་འུར་ཟེང་ངེར་བཏང་བྱུང་། ང་ལ་མཚོན་ན་དགེ་ཆོས་ཀྱི་གསུང་རྩོམ་དང་། དགེ་ཆོས་དང་འབྲེལ་བའི་ལོ་རྒྱུས་སྣ་ཚོགས་ཤིག་ཤེས་རྟོགས་བྱུང་མོད། དོན་དངོས་ཐོག་དགེ་ཆོས་ཀྱི་ཕུགས་བསམ་ངོ་མ་དེ་ཅི་ཞིག་ཡིན་པ་དང་། རྒྱ་གར་པན་ཆེན་རཱ་ཧུལ་གྱི་གཤིས་སྤྱོད་དང་ལྟ་ཕུགས་ཅི་འདྲ་ཞིག་ཡིན་མིན་ད་ཕན་ཐེ་ཚོམ་གྱི་གནས་སུ་ལྷག་ཡོད། སྟབས་ལེགས་པ་ཞིག་ལ། ཉེ་བའི་ཆར་ཨྰཅྰརྱ་ཇོ་ལེབ་ཆོས་འཕེལ་མཆོག་གིས་བསྒྱུར་བའི “རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ།”ཞེས་པའི་དཔེ་དེབ་དེ་མཐོང་བས། དགེ་ཆོས་དང་ར་ཧུལ་སྐོར་ལ་འདོད་པ་ཚིམ་པའི་ཤེས་རྟོགས་བྱུང་ཞིང་། བསྒྱུར་དེབ་འདི་ནི་དགེ་ཆོས་དང་ར་ཧུལ་སྐོར་ལ་ཉེ་བར་བཅར་བའི་དཔྱད་གཞིའི་ཡིག་ཆ་ཁུངས་ཐུབ་ཅིག་ཡིན་པ་ངང་གིས་ཚོར་ཡོང་། གཤམ་ནས་རྩོམ་པ་པོ་ཕེ་ནེ་མུ་ཁར་ཇིས་རཱ་ཧུལ་བརྗོད་པའི་ཚན་པ་ཁག་ཅིག་འདིར་དྲངས་ཏེ། ང་ཚོས་རྒྱ་གར་པཎ་ཆེན་རཱ་ཧུལ་མཆོག་ལ་ཞིབ་ལྟ་ཞིག་བྱེད།
སྒྱུར་དེབ་ལས། ཁོང་གིས་ང་ལ“གླེན་རྟགས་མ་སྟོན་”ཅེས་བརྗོད་བྱུང་། ངས “ལྷ་ལ་གུས་འདུད་བྱེད་བཞིན་ཡོད་ ”ཅེས་བཤད་པར། ཁོང་གད་མོ་དགོད་བཞིན་ “ལྷ་ལ་ཡིད་ཆེས་པའི་དད་པ་ནི་སྨྱོན་པ་རེད། ཆོས་ཀྱིས་མགོ་སྐོར་གཏོང་བ་དང་། དངུལ་ལེན་ཆེད་དུ་སྐུ་རྫུན་མ་ཞིག་བཟོས་བཞག་པ་རེད”ཅེས་དང་། ངས་ “དེས་ན་ལྷ་སྐུ་ངོ་མ་གང་དུ་ཡོད་དམ་”ཅེས་དྲིས་པར་ཁོང་གིས། “དེ་ནི་རླབས་ཆེན་གྱི་ལེ་ཉིན་ཁོང་ཨུ་རུ་སུའི་རྒྱལ་ས་མོ་སུ་ཁོ་ལ་བཞུགས་ཡོད་པ་རེད་”ཅེས་དང་། སྐད་ཆ་འདི་གོ་ནས་ངའི་སྙིང་རྨས་མ་འཕར་ལྡིང་བྱེད་མཚམས་ཆད་པ་ལྟར་ང་རང་ཁ་ཁུ་སིམ་པོར་སྡོད་དགོས་བྱུང་། ཡང་ར་ཧུལ་ལགས་ཀྱིས་བརྗོད་རྒྱུར། “ཕེ་ནེ་བྷྰ་བྷོའི་ག་རེ་བྱས་ནས་ཁོང་ཁྲོ་ལང་གི་ཡོད། ངས་ཁྱེད་རང་གི་སྐྱེ་བ་སྔོན་མའི་བག་ཆགས་ནོར་འཁྲུལ་དེ་བཅོས་ནས། ཁྱེད་ལ་དངོས་ཡོད་ཀྱི་མི་ཚེའི་ཆོས་ཀྱི་རྩ་བ་སློབ་ཀྱི་ཡོད། བ་གླང་གི་ཤ་ཟོས། དར་དམར་གྱི་བསྟོད་གླུ་ལོངས། དེ་འདྲ་བྱས་ན། ཁྱེད་རང་དང་རྒྱ་གར་བ་ཡོངས་ལ་དགེ་ལེགས་ཡོང་”ཞེས་བཤད་པས་ང་རང་ཁོང་ཁྲོ་ཆེན་པོ་ལངས་ཏེ་ལན་འདེབས་འདོད་ཀྱིས་ངའི་ལུས་ཡོངས་རྫོགས་མེ་འབར་བ་བཞིན་འདར་སིག་སིག་བྱས་བྱུང་། ཡིན་ནའང་། སྐུ་ཞབས་ཁོང་གི་མདུན་ནས་ལན་འདེབས་བྱེད་མ་ཐུབ་པར་ཕྱིར་ཐོན། ཅེས་བྲིས་འདུག གོང་གི་སྐད་ཆ་དེ་ནི་དེབ་འདི་རྩོམ་པ་པོ་ཕེ་ནེ་མུ་ཁར་ཇེ་དང་པཎ་ཆེན་རཱ་ཧུལ་བར་བྱུང་བའི “སེམས་གཙོ”དང་། “དངོས་གཙོ”བར་གྱི་ཚ་ཤུགས་ཆེ་བའི་རྩོད་གླེང་ཞིག་ཡིན་ནམ་སྙམ། འཕྲོས་མོལ་འདི་ལས་ང་ཚོས་གསལ་བོ་ཤེས་ཐུབ་པ་ནི། རྒྱ་གར་པཎ་ཆེན་རཱ་ཧུལ་མཆོག་ང་ཚོས་ནམ་རྒྱུན་གདེང་འཇོག་ཞུ་བཞིན་པའི་སེམས་ཀྱི་དག་ཞིང་ན་བཞུགས་པའི་རྒྱ་གར་པཎ་གྲུབ་ཅིག་མ་ཡིན་པར། མིག་གིས་མཐོང་རྒྱུ་དང་ལག་པས་རེག་རྒྱུ་ཡོད་པར་ཡིད་ཆེས་བྱེད་པའི་དངོས་གཙོ་པ་མགོ་མཁྲེགས་ཤིག་དང་། ཨུ་རུ་སུའི་སྤྱི་ཚོགས་གསར་བརྗེ་པ་ལེ་ཉིན་ལྷ་རུ་བཀུར་ཞིང་དམར་པོའི་ལྟ་བ་ཚེ་སྲོག་གི་སྙིང་བོར་འཛིན་མཁན་ཞིག་ཡིན་པར་གསལ་སྟོན་བྱས་ཡོད།
