བོན་པོ་དང། བན་དེ། ཆོས་ལུགས། རིས་མེད་གླེང་བ།

རྩོམ་ཡིག་འདི་ཐེངས། 1375 བཀླགས་འདུག

04153641906ངའི་མིང་ལ་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ལབ་ཀི་ཡོད། རིས་མེད་ཆོས་བརྒྱུད་ཚོགས་པའི་ཚོགས་གཙོ་ས་སྐྱའི་མཁན་པོ་བྱམས་པ་དང་ངེད་གཉིས་ཡུན་རིང་པོར་གཤིབས་པའི་ཆོས་གྲོགས་དམ་གཙང་དེ་འདྲ་ཞིག་ཡིན། ད་རེས་ཁོང་གིས་རྩོམ་པ་པོ་ཞིག་གིས་ཆོས་བརྒྱུད་རིས་མེད་ལ་མཐོང་ཚུལ་སྐོར་སྐད་ཆ་འདྲ་བཤད་ན་ཞེས་གསུངས་སོང་། མཐོང་ཚུལ་དེ་འདྲ་ཞིག་བཤད་རྒྱུར་རྩ་བའི་ཆ་ནས་ང་རང་གི་འདས་པའི་ལོ་བཅོ་ལྔ་ཉི་ཤུའི་རིང་གི་ཆེད་ལས་དེ་ང་རང་རྩོམ་པ་པོ་ཞིག་ཡིན་ན་རེད་གང་ལྟར་ཆོས་ལུགས་ཉམས་ལེན་དང་བླ་མ་འདྲ་མིན་མདུན་ནས་ཆོས་ཞུ་རྒྱུ་དེ་ཕྱོགས་གཅིག་དང་། ཕྱོགས་གཉིས་པ་དེ་ནས་བོད་ཀྱི་རྩོམ་ཡིག་སྐོར་ནས་བླ་མ་རྣམ་པའི་རྣམ་ཐར་འབྲི་བ་དང་། སྙན་ངག་དང་སྒྲུང་རྩོམ་དེ་འདྲ་འབྲི་རྒྱུ་ལ་སོགས་པ་ཡོད་པ་རེད། དེ་མ་གཏོགས་རྩ་བའི་ཆ་ནས་ཆོས་བརྒྱུད་རིས་མེད་ལ་ཆ་རྒྱུས་སྤུས་དག་པོ་དེ་འདྲ་མེད། ཡིན་ན་ཡང་ཆུང་དུས་ནས་ང་རང་གི་ཕ་ལགས་དེ་ཆོས་བརྒྱུད་རྙིང་མ་དང་དགེ་ལུགས་འདྲ་བོ་གྲུབ་མཐའ་རིས་མེད། དཔེ་ཆ་ཉོ་རྒྱུ་དང་ཀློག་རྒྱུར་ཧ་ཅང་དགའ་བ་ཞིག་ཡོད། ང་རང་ཆུང་དུས་བཅུ་བཞི་བཅོ་ལྔ་དེ་འདྲ་ཡིན་དུས། བོད་ལྗོངས་དང་མཚོ་སྔོན། ཀན་སུའུ་དང་སི་ཁྲོན། པེ་ཅིན་མི་རིགས་དཔེ་སྐྲུན་བཅས་ནས་དཔར་བའི་བླ་མ་རྣམ་པའི་ལོ་རྒྱུས་མང་པོ་ཞིག་ཕ་ལགས་ཀྱི་ཤུགས་རྐྱེན་འོག་ཀློག་རྒྱུ་བྱུང་། ངའི་ཕ་ལགས་དེ་ཚོང་ཁང་དུ་ཕྱིན་པ་ཡིན་ན་དཔེ་ཆ་དེ་འདྲ་མ་ཉོས་ནས་ལོག་ཡོང་གི་མ་རེད། གལ་སྲིད་དཔེ་ཆ་གསར་བ་ཞིག་ཡོད་ན་ནང་མིར་ཇ་དང་ཚྭ་ཉོ་བྱེད་ཀྱི་དངུལ་ཡང་བེད་སྤྱད་ནས་དཔེ་ཆ་དེ་ཉོས་ནས་ནང་ལ་ལོག་ཡོང་གི་རེད། དེ་ནས་ཁོང་གིས་དཔེ་ཆ་དེ་ཚར་གཅིག་ཀློག་གི་རེད་ལ། བཀླགས་ཚར་རྗེས་ང་ཚོ་ཕྲུ་གུ་ཚོར་སྤྲད་དེ་ཀློགས་གསུང་གི་རེད། ཁོང་ཆོས་བརྒྱུད་རིས་མེད་ཡིན་པས་ཆོས་ལུགས་འདྲ་མིན་ལ་ངན་སྨྲོས་བྱེད་པ་དེ་འདྲ་ནམ་ཡང་ཐོས་མ་མྱོང་། རྗེ་མི་ལའི་རྣམ་ཐར་དང་བོན་པོའི་བླ་མའི་ལོ་རྒྱུས་སྙན་པོ་དེ་འདྲ་བཤད་རྒྱུ་ཡོད་པ་རེད། དེ་འདྲ་བྱས་ནས་བོད་དུ་དགོན་པར་ལོ་བཅུ་བསྡད་པའི་རིང་བླ་མའི་རྣམ་ཐར་བོད་ནས་དཔར་བ་ཞིག་ཕལ་ཆེར་མ་བཀླགས་པ་ཞིག་མེད་པའི་ཚོད་དུ་ཡོད་པ་རེད།

