༓ ཕྱྭ་དམུ་གཙུག་གསུམ་ལས་ཕྱྭ་ཞེས་པའི་སྐོར་ཅུང་གླེང་བ།
རྩོམ་ཡིག་འདི་ཐེངས། 715 བཀླགས་འདུག
ཕྱྭ་ཞེས་པའི་ཡིག་འབྲུ་གཅིག་པུའི་སྟེང་ནས་སྐབས་ཐོབ་ཀྱི་དོན་མི་འདྲ་བ་ཡོད་པ་ནི། སྔོན་གྱི་འདོན་ཆོག་གི་རིགས་དང་དེ་མིན་ལོ་རྒྱུས་ཀྱི་རིགས་མང་པོ་ཞིག་ལ་བསམ་གཞིགས་བཏང་ན་ཤེས་ཚོད་རེད། དཔེར་ན། གཡང་ལ་འཇུག་པ། བཅུད་དང་དྭངས་མ་ལ་འཇུག་པ། ཚེ་ལ་འཇུག་པ། དཔལ་ལ་འཇུག་པ། རིགས་རུས་ལ་འཇུག་པ་སོགས་མང་མོད། ངས་ད་ལམ་འདི་ནས་གླེང་ན་འདོད་པའི་ཕྱྭ་ནི་ཕྱྭ་དམུ་གཙུག་གསུམ་ལས་ཕྱྭ་ཞེས་པ་དེ་ཡིན། དེ་ནི་གཙོ་བོ་འཇིག་རྟེན་མི་ལ་ཚེ་གཡང་དཔལ་གསུམ་སྟེར་མཁན་གྱི་ལྷ་ཞིག་གི་སྤྱི་མིང་རེད་འདོད་ཀི་ཡོད། ལྷ་དེ་ནི་གནའ་བསྐལ་བ་ཡ་ཐོག་ཏུ་སྲིད་པ་སངས་པོ་འབུམ་ཁྲི་འམ་སྲིད་པ་ཡེ་སྨོན་རྒྱལ་པོས་གཡས་སུ་གསེར་དང་གཡུ་བཞག་ནས་སྨོན་ལམ་བཏབས་པས་གསེར་རི་གཡུ་ལུང་གཉིས་སྲིད། དེ་ལས་ཕྱྭ་རྒྱུད་ཀྱི་ལྷ་ཐོག་མ་ཕྱྭ་རྗེ་སྒམ་པོ་གྲོལ། དེ་དང་ལྷ་མོ་འོད་ལྡན་མ་གཉིས་ལ་ཕྱྭ་ཡེ་མཁྱེན་རྒྱལ་པོ་ཞེས་པ་དེ་གྲོལ། དེ་ནས་ཕྱྭ་ལྷའི་སྲས་རྒྱུད་རིམ་པར་འཕེལ་ཏེ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་སྲིད་སྐོས་ཕྱྭ་གསུམ་གྱི་ཡབ། སྲིད་པ་ཡབ་ལྷ་བདལ་དྲུག་གམ་ཕྱྭ་ཆེ་ཡབ་ལྷ་བདལ་དྲུག་གིས་ཕྱྭ་ལྷ་ཐམས་ཅད་ཀྱི་རྗེ་བོ་མཛད། ད་དུང་གནས་དེར་ཕྱྭ་ཡི་རྒྱལ་པོ་འབྲང་དཀར་ཞེས་པ་དེའི་ཕོ་བྲང་ཡོད་པ་ཡང་ཁ་གསལ་དུ་ཡོད་དོ།