།
དེ་བཞིན་སྒྱུར་དེབ་དེར། “ངས་ཨ་བྷ་ཡ་སིང་ལགས་སུ་དེའི་སྐོར་ཡང་ཡང་དྲིས་པས། ཁོང་གིས་ཟེར་ན། རཱ་ཧུལ་ལགས་སྔོན་མ་བོད་ལ་ཐོག་མར་སླེབས་སྐབས་ཀྱང་ཁོང་གིས་ཅི་ནུས་ཀྱིས་རོགས་མང་བོ་བྱས་ཏེ་ཁོང་སྒེར་གྱི་དངུལ་ཡང་ལས་གཞི་འདི་ལེགས་འགྲུབ་ཆེད་བཏོན་ཡོད་པ་དང་། རཱ་ཧུལ་ལགས་ཀྱིས་དེ་དུས་གླ་ཆ་སྟེར་རྒྱུ་ཁས་ལེན་བྱས་ནའང་། ཕྱིས་སུ་རཱ་ཧུལ་ལགས་ཀྱིས་དངུལ་ཕྱིར་སྤྲོད་རྒྱུ་གཡོལ་ཐབས་བྱས་པའི་སྐོར་བཤད་བྱུང་། ངས་སྐབས་དེར་ཁོང་གིས་ཁོང་ཁྲོའི་སྒོ་ནས་བཤད་ཀྱི་འདུག་བསམ་མོད། ཡིན་ནའང་། རྗེས་སུ་ང་ལ་ཡང་ཨ་བྷ་ཡ་སིང་ལགས་ཀྱི་ཉམས་མྱོང་དེ་རག་བྱུང་། ངས་རང་སྲོག་འབེན་ལ་བཙུགས་ཏེ་དཀའ་ཁག་ཆེ་བའི་བོད་དུ་འགྲོ་རྒྱུའི་ལས་ཀར་ཞུགས་པ་དང་། བརྗོད་ཐབས་བྲལ་བའི་དཀའ་སྡུག་མང་བོའི་གནས་སྟངས་གདོང་ལེན་བྱས་ཏེ་ཉིན་མཚན་སྤྲེལ་ནས་དཔེ་ཆ་པར་རྒྱག་པའི་ལས་ཀ་བྱས་པ་ཡིན། རཱ་ཧུལ་ལགས་ཀྱིས་ལེགས་འགྲུབ་ཀྱི་དབུ་རྒྱན་སྤྲས་ནས་ཕྱིར་རྒྱ་གར་དུ་བདེ་འབྱོར་བྱུང་རུང་ང་ལ་ལེགས་གསོའི་བྱ་དགའ་སྤྲོད་རྒྱུ་ཕར་ཞོག་གླ་ཆའང་སྤྲོད་རྒྱུ་བརྗེད་འདུག མི་མཁས་པ་ཞིག་གིས་ང་ལ་ཁ་བཙུམས་ནས་སྡོད་དགོས་པ་དང་། གལ་སྲིད་ཁ་བཙུམས་ནས་མ་བསྡད་ན་ལམ་ཁ་གཞན་ནས་གོ་བརྡ་སྤྲོད་རྒྱུ་ཡིན་ཞེས་བཤད་བྱུང་། འདི་འདྲའི་གནས་སྟངས་ཤིག་གི་འོག་བཀུར་འོས་སྤུན་གྲོགས་ཀྱི་བཀའ་མངགས་ལྟར་ཁྲག་ཧུབ་གཅིག་འཐུངས་ནས་ཁ་བཙུམས་བསྡད་པ་ཡིན། ཕྱིས་སུ་རཱ་ཧུལ་ལགས་ལ་མཇལ་འཕྲད་ལན་མང་བྱུང་ཞིང་། བདེ་སྡུག་གི་བྱ་བ་མང་པོར་འཕྲད་ཀྱང་ང་ལ་གླ་ཆ་སྤྲོད་དགོས་པའི་ཞེན་ཆགས་མ་བྱས་པར་གང་བྱུང་བ་ནི་བྱུང་ཚར་བ་རེད། སྒོར་མོ་དང་སྙན་གྲགས་ནི་སོ་སོའི་བསོད་ནམས་ལ་བརྟེན་ནས་རག་གི་རེད་བསམ་བྱུང་།”ཞེས་བྲིས་གནང་འདུག གནས་ཚུལ་འདིས་ཅི་ཞིག་སྟོན་གྱི་ཡོད་པ་རེད་ཟེར་ན། པཎ་ཆེན་རཱ་ཧུལ་ལགས་ནི་སྐབས་རེར་ཁ་བཤད་དོན་ལ་མི་གནས་པའི་མི་གཞི་སྐྱོན་ཅན་ཞིག་དང་། རང་ལ་ལྟོས་པའི་མི་ཚོར་རྒྱུན་དུ་ཁྱད་གསོད་མཐོང་ཆུང་གཏོང་མཁན་ཞིག་ཡིན་པར་མ་ཟད། དབང་ཆ་སྒེར་གཅོད་བྱེད་པའི་བག་ཆགས་ངན་པ་ཐེབས་ཐོག སྐུ་རླུང་ཡང་ཤིན་ཏུ་ཚ་བོ་ཡིན་པའི་སེམས་ཚོར་ཞིག་རང་བཞིན་གྱིས་སླེབས་ཡོང་གི་འདུག
།
དེ་བཞིན་སྒྱུར་དེབ་དེར། པཎ་ཆེན་རཱ་ཧུལ་ལགས་རྒྱ་གར་གྱི་བླ་མ་དང་། ཆོས་པ། གྲྭ་པ་སོགས་ཀྱི་མིང་ཐོག་ནས་གོས་ངུར་སྨྲིག་གོན་བཞིན་བུད་མེད་སྟབས་ཀ་གང་ལྡན་ལ་རྒྱོ་མཁན་ཞིག་དང་། བོད་ཀྱི་ཆོས་སྡེ་དང་བླ་གྲྭ་མང་བོར་དབུ་སྐོར་སྐྱག་རྫུན་བཤད་ནས་རང་གི་མངོན་འདོད་སྒྲུབ་མཁན་ཞིག་ཡིན་ཚུལ་ཡང་ཡང་གླེང་འདུག ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་པཎ་ཆེན་རཱ་ཧུལ་གྱིས་སྙིང་སྟོབས་ཆེན་པོའི་སྒོ་ནས་སྐུ་ངལ་ཁྱད་དུ་བསད་ཏེ་གནའ་བོའི་རྒྱ་གར་གྱི་ཤེས་རིག་སྲུང་སྐྱོབ་དང་། ད་ལྟའི་རྒྱ་གར་གྱི་མ་འོངས་པའི་མདུན་ལམ་གྱི་དོན་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་ལྟ་བུར་སྣང་ནའང་། ཁོང་གི་ཐུགས་གཏིང་ན་ཡིབ་པའི་སྲོལ་རྒྱུན་གཙང་བཤགས་དང་། དམར་ལུགས་གསར་བརྗེ་བྱེད་པའི་བསམ་བློ་འདིས་རྒྱ་གར་ལ་ཕན་གནོད་གང་ཆེ་ཐག་གཅོད་དཀའ་བ་ཞིག་རེད། སྤྱིར་བཏང་ང་ཚོ་བོད་པ་ཚོ་རྒྱ་གར་གྱི་དགེ་ཕྲུག་ཡིན་གསུང་གིན་ཡོད་པ་རེད། དགེ་རྒན་དང་དགེ་ཕྲུག་གཉིས་བསྡུར་བ་ཡིན་ན། བརྩོན་འགྲུས་ཀྱི་ཆ་ནས་རྗེ་བཙུན་མུ་ལ་ལྟ་བུའི་དགེ་ཕྲུག་ཆེས་ཉུང་ཤས་ཤིག་ལས། རྒྱ་གར་ཆོས་པའི་བརྩོན་འགྲུས་ལ་འགྲན་ཐུབ་མཁན་དཀོན་པོ་ཡིན་པ་ནི། དེང་གི་དུས་སུའང་རྒྱ་གར་ཆོས་པ་དཀའ་ཐུབ་ཅན་ཚོའི་རྣལ་མའི་ཀུན་སྤྱོད་ལ་བརྟགས་ན་ཧ་གོ་ཐུབ།
།
པར་པ་ཕེ་ནེ་མི་གར་ཇིས་མཁས་དབང་དགེ་འདུན་ཆོས་འཕེལ་རྗོད་སྐབས། གྲོགས་ “སྙིང་རྗེ་ཅན་”དང་ “དགེ་བཤེས” “པཎྡྲིཏ” “བདག་ཉིད་ཆེན་པོ”སོགས་ཆེ་བ་བརྗོད་པའི་ཚིག་གིས་ཡང་ཡང་གླེང་ཡོད་ཅིང་། ལྷག་པར་ཁོང་གིས་དགེ་འདུན་ཆོས་འཕེལ་བོད་ཀྱི་ཤེས་རིག་འཛིན་སྐྱོང་གི་སྡེ་ལས་མཁས་པ་ཡོད་པར་གདེང་འཇོག་བྱས་འདུག་སྟེ། སྒྱུར་དེབ་ལས། “ཁོང་གིས་བོད་དང་རྒྱ་གར་གྱི་རྩོམ་རིགས་དཔེ་དེབ་མང་པོ་བཀླགས་ཡོད། པཎྡྲིཏ་ཆེན་པོ་དང་མཉམ་དུ་འགྲོགས་འདྲིས་ཀྱི་གོ་སྐབས་མང་པོ་རག་པར་བརྟེན། ཁོང་ནི་བོད་ཀྱི་དགོན་པའི་བླ་མ་སྤྱིར་བཏང་བ་ལས་མཁས་པ་ཆེ་བ་རེད་མཚམས་རེར་མཁས་དབང་རཱ་ཧུལ་དང་མཉམ་དུ་གནས་བོའི་ལོ་རྒྱུས་དང་། སེམས་ཁམས་རིག་པའི་སྐོར་ལ་རྩོད་པ་ཡང་བྱེད་ཀྱི་ཡོད། དེ་རིང་སྐད་ཆ་རྙིང་པ་དེ་རྣམས་ཚུར་དྲན་གསོ་གཏོང་གི་ཡོད། བདག་ཉིད་ཆེན་པོ་རཱ་ཧུལ་ལགས་དང་དགེ་བཤེས་དགེ་འདུན་ཆོས་འཕེལ་རྣམ་གཉིས་གཤེགས་ཟིན་པ་རེད། ཡིན་ན་ཡང་། ང་ཚོས་ཁོང་གཉིས་ཀྱི་མི་ཚེའི་ལོ་རྒྱུས་གཤིན་རྗེའི་འཇིག་རྟེན་དུ་གླུ་རུ་བླངས་ནས་ཡིད་ཚིམས་པར་བྱེད་ཀྱི་ཡོད། བདག་ཉིད་ཆེན་པོ་རཱ་ཧུལ་ལགས་ལྟ་བུ་དེང་རབས་ཀྱི་བསམ་བློ་ཡོད་མཁན་གྱི་ཤུགས་རྐྱེན་ལ་བརྟེན་ནས། དགེ་བཤེས་ལགས་གསར་བརྗེའི་ལམ་ཁར་ཕྱིན་པ་རེད།”ཅེས་བྲིས་འདུག རྩོམ་པ་པོ་ཕེ་ནེ་མི་གར་ཇིས་རང་ཉིད་དཀའ་སྡུག་གི་འགྲུལ་བཞུད་ཁྲོད་དགེ་འདུན་ཆོས་འཕེལ་དང་ཟླ་ངོ་མང་བོར་འགྲོགས་འདྲིས་བྱུང་སྐབས་ཀྱི་བཅོས་མིན་གྱི་སེམས་ཚོར་དང་། རྨེང་ཚིག་རྣམས་ཟིན་ཐོར་བཏབ་པ་འདི་ལས། ང་ཚོས་གསལ་བོར་ཤེས་ཐུབ་པ་ཞིག་ནི། དགེ་འདུན་ཆོས་འཕེལ་ནི། མི་གཞི་ཀུ་ཡངས་པོ། ཐུགས་གཤིས་འཇམ་པོ། སེམས་རྒྱུད་བཟང་པོ། དངོས་ཡོད་ལ་ཁ་ཕྱོགས་པ། མདོར་ན། ཁོང་ནི་ལྟ་བ་དམར་ཕྱོགས་པ། སྤྱོད་པ་ངོ་རྒོལ་མཁན། སྒོམ་པ་གསར་བརྗེ་ཞིག་ལ་རྒྱང་ལྟ་གཏོང་མཁན་ཞིག་རེད།
།
ནམ་རྒྱུན་ངའི་སེམས་སུ་དགེ་འདུན་ཆོས་འཕེལ་གྱིས་ཅིའི་ཕྱིར་ཁོང་མི་ལོ་བཅུ་གཉིས་ཀྱི་རྒྱང་འགྲུལ་ཁྲོད་མངོན་གསལ་དོད་པོའི་སྒོ་ནས་སྐབས་དེའི་བོད་གཞུང་དང་། ཡང་ན། གཞུང་འབྲེལ་མི་སྣ། བོད་མིའི་ཚོགས་སྡེ་སོགས་སུ་མཉམ་འབྲེལ་རྒྱལ་ཚོགས་གསར་དུ་ཚུགས་བཞིན་ཡོད་པ་དང་། རྒྱ་གར་བས་རང་བཙན་ལེན་བཞིན་ཡོད་པ། རྒྱ་གར་ཨིན་གཞུང་གི་དབང་ཤུགས་ཉམས་རྒུད་ནས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ། རྒྱ་ནག་གོ་མིན་སྲིད་གཞུང་འཇིག་ལ་ཉེ་བ་སོགས། ཛ་དྲག་གི་ཉེན་ཁ་དང་གོ་སྐབས་དེ་དག་ཡོངས་ཁྱབ་མ་བྱས་པ་ཡིན་ནམ། ཅིའི་ཕྱིར་ཁོང་གིས་དམར་པོའི་སྤྱི་ཚོགས་རང་ལུགས་ཀྱི་བསམ་བློ་དང་། ནུབ་ཕྱོགས་ཀྱི་མང་གཙོའི་ལྟ་བ། བོད་ལ་དགོས་ངེས་ཀྱི་བཅོས་བསྒྱུར་སོགས་ཡོངས་ཁྱབ་མ་བྱས་པ་ཡིན་ནམ། ཁོང་གིས་ལྟོ་རྐྱ་གོས་ཧྲིལ་ངང་རྒྱལ་རབས་དང་། ལོ་རྒྱུས། ལྟ་གྲུབ། རིག་གསར་སོགས། རྩོམ་ས་ནས་རྩོམ། བསྒྱུར་ས་ནས་བསྒྱུར་ཏེ་བོད་ཀྱི་ཤེས་རིག་ནང་འོད་ལམ་ལམ་གྱི་མུ་ཏིག་རྡོག་གཅིག་བཞག་རྗེས། བཙོན་འོག་ནས་དཀའ་སྡུག་དཔག་མེད་མྱོང་བཞིན་ཐ་མའི་ཚེ་སྲོག་མེ་སྔགས་དང་བཅས་ཆད་དགོས་བྱུང་པ་ཡིན་ནམ། ཞེས་དྭོགས་འདྲི་མང་བོ་བྱེད་ཀྱིན་ཡོད། སྒྱུར་དེབ་འདི་བཀླགས་པས། ངའི་སེམས་ཀྱི་དྭོགས་པ་རྣམས་རང་བཞིན་གྱིས་མེད་པར་གྱུར། སྒྱུར་དེབ་ལས། “ཡིན་ན་ཡང་བར་སྐབས་ཤིག་ལ་འབྱོར་ལྡན་ཡིན་པའི་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས་གྲྭ་པ་སློང་མོ་བ་ཞིག་བྱས་ནས་རིག་པ་འཚོལ་བཞིན་འཁྱམ་ཡོད་པ་དང་། ཁོང་གི་ཚེ་མཇུག་གི་སྒྲུང་དེ་བས་སེམས་སྡུག་བྱེད་ཅིག་རེད། རྗེས་སུ་ཁོང་གིས་དེང་རབས་ཆབ་སྲིད་ཀྱི་བསམ་བློ་གང་སར་བསྒྲགས་པའི་ནག་ཉེས་ཀྱིས་ཁོ་རང་བཙོན་ཁང་དུ་བཅུག་ནས་རང་སྲོག་ཤོར་བ་རེད། འདི་ནི་དགེ་བཤེས་དགེ་འདུན་ཆོས་འཕེལ་ལགས་གཅིག་པུར་རྒྱ་གར་ནས་བོད་དུ་ཐེངས་གཉིས་པར་ཕྱིན་ནས་དེ་གའི་བོད་ཀྱི་སྲིད་དབང་འཛིན་མཁན་ཚོ་ལ་འབྱུང་འགྱུར་འཇིགས་སྣང་ཆེ་བའི་ཆབ་སྲིད་ཀྱི་རླུང་འཚུབ་འོང་རྒྱུའི་སྔོན་བརྡ་སྤྲོད་ཆེད་ཕྱིན་སྐབས་བྱུང་བ་རེད”ཅེས་དང་། ཚིག་དུམ་འདིའི་ཐོག་ནས་བལྟས་པ་ཡིན་ན། སྐབས་དེའི་ང་ཚོའི་གཞུང་དང་དཔོན་རིགས་ཚོར་ཤེས་རིག་གསར་པ་དང་དུ་ལེན་འདོད་ཀྱི་སྤོབས་པ་བྲལ་ཞིང་། བསམ་བློ་གསར་པས་རང་སེམས་གསོ་འདོད་ཀྱི་འདུ་ཤེས་བག་ལ་ཞ་སྟེ་སྲོལ་རྙིང་མཁྲེགས་འཛིན་གྱི་ཁྲིམས་ཐག་ཤེས་རབ་ཀྱི་བདག་པོ་ཚོའི་སྐེ་ལ་སྐོན་ཆོག་ཆོག་ཡོད་པ་གསལ་ཡོང་གི་འདུག ཡང་། སྒྱུར་ལས། “དགེ་བཤེས་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཁོང་གི་གྲོགས་པོ་པཎྡྲིཏའི་སྐོར་ངོ་སྤྲོད་བྱེད་སྐབས། ཇི་ལྟར་དགེ་བཤེས་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་ཕྱི་ལོགགས་འཛམ་གླིང་གི་གནས་སྟངས་ཤེས་རྟོགས་བྱུང་ནས་བོད་སྔ་སྲོལ་གྱི་ལམ་ལུགས་རྙིང་པ་རྩ་མེད་བཏང་ནས་སླར་ཡང་སྲ་བརྟན་གྱི་སྤྱི་ཚོགས་གསར་པ་ཞིག་སྐྲུན་བྱེད་པའི་རྨི་ལམ་གཏོང་གི་ཡོད་པ་དེ་ལྟར་ཁོང་གི་གྲོགས་པོ་ལ་ཡང་འདི་འདྲའི་བསམ་བློ་ཡོད་དང་། ཁོང་གི་གྲོགས་པོ་མཁས་པ་འདི་ནི་སྔོན་ཆད་སྙན་གྲགས་ཆེ་བའི་བཀྲ་ཤིས་ལྷུན་པོའི་ལས་སྣེ་མཐོན་པོའི་གྲས་ཤིག་ཡིན་པ་དང་། ཁོང་གིས་བསམ་བློ་རྙིང་པ་འཛིན་མཁན་གྱི་བླ་མ་རྣམས་ལ་རྒྱུན་དུ་རྩོད་པ་དང་བགྲོ་གླེང་མང་བོ་བྱས་པའི་སྐོར་མཐོ་རིམ་མི་སྣས་ཤེས་ཏེ་ཁོང་བླ་མའི་གོ་གནས་ལས་མར་ཕབ་འདུག