‘‘ས་ཐོག་བླ་མ་བརྒྱ། སེམས་ཐོག་བླ་མ་གཅིག །’’
རྩོམ་ཡིག་འདི་ཐེངས། 1690 བཀླགས་འདུག
/
༼༸ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔོན་གསས་བླ་མ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་ཕུལ་བ།༽
/
/
ཆོས་ལུགས་ཤིག་གི་ཞེན་ཁོག་བཟུང་ནས་རྣམ་མཁྱེན་ཡིན་ཚུལ་གླེང་འདོད་མེད། །
ལུང་ཚན་ཞིག་གི་འཐེན་འཁྱེར་དམིགས་ཏེ་མ་འཇོན་འཇོན་རབས་བཤད་འདོད་མེད། །
རང་ཁེ་འབའ་ཞིག་ཁོག་ཏུ་བཅུགས་ནས་ངོ་བསྟོད་མཐེ་བོང་བསྒྲེང་འདོད་མེད། །
འདོད་པ་མེད་པའི་གཏམ་ལབ་གསུམ་དེ་མེ་རླུང་ཆུ་ཡི་བསྐལ་པར་བསྟིམས། །
/
གྲྭ་རྐྱང་ཉམ་ཆུང་རྟུལ་ཞུགས་བླངས་ཏེ་ཐོས་བསམ་འཚོ་བར་རོལ་ཚུལ་དྲན། །
ཆ་རྒྱུས་མེད་པའི་རྒྱལ་ཁམས་འགྲིམས་ཏེ་བསྟན་དོན་ངལ་བ་མཛད་ཚུལ་དྲན། །
མི་རིགས་ཤིག་གི་རིག་གཞུང་ངོ་མ་འགྱེལ་བའི་ས་ནས་བསླངས་ཚུལ་དྲན། །
དྲན་པ་གསུམ་གྱི་ཚོར་འདུ་ཟབ་མོས་༸དཔོན་གསས་བླ་མའི་འཁྲུངས་སྐར་བསུ། །
/
ཟིང་ཆུ་ཞེས་གྲགས་མདོ་ཁམས་སྨད་དུ་ཁྱེད་སྐུ་བལྟམས་པའི་དུས་ཀྱི་ཚེ། །
རྟགས་དང་མཚན་མ་གང་ཤར་ཅི་བྱུང་འཇིག་རྟེན་གྲགས་སྙན་མ་བཙལ་ཡང་། །
བྲིས་ཀློག་འདོན་གསུམ་ཡོན་ཏན་གཞི་མ་འབད་པ་ཆུང་ངུས་མཁྱེན་པའི་ཚུལ། །
དངོས་བྱུང་ལོ་རྒྱུས་གསོན་པོ་འདི་ནི་ཁྱེད་ལ་མངའ་བའི་ཁྱད་བོན་གཅིག། །
/
དམ་པ་ཞིག་གི་སྐྱེ་སྤྲུལ་ཡིན་པར་དངོས་དང་བརྒྱུད་པར་གསུངས་ན་ཡང་། །
སྐྱིད་པོ་རྒྱག་པའི་ཡང་སྲིད་ལུགས་སྲོལ་སྙིང་པོ་མེད་པའི་ཚུལ་གཟིགས་ཏེ། །
འཚོ་བ་དཀྱུས་མར་ཆོག་ཤེས་བསྟེན་ཞིང་ཐོས་པ་ངོམས་མེད་འབད་པས་བསྒྲུབས། །
འཇིག་རྟེན་ཁེ་གྲགས་རླུང་ལ་བསྐུར་འདི་ཁྱེད་ལ་མངའ་བའི་ཁྱད་བོན་གཉིས། །
/
རང་དོན་སྡུག་མོ་གནད་ལ་ཐུགས་དུས་རྒྱལ་འགོང་དྲེགས་པར་མོ་ལུང་ཞུ། །