ཕྱྭ་རྗེ་འབྲང་དཀར་སྤྲུལ་བ་ནི། སྐྱེ་འཛིན་འཕྲུལ་གྱི་རྒྱལ་མོར་བྱོས་པ་ལས་ཕྱྭ་ལ་ལྕམ་དྲལ་བརྒྱད་དུ་བལྟམས་པ་སོགས་ཀྱི་ལོ་རྒྱུས་མཛོད་གཞུང་སོགས་སུ་གསལ་བ་རེད། ད་དུང་བར་ལྷ་འོད་གསལ་གྱི་གནས་མགོན་གསུམ་ཕྱྭ་ཡི་གྲོང་ཁྱེར་ནས། ལྷ་དེ་དག་གིས་ལྷ་ཆེན་ཨ་ཏི་མུ་ཝེར་ལ་འགྲོ་བ་འདུལ་བའི་དབང་ལུང་ཞུས་པ་སོགས་གསལ་ལོ།། གང་ལྟར་ཕྱྭ་ཡུལ་དང་། ཕྱྭ་མཁར། ཕྱྭ་རྒྱལ། ཕྱྭ་སྲས། ཕྱྭ་དམག་དང་ཕྱྭ་ཡི་ཕོ་ཉ་སོགས་གང་མང་པོ་ཞིག་གི་ལམ་ནས་ཕྱྭ་ཞེས་པ་ནི་གཙོ་བོ་འཇིག་རྟེན་མི་ལ་ཚེ་གཡང་དཔལ་གསུམ་སོགས་བདེ་རྒུའི་ལེགས་ཚོགས་སྟེར་མཁན་གྱི་ལྷ་ཞིག་གི་སྤྱི་མིང་ཡིན་པ་ཤེས་པར་མ་ཟད། “རྣེལ་དྲྀ་འདུལ་བའི་ཐབས་སོགས་”གང་ལ་བལྟས་པས་ཀྱང་ཤེས་སོ།།
ད་དུང་ཕྱྭ་ཡེ་མཁྱེན་ཆེན་མོ་བྱ་བ་ནས་ལྷ་རབས་གཉིས་པ་ཁོ་མ་འབྲོ་རྗེའི་ལེགས་པའི་ཧོར་དྲུག་དང་།ལྷ་རབས་གསུམ་པ་སྲིད་པའི་ལྷ་རྗེ་ཁ་དང་སྐྱོལ་མེད་དང་།ལྷ་རབས་བཞི་བ་སྐར་མ་ཡོལ་ལྡེ་དང་།ལྷ་རབས་ལྔ་བ་ལྷ་ཁྲི་ཤེལ་དཀར་དང་། ལྷ་རབས་དྲུག་པ་ནི་བར་ལྷ་འོད་འབར་དང་།ལྷ་རབས་བདུན་པ་གནམ་ཐེན་ཆེ་དང་།ལྷ་རབས་བརྒྱད་པ་དགུང་ཐེན་ཆེ་དང་། ལྷ་རབས་དགུ་བ་སྤྲིན་ཐེན་ཆེ་དང་། ལྷ་རབས་བཅུ་བ་ཟིལ་ཐེན་ཆེ་དང་། ལྷ་རབས་བཅུ་གཅིག་པ་ཆར་ཐེན་ཆེ་དང་། ལྷ་རབས་བཅུ་གཉིས་པ་མོང་ཐེན་ཆེ་དང་། ལྷ་རབས་བཅུ་གསུམ་པ་གནམ་ལ་རོང་རོང་དང་། ལྷ་རབས་བཅུ་བཞི་བ་སྟག་ཆ་ཡལ་ཡོལ་སོགས་ཕྱྭ་ཡི་རིགས་རྒྱུད་རིམ་པ་ཅན་ཞིག་འདྲེན་རྒྱ་ཡོད་དོ།།
ཕྱི་རོལ་པའི་འདོད་པ་ལྟར་ན་སྣོད་བཅུད་ཐམས་ཅད་ཕྱྭ་དང་དབང་ཕྱུག་གིས་བསྐྲུན་པ་འདོད་ཀི་ཡོད་ས་རེད། རྒྱུ་མཚན་ནི་མཛོད་གཞུང་དུ་མར་ཕྱྭ་དང་དབང་ཕྱུག་སོགས་ཀྱིས་བྱས་པ་དེས་ཁེགས་སོ་ཞེས་བཤད་པའི་ཚིག་གིས་ཀྱང་ཕྱྭ་དང་དབང་ཕྱུག་གིས་སྣོད་བཅུད་ཐམས་ཅད་བསྐྲུན་