ཁོང་གི་འབྲས་སྤུང་དགོན་པའི་དགེ་རྒན་ཆེན་མོ་གནང་རྗེས་བཀྲ་ཤིས་ལྷུན་པོའི་མཐོ་རིམ་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་སྐབས་འདི་གའི་བླ་མ་ཚོགས་པས་ཁོང་ལ་ལོག་སྤྱོད་ཅེས་པའི་ནག་ཉེས་བཙུགས་ཏེ་དགོན་པ་ནས་ཕུད་འདུག དེ་རྗེས་ཁོང་གིས་འདི་གའི་འབྱོར་ལྡན་གྱི་ཚོང་པའི་བུ་ཕྲུག་རྣམས་ལ་སློབ་ཁྲིད་དང་། སྨན་པའི་ལས་ཀ་གནང་གི་ཡོད་འདུག ཡིན་ན་ཡང་ཁོང་གིས་དུས་ཚོད་མང་ཆེ་བ་དཀའ་ཁག་ཆེ་བའི་ཆོས་དཔེ་སློབ་གཉེར་བྱེད་པར་སྐྱེལ་གྱི་ཡོད་འདུག ཁོང་རང་དགོད་ཞོར་དུ། “ཁྱེད་རང་རྒྱ་གར་དུ་ཕྱིར་ལོག་ནས། ང་ཚོ་བོད་མི་གླེན་པ་ཚོའི་སྐོར་ལ་གཏམ་ཉག་ཉོག་ཅིག་བྲིས་ནས་སྒོར་མོ་མང་པོ་འཚོལ་དགོས་”ཞེས་དང་། “བོད་མི་རྣམས་མུན་ནག་ཏུ་སྡོད་པར་དགའ་བོ་ཡོད་པ་དང་། རང་གི་རྣ་བས་ཕྱི་ལོགས་འཇིག་རྟེན་འཕེལ་རྒྱས་ཀྱི་གཏན་ཉན་རྒྱུ་ཡང་སྡིག་པ་ཞིག་ཏུ་བརྩི་བ་རེད། བླ་མ་སུ་འདྲ་ཞིག་གིས་ཀྱང་འདི་གའི་བོད་ཀྱི་བླ་མ་ལྐུགས་པ་ཚོར་ལེགས་བཅོས་གཏོང་དགོས་པའི་གཏམ་བཤད་ཚེ། དེ་ལ་ང་ནང་བཞིན་སྨྱོན་པ་རེད་ཅེས་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་གི་རེད། ”ཅེས་གསུངས་འདུག ཅེས་དང་། ཡང་། “པཎྡྲིཏ་བསམ་བློ་དགེ་བཤེས་ལགས་གད་མོ་དགོད་ཞོར་དུ་བོད་ཀྱི་རྩོམ་པ་པོ་ཞིག་གིས་བྲིས་པའི་རྩོམ་ཡིག་གི་འབྲུ་དོན་གསལ་པོར་རྟོགས་མི་ཐུས་པ་དེ་ནི་མཁས་པ་ཆེན་པོར་བརྩི་བ་རེད་ཟེར། ཁོང་གིས་རང་གི་རྒྱལ་ཁབ་དང་དཔོན་རིགས་ཚོའི་ཐོག་ལ་སེམས་ཁུར་བྱེད་བཞིན་དུ་དགེ་བཤེས་དགེ་འདུན་ཆོས་འཕེལ་གལས་ཀྱིས་འདིའི་དཔོན་རིགས་ཁག་ལ་འཕྲལ་དུ་འགྱུར་བ་གཏོང་དགོས་པའི་དུས་ལ་སླེབས་པའི་སྐོར་བཤད་ཡོད་པ་དང་། གལ་སྲིད་འཕྲལ་ད་བསྒྱུར་བཅོས་མ་བཏང་ན་ཆབ་སྲིད་ཀྱི་རླུང་འཚུབ་ལངས་ནས་རྒྱལ་ཁབ་རྩ་མེད་དུ་འགྲོ་རྒྱུའི་ཉེ་ཁ་ཡོད་པ་དང་། གོ་མིན་ཏང་རྒྱ་ནག་ནི་རྒྱལ་ཁབ་ཆེན་པོ་ཞིག་རེད། དེའི་རྐང་པ་རྩ་བ་ནས་བཀོད་ན་ང་ཚོ་འཛམ་གླིང་དུ་བཙལ་ཡང་རྙེད་ཀྱི་མ་རེད་ཅེས་དཔོན་རིགས་ཚོར་སྔོན་བརྡ་ཞུས་འདུག”གོང་གི་ཚིག་འདི་དག་དགེ་འདུན་ཆོས་འཕེལ་དང་། བསམ་བློ་དགེ་བཤེས། རྩོམ་ཡིག་འདི་འབྲི་མཁན་ཕེ་ནེ་མི་གར་ཇི་བཅས་མཉམ་འཛོམས་སྐབས་ཀྱི་མཐོང་ཐོས་སྐོར་ཟིན་བྲིས་བཏབ་པ་ཞིག་རེད། ངས་དགེ་ཆོས་བཞུགས་སྐབས་འབྲས་སྤུངས་སུ་བསམ་བློ་དགེ་བཤེས་ཞེས་ཞུ་པའི་འཆར་སྣང་ཆེན་པོ་ཅན་ཞིག་ཡོད་པ་དེ་ལན་མ་གཏོགས་ཤེས་མ་ཐུབ། ངས་གོ་མྱོང་བ་ཞིག་ནི། བསམ་བློ་མི་ཐུང་དང་། ཀླུ་འབུམ་མི་རྒོད་ཅེས་པའི་མི་གཉིས་ཀྱི་སྐོར་ལ་བཤད་པའི་སྒྲུང་གཏམ་ལྟ་བུ་ཞིག་ཡིན། ཅིག་བྱས་ན་བསམ་བློ་དགེ་བཤེས་འདི་སྒྲུང་གཏམ་ནང་གི་བསམ་བློ་མི་ཐུང་དེ་ཡིན་སྲིད། གང་ལྟར་ཡང་། དགེ་ཆོས་ནི་ཀུན་ལ་ཡོངས་གྲགས་ཀྱི་མཁའ་པ་ཆེན་པོ་ཞིག་རེད། ཕེ་ནེ་མུ་གར་ཇིས་ངོ་སྤྲོད་ལ་བལྟས་ན་བསམ་བློ་འདིའང་མཁས་ཆེན་ཞིག་ཡིན་པ་གསལ་བོ་རེད། བསམ་བློ་དགེ་བཤེས་ཞེས་ཞུ་བ་འདིའི་སྐོར་རྒྱུས་མངའ་ཅན་ཡོད་ན་མཚམས་སྦྱོར་རེ་བྱེད་རྒྱུ་གལ་ཆེན་པོར་མཐོང་སོང་། སྐབས་འདིར་ངའི་སེམས་ལ་དྲི་བ་ཞིག་དབང