འཕྲལ་བདེ་ཙམ་གྱིས་སྣང་བ་སྐྱིད་སྐབས་གཏོ་ཆོག་རིམ་གྲོར་ཟུར་ཟ་བྱེད། །
འཇིག་རྟེན་འགྲོ་བའི་མོས་ཁམས་མི་བསྟུན་བླ་གཟུགས་མང་བའི་སྤྱི་ཚོགས་ན། །
སྲིད་པ་རྒྱུ་ཡི་བོན་ཆོག་ཀུན་སྦྱངས་ཁྱེད་ལ་མངའ་བའི་ཁྱད་བོན་གསུམ། །
/
དམ་པ་དུ་མའི་ཞལ་སྔར་འགྲིམས་ཏེ་མདོ་སྔགས་སེམས་གསུམ་ཆེད་དུ་གསན། །
གསོ་བ་རིག་པའི་མན་ངག་བསླབ་ཅིང་ཉམ་ཐག་ནད་པའི་སྲོག་སྐྱབས་མཛད།
གསོན་པོའི་རྐྱེན་ཟློག་རིམ་གྲོ་གནང་ཞིང་གཤིན་རྣམས་ཐར་པའི་ལམ་སྟོན་མཛད། །
ཐོས་བསམ་ཞོར་ནས་དམངས་ཕན་བསྒྲུབས་འདི་ཁྱེད་ལ་མངའ་བའི་ཁྱད་བོན་བཞི། །
/
རིག་གནས་གསར་བརྗེའི་གོད་ཆག་ཁྲོད་དུ་བླ་སྤྲུལ་མི་ཆེན་ཕལ་མོ་ཆེ། །
རང་སྲོག་གཅེས་པ་གནད་དུ་བཟུང་ཞིང་ཡོད་ཚད་བློ་ཡིས་བཏང་བའི་ཚེ། །
བསྟན་འགྲོ་སྤྱི་ལ་མིག་རྒྱང་གཟིགས་ཏེ་སྐུ་སྲོག་དམར་པོ་འབེན་དུ་བཞག །
མདའ་མཚོན་སོ་ནས་བསྟན་པ་བསྲུང་འདི་ཁྱེད་ལ་མངའ་བའི་ཁྱད་བོན་ལྔ། །
/
ཆ་མེད་རྒྱུས་མེད་འཕགས་བལ་གནས་དེར་ཁ་ཕོར་བྲལ་བའི་གྲྭ་རྐྱང་ཞིག །
སྲོག་ཉེན་གཡོལ་དུ་བྲོས་བྱོལ་མ་ཡིན་བསྟན་པ་གཟུག་ཕྱིར་ཕེབས་པའི་ཚེ། །
གློ་དོལ་ཡུལ་གྱི་བོན་དཔེ་ཕལ་ཆེར་འཕྲུལ་དཔར་བཏབ་ཅིང་ཕྱོགས་ཀུན་སྤེལ། །
ལྟོ་གོས་གཏམ་གསུམ་རྒྱབ་ཏུ་བསྐྱུར་འདི་ཁྱེད་ལ་མངའ་བའི་ཁྱད་བོན་དྲུག །
/
དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྲགས་པའི་གཙུག་ལག་སློབ་གྲྭའི་ར་བ་རུ། །
མི་ལོ་གསུམ་གྱི་འཚོ་བའི་ལམ་གྲོགས་གཞན་གྱི་བླ་སྤྲུལ་ཆེ་དགུ་རྣམས། །
ཁོར་ཡུག་སྤྱི་ཚོགས་ཟང་ཟིང་ཁྲོད་ནས་ངུར་སྨྲིག་གོས་དང་བྲལ་ན་ཡང་། །
སྲོག་དང་སྡོམ་པ་གཅེས་མཉམ་མཛད་འདི་ཁྱེད་ལ་མངའ་བའི་ཁྱད་བོན་བདུན། །
/
གོང་མའི་བཀའ་གསུང་སྤྱི་བསྩལ་བྱུང་ཞིང་གངས་རིའི་ཤེས་རིག་སློབ་པའི་གྲྭ། །
འཕགས་པའི་ཡུལ་དུ་ཁྱེད་ཀྱིས་བསྐྱངས་ཏེ་སྙན་པའི་གྲགས་པ་འབར་བའི་ཚེ། །