པ་མ་ཡིན་པ་ངོས་སུ་བསྟན་ཀྱང་ཕྱྭ་ཞེས་པ་དེ་གང་ཟག་ཞིག་ལ་ངོས་འཛིན་གྱིན་ཡོད་པ་ཤུགས་སུ་རྟོགས་འདུག་ཨང་། ལྷ་དེ་དག་གི་རིགས་སུམ་བཅུ་རྩ་གསུམ་གྱི་ཞིང་དུ་གནས་ན་ཡང་འཇིག་རྟེན་མི་ལ་ཚེ་བསོད་དབང་ཐང་སོགས་འཕེལ་ཕྱིར་དུ་འཇིག་རྟེན་མི་ཡིས་ས་གང་ནས་ཕྱྭ་མཁར་གསང་བ་རྩེ་དགུ་ལེགས་པར་བརྩིགས་ཤིང་། ཕྱྭ་རྫས་ཆ་ཚང་བསགས་ཏེ་ཕྱྭ་ལ་འབོད་པ་བཏང་ན་འཇིག་རྟེན་མི་ཡི་ས་ལ་ཟས་གོས་ཕྱུག་གསུམ་གྱི་བཅུད་ལེན་ཕྱིར་ས་ལ་དུས་ལྟར་བྱོན་ནས་ཟས་གོས་ཕྱུག་གསུམ་གྱི་བཅུད་སྟེར་བ་སོགས་ཀྱི་དོན་ཡིན་པ་ནི། ཕྱྭ་ཞེས་བྱ་བའི་མཚན་ཉིད་ནི། གནམ་ནས་ས་ལ་བྱོན་པའི་དོན། གཡང་ཞེས་བྱ་བའི་མཚན་ཉིད་ནི། དམུ་ཡད་ཟསབཅུད་ལེན་པའི་དོན། ཁུ་ཞེས་བྱ་བའི་མཚན་ཉིད་ནི། ནམ་མཁའི་སྤྲིན་ལྟར་འདུ་བའི་དོན། ཡེ་ཞེས་བྱ་བའི་མཚན་ཉིད་ནི། ཕྱྭ་གསས་དབྱིངས་ནས་བསྐུལ་བའི་དོན་ཞེས་དང་། ཡང་“ཕྱྭ་གཞི་བཙལ་བའི་ཆོ་ག་”ལས།ཕྱྭ་ཡུལ་སྣང་ལྡན་གཡུ་རྩེར་བྱོན།(ཕྱྭ་ཡུལ་སྣང་ལྡན་གཡུ་རྩེ་ནི་བོན་སྟོན་གཤེན་རབ་མི་བོས་དགུང་ལོ་བཅོ་བརྒྱད་ཐོག་ལྷ་རྣམས་ལ་བོན་བཤད་གནས་རེད།)།ཕྱྭ་མཁར་གསང་བ་རྩེ་དགུ་ན། སྲིད་པ་ཡབ་ལྷ་བདལ་དྲུག་ལ། ཕྱྭ་སྲས་སྒམ་པོས་འདི་སྐད་ཞུས་ཞེས་སོགས་ཀྱིས་ཤེས་པ་མ་ཟད་ད་དུང་“མུ་ཡེ་པྲ་ཕུད་ཕྱྭའི་མཐར་ཐུག་”གཞུང་གི་གདན་འབུལ། སྤྱན་འདྲེན། བཞུགས་གསོལ།ཕྱག་བཤགས་མཆོད། སྐུ་བསྟོད་སོགས་གང་ལ་གཞིག་ན་ཕྱྭ་དམུ་གཙུག་གསུམ་གྱི་ཕྱྭ་དེ་ནི། འཇིག་རྟེན་མི་ལ་ཕན་བདེ་སྟེར་མཁན་གྱི་ལྷ་རིགས་ཤིག་ཡིན་པ་ཐག་གིས་ཆོད་འདུག་མོད། ལྷ་རིགས་དེའང་སྲིད་པ་སྐོས་དྲུག་གི་ནང་ཚན་ཕྱྭ་ཡི་རིགས་ཡིན་པ་ཤེས་དགོས་པ་གནད་དོན་ཅིག་རེད། སྲིད་པ་སྐོས་དྲུག་ཀྱང་བོད་ཀྱི་རུས་རྒྱུད་བྱེ་བྲག་པ་དྲུག་གི་མེས་པོ་སྟོབས་དང་རྫུ་འཕྲུལ་ལྡན་པ་འགའ་དང་ཡང་ན་མངོན་ཤེས་དང་བློ་སྟོབས་ཅན་དག་སྐུ་གཤེགས་རྗེས་སུ་དེ་དག་ལ་ཡིད་ཆེས་དང་དག་སྣང་སྒོམ་པའི་ཕྱི་རབས་པ་ཚོས་མཆོད་འབུལ་བྱེད་པའི་སྲོལ་བྱུང་དང་བསྟུན་ནས། སྲིད་པ་སྐོས་དྲུག་པོ་མི་མ་ཡིན་གྱི་སེམས་ཅན་དུ་གྱུར་སོང་པ་འདྲ་ཞེས་བཤད་པ་ཡོད་པས་དེ་ལྟར་ན་ཕྱྭ་དམུ་གཙུག་གསུམ་སོགས་མི་མ་ཡིན་གྱི་རིགས་ཀུན་འགྲོ་བ་མི་ལས་གྲོལ་བ་རིགས་སོ།།
འོན་ཀྱང་ལྷ་དེ་ནི་འཇིག་རྟེན་པའི་ལྷ་ཞིག་ཡིན་མིན་དང་། དེ་ལ་སྐྱབས་སུ་སོང་ན་མཐར་ཐུག་གི་སྐྱབས་གནས་རུང་མི་རུང་ནི་བཤད་དཀའ་བར་སྣང་། སྤྱིར་ན་ཕྱྭ་ཞེས་པའི་ཡིག་འབྲུ་གཅིག་པུ་དེ་ཧ་ཅང་བརྡ་རྙིང་མ་ཡིན་པས་ཕྱི་རབས་པ་སུས་ཀྱང་ཁ་གསལ་དོན་གསལ་ཞིག་བྱས་མ་ཐུབ་པ་འདྲ། གང་ལྟར་བོན་ལུགས་འདོན་ཆོག་གི་རིགས་དང་། ལོ་རྒྱུས་རྙིང་མ་མང་པོ་ཞིག་གི་ཁུངས་སུ་ཕྱྭ་རྗེ། ཕྱྭ་གཤེན། ཕྱྭ་མཁན། ཕྱྭ་གསས། ཕྱྭ་བོན། ཕྱྭ་མཁར། ཕྱྭ་གཡང་། ཕྱྭ་ཡུལ། ཕྱྭ་མདའ་དང་ཕྱྭ་འཕང། ཕྱྭ་གླུད། སོགས་ཀྱི་ཐ་སྙད་གང་མང་ཞིག་ཡོད་པ་རེད། དེ་དག་གི་རིགས་ལ་སྐབས་ཐོབ་ཀྱི་གོ་བ་རེ་རེ་ཡོད་པས་དཔེར་ན།‘ཕྱྭ་རྗེ’་ནི་འགྲོ་བ་མིའི་རིགས་ལ་གཡང་སྩོལ་མཁན་གྱི་ལྷ་རིགས་སྤྱིའི་དཔོན་མིང་ལ་འཇུག་པ་དང་། ‘ཕྱྭ་གཤེན’་ནི་གཙོ་བོ་འཇིག་རྟེན་མི་ལ་བདེ་རྒུའི་ལེགས་ཚོགས་འགྲུབ་ཕྱིར་དུ་གཡང་སོགས་འགུགས་པའི་ཆོ་ག་འདོན་པའི་བོན་པོའམ་གཤེན་པོ་ལ་འཇུག་པ་དང་། ‘ཕྱྭ་མཁན’་ནི་འཇིག་རྟེན་གྱི་ལེགས་ཉེས་ཐམས་ཅད་མོ་དང་དྲ་ཡི་ལམ་ནས་བརྟགས་མཁན་གྱི་རིགས་ལ་ཟེར་བ་དང་། ‘ཕྱྭ་གསས’་ནི་ཚེ་དང་གཡང་དབང་བའི་མི་མ་ཡིན་དང་ལྷ་རིགས་ལ་བོན་གནང་མཁན་གྱི་རྗེ་བོའི་སྤྱི་མིང་ལ་འཇུག་པ་དང་།‘ཕྱྭ་བོན’་ནི་འཇིག་རྟེན་མི་ལ་གཡང་འགུགས་བྱེད་ཀྱི་གཡང་སྒྲུབས་སོགས་ཀྱི་གཞུང་གི་སྐོར་ལ་གཙོ་བོ་འཇུག་པ་དང་།‘ཕྱྭ་མཁར’་ནི་ཕྱྭ་ཡི་རྗེ་བོ་བཞུགས་གནས་ཀྱི་ཁང་བཟང་ངམ་ཕོ་བྲང་ལ་འཐུག་པ་དང་། ‘ཕྱྭ་གཡང་’ནི་འཇིག་རྟེན་མི་ལ་ལྷ་ཡིས་གནང་བའི་དངོས་གྲུབ་ལ་འཇུག་པའི་དུས་དང་། ཡང་ན་གཡང་སྒྲུབ་སོགས་ཀྱི་སྐབས་སུ་“ཕྱྭ་དང་གཡང་ཁུག་”ཅིག་ཟེར་སྐབས་ཀྱི་ཕྱྭ་ནི་ཚེ་ལ་འཇུག་པ་ཟས་ལ་འཇུག་པ་དཔལ་ལ་འཇུག་པ་རིགས་ལ་འཇུག་པ་སོགས་མང་ངོ་།།
སྐབས་དེར་གཡང་ནི་ཚེ་དང་འབྲེལ་བའི་དཔལ་ཟས་དང་འབྲེལ་བའི་བཅུད་དཔལ་དང་འབྲེལ་བའི་མདངས་སོགས་ལ་འཇུག་པ་རེད་འདོད་ཀི་ཡོད།‘ཕྱྭ་ཡུལ་’ནི་སུམ་བཅུ་རྩ་གསུམ་གྱི་གནས་ལ་གཙོ་བོ་འཇུག་པ་དང་།‘ཕྱྭ་མདའ་དང་ཕྱྭ་འཕང’ནི་ཕྱྭ་དང་གཡང་འགུགས་བྱེད་ཀྱི་མདའ་དར་དང་གསེར་འཕང་ལ་འཇུག་པ་དང་།‘ཕྱྭ་གླུད་ནི’་ཕྱྭ་གཡང་འགུག་སྐབས་ཀྱི་སྐུ་གླུད་སོགས་ལ་འཇུག་པ་སོགས་མང་ངོ་།། མདོར་ན་ཕྱྭ་དམུ་གཙུག་གསུམ་ལས་ཕྱྭ་ཞེས་པ་དེ་ནི་འཇིག་རྟེན་མི་ལ་ཚེ་དང་གཡང་སྩོལ་མཁན་གྱི་ལྷ་རིགས་ཤིག་གི་རུས་མིང་གིས་བཏགས་པ་དང་། ལྷ་རིགས་དེའི་རུས་རྒྱུད་ཡང་སྤུ་རྒྱལ་གཉའ་ཁྲི་ནས་ཡར་དད་ན་ཕྱྭ་རྗེ་སྒམ་པོའི་བར་དུ་རིམ་བཞིན་བགྲང་རྒྱུ་ཡོད་པ་རེད།
རྫ་ཚེ་དབང་བསྟན་འཛིན། བཞུགས་གནས། བོད། རྔ་བ། སྣང་ཞིག་དགོན། (ལྷོ་མཐའི་རྣམ་ཤེས་དང་། རྔ་ལྗོངས་ལི་ཐོ།)སོགས་ཀྱི་རྩོམ་པ་པོ།
བསམ་ཚུལ་ཕྲིས།