་མེད་དུ་འཆར་ཡོང་བ་ནི། གལ་སྲིད་བསམ་བློ་དང་དགེ་ཆོས་ལྟ་བུའི་ཤེས་རབ་དང་འཆར་སྣང་འདྲེས་པའི་དགོངས་པ་ཆེན་པོ་བཞེས་མཁན་དེ་ཚོའི་ལམ་སྟོན་ལ་གོ་ཤེས་ལག་བསྟར་རེ་བྱས་ཡོད་པའི་དབང་དུ་བཏང་ན། ང་ཚོ་ད་ལྟའི་བོད་ཀྱི་གནས་བབ་དེ་ཡང་སྙིང་ཅི་འདྲ་ཞིག་གི་ངོར་གནས་ཡོད་དམ། ཡང་། སྒྱུར་དེབ་ལས། རཱ་ཧུལ་ལགས་དང་དགེ་བཤེས་དགེ་འདུན་ཆོས་འཕེལ་གཉིས་ཀྱིས་ཟ་མ་ཟ་ཞོར་དུ་མི་ཚེའི་བརྗོད་གཞི་ཆེན་པོ་ཞིག་གི་ཐོག་ལ་གླེང་མོལ་བྱེད་འགོ་ཚུགས། ཡུད་ཙམ་རིང་དགེ་བཤེས་ལགས་ཀྱི་སྐད་ཆར་ཉན་ནས་ཤེས་རྟོགས་བྱུང་བ་ནི་ཨ་མདོ་བླ་མས་དགེ་བཤེས་དགེ་འདུན་ཆོས་འཕེལ་ལགས་རང་ཡུལ་དུ་ཕྱིར་ལོག་རྒྱུའི་རེ་སྐུལ་ཞུས་འདུག་ཀྱང་། ཁོང་གིས་ལོ་མང་པོར་ཤེས་ཡོན་སྦྱངས་ནས་སླར་ཡང་ལམ་སྲོལ་རྙིང་པའི་བླ་མ་ཚོ་དང་མཉམ་དུ་འདུག་འདོད་མེད་པ་རེད་འདུག མཁའ་དབང་འདི་གཉིས་ཀྱིས་བོད་སྐད་དང་དབྱིན་སྐད་དུ་གླེང་མོལ་གནང་བས་གཏམ་ཆ་ཚང་གོ་མ་ཐུབ་ཀྱང་། ཐེངས་གཅིག་པཎྡྲིཏ་དགེ་བཤེས་དགེ་འདུན་ཆོས་འཕེལ་ལགས་ཀྱི་སྐད་ཤུགས་ཆེན་པོས། “ལྭ་བ་ལྷོད་པོའི་ཐོག་རས་ལྷབ་རིང་པོ་ཞིག་གྱོན་ནས་རྔ་རྡུང་ཞོར་གཞུང་འཛིན་རྒྱུ་ད་ལྟའི་ཆར་མི་སྲིད་པ་ཞིག་རེད། མི་ཆེ་ཆུང་ཡོད་ཚད་ཀྱི་སེམས་ལ་རང་དབང་གི་རྦ་རླབས་འཁྱིལ་བཞིན་ཡོད་པ་རེད། མི་མང་ལྐུག་པར་བཏང་ནས་འཕྲོག་བཅོམ་བྱེད་པའི་ལས་ཀ་གཡུགས་ཏེ། གལ་སྲིད་རྒྱལ་ཁབ་གཉིད་ལས་དཀྲོག་རྒྱུའི་བྱ་བར་རྩོམ་ན། ཕལ་ཆེར་ང་ཚོའི་རྒྱལ་ཁབ་སྐྱོབ་ཐུབ་ཀྱི་རེད་།”ཟེར། རྩ་ཆེའི་གཏམ་འདི་ཉན་ནས་རཱ་ཧུལ་ལགས་ཀྱང་ལུས་དྲང་པོར་བསྡད་ཏེ། གྲི་ཐུང་གིས་ར་ཤ་སྐམ་པོའི་བྲང་ཤ་གཏུབ་ཞོར་དུ་བརྗོད་རྒྱུར། “ལོ་ངོ་སྟོང་ཕྲག་མང་པོར་ཕྱིན་པའི་གྲྭ་པའི་ཚུལ་འཆོས་ཀྱི་བྱ་བ་གཡུགས་ནས་རྒྱལ་ཁབ་ཀྱི་སྲང་ལམ་དང་། གྲོང་གསེབ་རེ་རེ་ལ་བརྒྱུགས་ཏེ་མི་ཡོད་ཚད་ཀྱི་སེམས་ནང་ལ་རང་དབང་གི་མེ་སྒྲོན་ཤོད་དང་། ཁྱེད་ཀྱིས་ཧི་མཱ་ལ་ཡའི་འདི་ཕྱོགས་ཀྱི་ཐང་ཆེན་འདིར་འཐབ་འཁྲུག་གི་གཡུལ་ས་ཟོས་ཤོག་དང་། ངས་ཕར་ཕྱོགས་རྒྱ་གར་དུ་མ་ཧྰ་བྷ་ར་ཏའི་འཐབ་འཁྲུག་སློང་རྒྱུ་ཡིན་།”ཞེས་དང་། བདག་ཉིད་ཆེན་པོ་རཱ་ཧུལ་ལགས་ཀྱི་མིག་མདངས་ཆེ་ཞིང་། ཚོར་ཤུགས་ཀྱི་གདོང་དམར་པོར་གྱུར་པ་མཐོང་ནས་ང་རང་ཅུང་ཟད་སྐྲག་སྣང་སྐྱེས་བྱུང་། འདི་འདྲའི་སྐྱེས་པུ་ཆེན་པོ་ལོ་རྒན་པར་གྱུར་རུང་ད་དུང་དམག་གི་ལྷ་མོ་ལྟར་འགྱུར་ཐུབ་བམ་ཞེས་སྐད་དམའ་མོའི་སྒོ་ནས་དྲི་ཚིག་འདི་ཁ་ནས་ཤོར། ཁོང་གིས་ཁུ་ཚུར་དམ་བཅངས་ཀྱིས་ཡར་བཀྱགས་ཏེ། “ཕེ་ནེ་བྷཱ་བྷོའི་ལགས། གལ་སྲིད། ཕྲེང་བ་གཡུགས་ནས་ལག་པར་ལྕགས་སྒྲོག་དང་། སྐེ་ལ་རཀཥའི་ཕྲེང་བའི་ཚབ་ལ་དཔྱང་ཐག་བཏགས་ནས་ཤི་ཕོད་ན་མི་ཚེ་ནི་བསྔགས་པར་འོས། ད་ལྟའི་བར་དྲང་སྲོང་བྱས་ནས་རང་གི་ཆེད་དུ་སློང་མོ་བྱས་པ་དང་། དེང་ཕྱིན་ཆད་འཐབ་རྩོད་པ་བྱས་ནས་རང་གི་རྒྱལ་ཁབ་ཀྱི་རང་དབང་འཐོབ་ཆེད་འཐབ་རྩོད་པ་བྱ་རྒྱུ་ཡིན། མ་འབུམ་ཕྲག་དང་སྟོང་ཕྲག་མང་པོའི་ལྟོགས་སྡུག་སེལ་ཆེད་བག་ལེབ་སྤྲོད་རྒྱུའི་བསམ་བློ་བཟུང་ནས་རླུང་འཚུབ་ཅིག་གཡུག་རྒྱུ་རེད།”ཟེར། ཚིག་འདི་ཚོ་ཀློག་གིན་ཀློག་གིན་ངའི་སེམས་ངོར་ཡང་ཡང་འཆར་འོང་པ་ནི། པཎ་ཆེན་རཱ་ཧུལ་ལགས་ལྟ་བའི་དོན་དུ་སྐེ་ལ་ལྕགས་སྒྲོག་བསྐོན་ཏེ་རྒྱ་གར་གྱི་དམག་མིས་ཁྲིད་བཞིན་ཡོད་པ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ཀྱང་ལྟ་བའི་དོན་དུ་བཙོན་ཞབས་ཤིག་ན་ཚེ་སྲོག་གི་སྐུད་ཐག་ཕྲ་མོ་དཀའ་སྡུག་གི་ཆུ་མཚོའི་གཏིང་ནུབ་བཞིན་ཡོད་པའི་ངང་ཚུལ་དྲན་བྱུང་། དགེ་འདུན་ཆོས་འཕེལ་མཆོག་དགུང་ན་ཕྲ་མོའི་སྐབས། དྷི་ཚ་དགོན། ཡ་མ་བཀྲ་ཤིས་འཁྱིལ། བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་ནང་ཆོས་སློབ་སྦྱོང་བྱས་ཡོད་ཅིང་། ཡོངས་གྲགས་ཁོང་ནི་རྡོ་བྲག་རིག་འཛིན་འཇིགས་མེད་བསོད་ནམས་རྣམ་རྒྱལ་མཆོག་གི་ཡང་སྲིད་ཡིན་པར་བཤད་སྲོལ་ཡོད་པ་དང་། སྐབས་དེའི་རྙིང་མའི་བླ་ཆེན་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་དང་།(1865-1926) ཉག་བླ་གཏེར་སྟོན་བསོད་རྒྱལ(1856-1926)གཉིས་ཀྱང་ཁོང་རྙིང་མའི་བླ་མ་ཞིག་གི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་ཚོད་ལ། ཁོང་གི་ཕ་མ་གཉིས་ཀྱིས་ངོས་ལེན་གནང་མེད་པའི་ཤོད་སྲོལ་ཞིག་འདུག གལ་སྲིད་རྡོ་བྲག་རིག་འཛིན་ཉིད་ཀྱིས་གསུངས་པ་ལྟར་ཁོང་རྡོ་བྲག་རིག་འཛིན་གྱི་སྤྲུལ་སྐུ་ཡིན་པར་ཆ་འཇོག་བྱས་ན། རྡོ་བྲག་དགོན་པས་ངོས་ལེན་ཡོད་ངེས་ལ། དགེ་ཆོས་ཁོང་དབུས་གཙང་ཁུལ་དུ་ཕེབས་བཞུགས་སྐབས། རྡོ་བྲག་དགོན་པས་སྐུ་བདག་ཁྲི་འདོན་མཛད་སྒོ་སོགས་སྤེལ་མྱོང་བའི་ལོ་རྒྱུས་ཤིག་མཐོང་མ་མྱོང་། འོན་ཀྱང་། དགེ་ཆོས་རང་ངོས་ནས་ཁོང་ཨ་མདོའི་དགོན་པ་ཆུང་ངུ་ཞིག་གི་བླ་མ་ཡིན་པ་དང་། ཁོང་གི་གྲུབ་མཐའ་སྔགས་རྙིང་མར་གཏོགས་ཚུལ་གསལ་བོར་བཤད་ཡོད་པ་སྒྱུར་དེབ་ལས་འདིར་བཏོན་ན། སྒྱུར་དེབ་དུ། “ཆོས་ལུགས་ལེགས་བཅོས་ཀྱི་བྱ་འགུལ་འདི་ནི་བོད་དུ་ཆོས་ལུགས་གསར་བརྗེ་གལ་ཆེན་ཞིག་དང་། ལོ་རྒྱུས་ཀྱི་འགྱུར་བ་ཞིག་རེད་འདུག ལྟ་བ་མཁྲེགས་འཛིན་མཁན་ཚོས་རྒོལ་བ་བྱེད་པར་མ་ལྟོས་པར། རླབས་ཆེན་གྱི་བླ་མ་རྣམ་པས་ཞི་བག་གི་ལམ་ནས་ཆོས་ལུགས་ལེགས་བཅོས་ཀྱི་བྱ་བ་འདི་བསྒྲུབས་འདུག དེ་བཞིན་རང་གི་རྒྱལ་ཁབ་དང་སྤྱི་ཚོགས་གཉིས་དག་སེལ་གནང་བ་རེད། སྔ་སྲོལ་རྙིང་པའི་ལུགས་ལ་ཡིད་ཆེས་བྱེད་མཁན་ཚོས་རང་གི་ལུགས་སྲོལ་རྙིང་པ་འཛིན་ཆོག་པའི་རང་དབང་སྤྲད་དེ། དཀའ་ཁག་ཆེ་བའི་བྱ་བ་འདི་སྒྲུབ་པར་ཁྲག་གི་ཆུ་རྒྱུག་མ་དགོས་པར་(གསར་རྙིང་)ལེགས་ཞན་གྱི་ཆོས་བརྒྱུད་གཉིས་མཉམ་དུ་ཕྱིན་ནས། ག་ལེར་ལྟ་གྲུབ་ལེགས(གསར)པའི་ཆོས་བརྒྱུད་དེ་འཕེལ་རྒྱས་བྱུང་བ་རེད། ”ཡིན་ན་ཡང་ནང་པའི་གསང་སྔགས་ཀྱི་ཆོས་བརྒྱུད་ལ་དད་པ་བྱེད་མཁན་ཚོ་སྐབས་དེ་དུས་ཀྱང་བོད་ནང་དུ་ཡོད་འདུག འདི་གའི་ངོར་དགོན་པའི་གྲྭ་པ་ཚོ་ཡང་ཆོས་བརྒྱུད་འདིའི་རྗེས་འབྲངས་པ་རེད། ང་ཚོའི་དགེ་བཤེས་ལགས་ཀྱང་གནའ་བོའི་གསང་སྔགས་རྙིང་མའི་ལྟ་བའི་ཕྱོགས་སུ་གྱུར་ཡོད་པ་དང་། ངོར་དགོན་པའི་གྲྭ་པ་དང་འབྲེལ་བ་བྱུང་བ་ནས་བཟུང་། ཁོང་གིས་མངོན་གསལ་དོད་པོའི་སྒོ་ནས་རང་ཉིད་གསང་སྔགས་པར་ངོས་འཛིན་བྱེད་ཀྱི་འདུག