དུན་རྩེ་འགའ་ཡི་སྙིང་ཁམས་འཁྲུགས་ནས་སྐུ་ཕྱྭ་ལའང་ཉེན་བརྩམས་ཀྱང་། །
འཁོན་ལན་ཚབ་ཏུ་ལམ་སྟོན་གནང་འདི་ཁྱེད་ལ་མངའ་བའི་ཁྱད་བོན་བརྒྱད།
/
བསྟན་སྲིད་དབུ་འཕང་དམའ་བའི་ས་ནས་བསྟན་འཛིན་རྒྱལ་ཚབ་བཞུད་ནས་སུ། །
ཤུལ་ལུས་དད་འབངས་ཁྲི་མ་འབུམ་ཞིག་ལུགས་གཉིས་ལམ་སྟོན་བྲལ་བའི་ཚེ། །
མི་ཡིས་ལྷ་ལ་སྐྱབས་འཇུག་ཞུས་ཤིང་ལྷ་ཡིས་དབྱིངས་དཔྱད་མ་ནོར་བར། །
བསྟན་བའི་མངའ་བདག་ཁྲིགས་སེ་བབས་འདི་ཁྱེད་ལ་མངའ་བའི་ཁྱད་བོན་བརྒྱད། །
/
༸ཞྭ་དཀར་བསྟན་པའི་གཙུག་རྒྱན་གོང་མའི་མི་འགྱུར་ཁྲི་ལ་མངའ་གསོལ་ཏེ། །
གསེར་གྱིས་མ་ཉོས་རྫོངས་སུ་མ་སྟེར་སྤུ་རྒྱལ་བཙན་པོའི་གཅེས་ནོར་གྱི། །
ལུགས་ཟུང་མཛད་པ་བདག་གིར་བཞེས་ཏེ་འཇིག་རྟེན་ཆེ་དགུས་བཀུར་བའི་ཚེ། །
ཁེངས་སེམས་ཆེ་དྲེགས་རྩད་ནས་སྤངས་འདི་ཁྱེད་ལ་མངའ་བའི་ཁྱད་བོན་དགུ། །
/
དད་འབངས་འཁོར་སའི་གཞིས་གྲོང་གཟིགས་ཤིང་ཤེས་ཡོན་སྦྱང་སའི་སློབ་གྲྭ་བཙུགས། །
ལོ་རྒྱུས་མངའ་བའི་༸གདན་ས་བཏབ་ཅིང་དགེ་འདུན་རྒྱ་མཚོའི་ཚོགས་པ་བསྐྱངས། །
བཤད་སྒྲུབ་བསྟན་པའི་འདུས་སྡེ་བསྐྲུན་ཞིང་མཁས་པའི་ཚང་ཆེན་བརྡོལ་བར་མཛད། །
དཀའ་བརྒྱ་ངལ་སྟོང་གང་ལའང་མི་ཞུམ་ཁྱེད་ལ་མངའ་བའི་ཁྱད་བོན་བཅུ། །
/
སྔགས་དང་བཙུན་མའི་འདུ་གནས་བཞེངས་ཤིང་དེ་དང་མཐུན་པའི་བོན་སྐལ་བྱིན། །
དབང་ལུང་མན་ངག་བརྒྱུད་ཀ་མཐུད་ཅིང་བསྙེན་སྒྲུབ་འཕྲིན་ལས་སྲོལ་ཀ་བསྐྱངས། །
གསོ་རིག་འབུམ་བཞི་མཐོ་སློབ་བཙུགས་ཤིང་གཡུང་དྲུང་བོན་གྱི་དཔེ་མཛོད་བསྐྲུན། །
རླབས་ཆེན་བསྟན་འགྲོོའི་དོན་ཆེན་བསྒྲུབས་འདི་ཁྱེད་ལ་མངའ་བའི་ཁྱད་བོན་གཅིག །
/
ཞང་བོད་ལྗོངས་དང་དཀར་ནག་རྒྱ་སོགས་འཛམ་གླིང་ཡུལ་གྲུ་ངེས་མེད་ནས། །
ལས་སྨོན་འབྲེལ་བའི་མི་ཚོགས་ཁྲི་སྟོང་མ་བོས་ཁྱེད་ཀྱི་འཁོར་དུ་འདུས། །
དད་པས་བླ་མའི་ཡང་རྩེར་བསྔགས་ཤིང་བརྩེ་བས་ཕ་མའི་ཕུད་ལྟར་འཛིན། །
བཀའ་ལ་མཉན་ཞིང་དམ་ལ་གནས་འདི་ཁྱེད་ལ་མངའ་བའི་ཁྱད་བོན་གཉིས། །
/
རང་དང་གཞན་གྱི་ཕྱོགས་ལྷུང་དབྱེ་འབྱེད་རང་བཞིན་གཤིས་ལ་མི་ལྡན་ཡང་། །
དཀར་ནག་རྒྱ་ཡི་ཆོས་ལུགས་རིག་གཞུང་ཟབ་རབས་རླིང་རབས་མི་གཙོ་བར། །
མི་རིགས་རང་གི་ཆོས་ལུགས་རིག་གནས་འགྱེལ་བའི་ས་ནས་སློང་པར་མཛད། །
ཨ་གསར་གཡམ་རྒྱུག་ཐུགས་མཆོག་མི་དགྱེས་ཁྱེད་ལ་མངའ་བའི་ཁྱད་བོན་གསུམ། །
/
གསར་རྙིང་བོན་པོའི་དབྱེ་བ་མི་འབྱེད་ཐམས་ཅད་བརྩེ་བའི་འབངས་སུ་གཟིགས། །
བོན་བན་ཆོས་ལ་བཟང་ངན་མི་བལྟ་དག་སྣང་འོ་ཆུས་གཅིག་ཏུ་འདྲེས། །
ཕྱུག་དབུལ་བར་ལ་མཐོ་དམན་མི་བརྩི་ཀུན་ཀྱང་ཚད་མེད་བཞི་ཡིས་སྐྱོང་། །
ཕྱོགས་དང་རིས་ཀྱི་སྤྲོས་པ་བྲལ་འདི་ཁྱེད་ལ་མངའ་བའི་ཁྱད་བོན་བཞི། །
/
བག་མེད་འཚོ་བའི་རྒྱས་སྤྲོས་རྫིག་པོ་ཁྱེད་ཀྱི་ཐུགས་ལ་མཉེས་ལུགས་མེད། །
རང་ཁེ་གཞན་ཕམ་སྦྱོར་བ་བརྣག་པོ་ཁྱེད་ཀྱི་སྙན་ལ་བྲིན་རབས་མེད། །
གློ་སྙིང་བྲང་གསུམ་གཏད་པའི་མི་ལ་ཁྱེད་ཀྱིས་བསླུས་པའི་ལོ་རྒྱུས་མེད། །
ཡ་རབས་བཟང་སྤྱོད་ཚད་དུ་ཕེབས་འདི་ཁྱེད་ལ་མངའ་བའི་ཁྱད་བོན་ལྔ། །
/
སྒྲོ་སྐུར་གཏམ་གྱིས་སྣོན་འཕྲི་མེད་པའི་དངོས་བྱུང་ཕྱི་ཡི་རྣམ་ཐར་ཁྲོད། །
ཁྱེད་ལ་མངའ་བའི་ཁྱད་བོན་བཅོ་ལྔ་རྩལ་དུ་བཏོན་ནས་བརྗོད་པ་ལས། །
ནང་གི་ལྟ་དགོངས་ཉམས་རྟོགས་ཟབ་མོ་བདག་གིས་དཔོག་པར་མི་ནུས་ན། །
རབ་བརྟག་ཚིག་གི་སྤྲོས་པ་སྣ་ཚོགས་བྲིན་ཚོད་དཀའ་བས་དེང་འདིར་སྐྱུར། །
/
འདས་པའི་ལོ་རྒྱུས་སྡོམ་ཞིག་རྒྱབ་ན་ཁྱེད་ཀྱི་ཞབས་རྗེས་ལྷང་ངེར་བརྗིད། །
ད་ལྟ་སྤྱི་ཚོགས་ཐད་དཀར་དཔྱད་ན་ཁྱེད་ཀྱི་མཛད་སྤྱོད་ལྷམ་མེར་འཕགས། །
མ་འོངས་ལམ་གྱི་ཁ་ཕྱོགས་འཚོལ་ན་ཁྱེད་ཀྱི་གདམས་པས་ས་ལེར་བསྟན། །
བདག་ཅག་ཁྱེད་ཀྱི་འཁོར་དུ་གྱུར་པ་བསྐལ་པར་བསགས་པའི་བསོད་ནམས་ཡིན། །
/
ལུས་ཀྱི་ཕ་མ་གསོན་བྲལ་བྱས་ནས་ལས་ཀྱི་ཕ་རྒོད་ཁྱེད་ཀྱི་དྲུང་། །
མཁོ་མཐུན་ཡོ་བྱད་ཚང་ཞིང་འཛོམས་པའི་མི་ལོ་བཅུ་གསུམ་འཚོ་བ་དེ། །
སྐྱོ་དང་སུན་པའི་གོ་སྐབས་མེད་པར་བདེ་སྐྱིད་ཁོ་ནས་བསྐྱལ་ལགས་ན། །
བཀའ་དྲིན་དེ་ནི་བསབ་ཐབས་བྲལ་ཡང་རྨི་ལམ་ཚུན་ལའང་དྲན་པར་བྱེད། །
/
ཁྱེད་ལ་དད་གུས་ཤེས་ནས་ཐོབ་པས་བསྐལ་པའི་བར་དུ་འགྱུར་དོགས་མེད། །
ཁྱེད་ཀྱི་བཀའ་དྲིན་དྲན་ནས་གླེང་བས་ཁ་ཁོག་གཉིས་ལ་ཁྱད་པར་མེད། །
ཁྱེད་དང་དད་དམ་ཕྱི་ནང་གཙང་བས་ཐུགས་རྗེའི་གཟིགས་པ་ལྷོད་ས་མེད། །
དེ་རིང་འཁྲུངས་བའི་དུས་བཟང་ཉིན་མོར་རྟེན་འབྲེལ་སེམས་ཀྱི་མེ་ཏོག་གཏོར། །
/
‘‘ས་ཐོག་བླ་མ་བརྒྱ་’’ཡི་གསེང་ནས་‘‘སེམས་ཐོག་བླ་མ་གཅིག་’’ངེས་པ། །
དེ་ནི་༸རྒྱལ་བ་སྨན་རིའི་ཁྲི་འཛིན་དཔོན་གསས་བླ་མ་ཁྱེད་ལགས་ན། །
མཁྱེན་པས་དགོངས་ལ་བརྩེ་བས་གཟིགས་ཏེ་ཇི་སྲིད་བྱང་ཆུབ་མ་ཐོབ་པར། །
ལུགས་གཉིས་ལམ་གྱི་སྟོན་པ་མཛད་ཅིང་བསྐལ་པར་བཞུགས་པར་གསོལ་བ་འདེབས། །
/
ཁྱེད་ཀྱི་བྱམས་བརྩེ་ཉི་དྲོད་ལྡེ་བར་སེམས་ལྡན་སུ་ཡང་མི་དགའ་མེད། །
ཁྱེད་ཀྱི་གདམས་ཟབ་བདུད་རྩི་འཐུང་པར་སྐལ་ལྡན་གང་ཡང་མི་མགུ་མེད། །
ཁྱེད་ཀྱི་མཚན་དཔེ་གཟི་བྱིན་མཇལ་བར་མོས་ལྡན་དག་ཀྱང་མི་རེ་མེད། །
ཁྱེད་ཀྱི་འཁྲུངས་སྐར་བཀྲ་ཤིས་དུས་ཚིགས་དགའ་བ་འབུམ་གྱིས་རྒྱང་ནས་བསུ། །
/
ལྷ་དང་སྲུང་མ་མཐུ་སྟོབས་མ་ཞན་དཔོན་གསས་བླ་མའི་སྐུ་ཚེ་སྲིངས། །
འཁོར་དང་སློབ་འབངས་དད་དམ་མ་འཆུག་དཔོན་གསས་བླ་མའི་ཞབས་རིམ་སྒྲུབས། །
རྒྱལ་བསྟན་དར་ཞིང་རྒྱལ་ཁམས་བདེ་བའི་བཀྲ་ཤིས་རྫོགས་ལྡན་ཉི་ཟླ་ཟུང་། །
ནུབ་མེད་སྲིད་མཐའི་བར་དུ་འཆར་བའི་བོན་ཉིད་བདེན་པའི་སྟོབས་མཆོག་བདར། །
/
ཞེས་རང་ཅག་སྤྱི་བོ་གནམ་བསྟན་བོན་འབངས་ཡོངས་ཀྱིས་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔོན་གསས་བླ་མ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་སྐུ་ཡི་འཁྲུངས་སྐར་བསྲུང་བརྩི་ཞུ་བའི་ཉིན་མོར་མགོན་པོ་གང་གིས་སྤྱི་སྒོས་བསྟན་འགྲོ་ལ་སྨན་པའི་ཟབ་ཅིང་རྒྱ་ཆེ་བའི་མཛད་རྗེས་རྣམས་སྙིང་དབུས་སུ་དྲན་ཏེ། ནང་གི་ཉམས་རྟོགས་ལྟ་དགོངས་ཁྱད་པར་ཅན་དག་བློ་དམན་བདག་ལྟ་བུས་དཔོག་པར་མི་ནུས་ན་ཡང་། ཕྱི་ཡི་དངོས་བྱུང་གི་མཛད་རྣམ་རླབས་པོ་ཆེ་ལས་རྟེན་འབྲེལ་མཚོན་ཕྱིར་ཤོ་ལོ་ཀ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་འདི་བཞིན་གསང་གསུམ་འཕྲིན་ལས་ལ་དད་གུས་ཟད་མི་ཤེས་པའི་སྒོ་ནས་ཕྲན་རང་མི་ལོ་ཧྲིལ་པོ་བཅུ་གསུམ་རིང་༸སྐྱབས་རྗེ་མཆོག་གིས་ལུགས་གཉིས་ཀྱི་ལམ་སྟོན་དང་། བྱམས་བརྩེའི་གཟིགས་སྐྱོང་འོག་མདོ་སྔགས་རིག་པའི་གཞུང་ལ་ཐོས་བསམ་གྱི་འཚོ་བ་བདེ་སྐྱིད་ཁོ་ནའི་ངང་རོལ་རྒྱུ་བྱུང་བར་བཀའ་དྲིན་རྗེས་སུ་དྲན་ཞིང་། སླད་ནས་ཀྱང་བདག་ཅག་སྐྱེ་དགུ་ཀུན་གྱི་མགོན་སྐྱབས་དཔུང་གཉེན་དམ་པར་བསྐལ་པའི་བར་དུ་བཞུགས་པར་མོས་གུས་གསོལ་འདེབས་གདུང་ཤུགས་དྲག་པོ་དང་བཅས་ཏེ། ཕྱི་ལོ་༢༠༡༦་ཟླ་༧་ཚེས་༡༩་སྟེ་བོད་མེ་ཕོ་སྤྲེལ་ལོའི་ཟླ་བ་ལྔ་པའི་ཚེས་བཅོ་ལྔ་མགོན་པོ་གང་གི་འཁྲུངས་སྐར་དགེ་བའི་ཉིན་༧སྐྱབས་འོག་པ་སྤུ་བླ་གཡུང་དྲུང་བཟང་དུ་འབོད་པས་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་ཤག་ཉི་འོད་འཁྱིལ་པ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕུལ་བའི་དགེ་དེས་༸དཔོན་གསས་བླ་མའི་སྐུ་ཚེ་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་ཅིང་ཚེ་རབས་ཕྲེང་བར་རྗེས་སུ་འཛིན་པའི་རྒྱུ་རུ་གྱུར་ཅིག་གུ།
།
བསམ་ཚུལ་ཕྲིས།