ཅེས་བྲིས་འདུག དེ་ལྟར་དགེ་ཆོས་རང་ངོས་ནས་རང་ཉིད་རྙིང་མའི་བླ་མ་ཞིག་དང་། གྲུབ་མཐའ་རྙིང་མར་གཏོགས་པ། དེ་ལས་ཀྱང་སྔགས་འཆང་གོས་དཀར་ལྕང་ལོ་ཅན་གྱི་སྡེར་གཏོགས་ཤིག་ཡིན་པར་ཤུགས་ཀྱིས་ཞལ་བཞེས་གནང་འདུག་ཀྱང་། ཡ་མཚན་པ་ཞིག་ནི། ཁོང་ཚོ་དབུས་གཙང་ཕྱོགས་སུ་འགྲུལ་བཞུད་བྱས་པའི་ཟིན་ཐོ་འདིའི་ནང་སྔགས་རྙིང་མའི་གྲྭ་ས་དགོན་སྡེ་གང་གི་ནང་དུ་སོང་ཡོད་མེད་ཅིའང་གསལ་ཁ་མེད་པ་རེད། གོང་གི་ངོར་དགོན་པ་ཞེས་པ་དེ་ས་སྐྱའི་ས་ངོར་ཚར་གསུམ་ཞེས་པའི་ངོར་དེ་ཡིན་སྲིད། དེ་ཡིན་ན་དེ་སྔགས་གསར་མ་དཔལ་ལྡན་ས་སྐྱའི་ཁོངས་གཏོགས་ཡིན་པ་ཡོངས་གྲགས་རེད། དེ་བཞིན་སྤོས་ཁང་དགོན་པའང་སྔོན་རྙིང་ཐིག་ཕྱག་བཞེས་གནང་ས་ཞིག་ཡིན་ནའང་། དུས་ཕྱིས་དགེ་ལྡན་ཕྱག་ཆེན་ཉམས་བཞེས་གནང་གི་ཡོད་པ་རེད། དེབ་འདི་ལས་འཕྲོས་ཏེ་གླེང་སློང་བྱེད་དགོས་པ་མང་བོ་འདུག་རུང་། དུས་ཚོད་ཀྱི་དབང་གིས་མཚམས་འདི་ནས་འཇོག་རྒྱུ་ཡིན། སྤྱིའི་ཆ་ནས་ཞུས་ན་བརྗོད་བྱ་རྗོད་བྱེད་གང་ཅིའི་ཐད་ནས་ཤིན་ཏུ་ཡག་པོ་བྱུང་འདུག ཕེ་ནེ་མི་གར་ཇིས་བོད་ཀྱི་སྣོད་བཅུད་གཉིས་ཆ་རྩོམ་རྩལ་གྱི་ལམ་ནས་བཤད་ཡོང་དུས། ནག་མོའི་ཁོལ་གྱི “སྤྲིན་གྱི་ཕོ་ཉ”ལྟར་སྙན་ཞིང་ཡིད་ལ་འཇེབས་པ་ཞིག་རེད། དག་ཆ་ཡག་པོ་ཡོད་པ་དང་། ཐ་སྙད་སྤྱོད་སྟངས་གོ་བདེ་བོ། ཚིག་གི་སྡེབ་སྦྱོར་ལེགས་པ། ཟུར་མཆན་ལྟ་བདེ་བོ་སོགས་ཀྱིས་སྒྱུར་དེབ་འདི་ཕྱོགས་ཡོང་ནས་སྙིང་རྗེ་བོ་དང་ཀློག་སྤྲོ་བོར་བཟོས་འདུག ཀྱང་འང་ཡང་གསུམ་གྱི་སྦྱོར་ལུགས་དང་། བྱ་ཚིག་གི་འགྲོ་སྟངས་འགའ་རེར་དག་སེལ་བྱེད་དགོས་པའང་མཐོང་། དེ་མིན་ཁོང་ཚོ་ཕེབས་ཡུལ་ས་གནས་ཁ་ཅིག་གི་མིང་རྒྱ་སྐད་ལྟར་རང་སོར་བཞག་པས་ས་གནས་དེ་ད་ལྟའི་གང་ཞིག་ཏུ་ཡོད་མེད་དང་། དགོན་སྡེའི་འགའ་རེའི་བླ་མ་གཙོ་བོའི་མཚན་ཡང་བོད་སྐད་ལྟར་གསལ་བོ་ཞིག་མ་བྱུང་བ་རེ་ཟུང་འདུག་བསམ་སོང་། སྒྱུར་པ་པོ་ཇོ་ལེབ་ཆོས་འཕེལ་མཆོག་གིས་སློབ་གཉེར་གྱི་དཀའ་སྤྱད་མང་བོའི་ཞོར་ནས། བོར་བརླག་ཏུ་འགྲོ་ལ་ཉེ་བའི་ཡིག་ཆ་གལ་ཆེན་འདི་བསྒྱུར་གནང་བ་མ་ཟད། པར་སྐྲུན་འགྲོ་གྲོན་ཡང་ཁོང་རང་ཉིད་ཀྱིས་བཏང་སྟེ་པར་དུ་བཏབ་འདུག་པ་བཅས། ཁོང་གིས་ང་ཚོར་བཅངས་པའི་བརྩེ་སེམས་དང་། ལྷག་བསམ། སྙིང་སྟོབས་བཅས་ལ་རྗེས་སུ་ཡི་རང་ཞུའོ།། དགེ་འདུན་ཆོས་འཕེལ་གྱི་ཐུགས་བསྐྱེད་དང་སྨོན་ལམ་ཅི་ཙམ་རྒྱ་ཆེ་རུང་། ཁོང་རང་ཉིད་ཀྱི་རྨེང་ཚིག་ལྟར “ཁ་སྲུབས་བལྟས་ཀྱི་ལུང་པ་ནས། མེ་ཏོག་སྙིང་རྗེ་བོ་དེ་བདེ་ཐང་ངང་ཁ་འབུས་ཐུབ་མེད་ལ”། ཁོང་གིས་རྨིས་ཟིན་པའི་རྨི་ལམ་དང་། བཞེངས་ཟིན་པའི་འཆར་སྣང་དེ་ཚོ་མངོན་འགྱུར་བྱུང་མ་ཐུབ་པ་ནི། ཅི་འདྲའི་ཕངས་པ་ལ། ཏག་ཏག་ “རིན་པོ་ཆེའི་བུམ་བཟང་”ཞིག་ས་ལ་བརྡབ་སྟེ་འཕྲོ་བརླག་ཏུ་སོང་འདུག དགེ་འདུན་ཆོས་འཕེལ། བོད་ཀྱི་ས་སྲོད་ན་ཡུད་ཙམ་འཁྱུགས་པའི་སྐར་མདའ་འོད་ཆེན།
།
བསམ་ཚུལ་ཕྲིས།