ངའི་རྩ་བའི་བླ་མ་དེའི་མཚན་ལ་ལ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཞུ་བ་དང་། མདོ་སྨད་ཀྱི་ཡུལ་དེར་རི་བོ་དགེ་ལུགས་པའི་དབང་ལུང་མན་ངག་གསུམ་གཞུང་ཆེན་པོ། ཐ་ན་ཐ་སྙད་རིག་གནས་དག་ཡིག་སུམ་རྟགས་ཚུན་ཆད་ཀྱི་དཔེ་ཁྲིད་གནང་མཁན་ཞིག་ཡིན་པས། མདོ་སྨད་ཀྱི་དགེ་ལྡན་པ་ཆེ་ཕྲ་ཚང་མས་ཞབས་ལ་གཏུགས་ས་ཞིག་རེད། མདོ་སྨད་ཀྱི་དགེ་ལྡན་པའི་གདན་ས་ཆེ་ཁག་བླ་བྲང་སྐུ་འབུམ་ལྡི་ཚ་རོང་བོ་དགོན་ཆེན་ར་རྒྱ་དགོན་སོགས་ཀྱི་བླ་གྲྭ་ཕལ་མོ་ཆེ་ཞིག་ཁོང་གི་སློབ་མ་རེད། བླ་མ་ཁོང་རྩ་བའི་ཆ་ནས་དགེ་ལུགས་པའི་བླ་མ་ཡིན་པ་ལ། ཆོས་ལུགས་ཀྱི་ཕྱོགས་ཞེན་དེ་འདྲ་རྩ་བ་ནས་མི་གསུངས་པ་མ་ཟད། ཁོང་གི་ཕྱག་དཔེ་ལྷ་ཁང་ཆེན་པོ་ཞིག་ཡོད་པའི་ནང་དུ་ཆོས་བརྒྱུད་རིས་མེད་ཀྱི་མཁས་པའི་གསུང་འབུམ་སྟོང་ཕྲག་དུ་མ་བརྩིགས་བཞག་ཡོད་པ་དང་། ཁོང་གི་མདུན་དུ་ཆོས་ཞུ་རུ་ཡོང་མཁན་དགེ་ལུགས་རྙིང་མ་བོན་པོ་གསུམ་ཡོད་པ་རེད། ང་ཚོའི་ས་ཆ་དེར་ས་སྐྱ་པ་དང་བཀའ་བརྒྱུད་པ་ཡོད་པ་མ་རེད་ལ། སྤྱིར་ན་མདོ་སྨད་ཕྱོགས་སུ་ས་སྐྱ་པ་ཕྲན་བུ་ཡོད་པ་མ་གཏོགས་བཀའ་བརྒྱུད་པ་ཕལ་ཆེར་ཡོད་པ་མ་རེད། མཚོ་སྔོན་ཞིང་ཆེན་ཟེར་བ་དེའི་འོག་ཏུ་ཁུལ་དྲུག་ཡོད་པ་འདྲ། མཚོ་ཤར་མཚོ་ལྷོ་མཚོ་བྱང་མཚོ་ནུབ། རྨ་ལྷོ་དང་མགོ་ལོག བཅས་སུ་བཀའ་བརྒྱུད་པ་དང་ས་སྐྱ་པ་ཧ་ཅང་ཉུང་ཉུང་ངམ་ཡང་ན་མེད་པ་འདྲ། ཡུལ་ཤུལ་ཕྱོགས་སུ་ས་སྐྱ་པ་མང་པོ་དང་བཀའ་བརྒྱུད་པའི་རྗེས་འཇུག་ཡོད་པ་འདྲ། ངའི་བླ་མ་དེས་མདོ་སྔགས་རིག་གནས་དང་བཅས་པའི་སློབ་ཁྲིད་ཞུ་རྒྱུ་བྱུང་ན། ཐ་ན་གྲྭ་རྐྱང་ཞིག་གིས་རང་ལ་དཔགས་པའི་དངུལ་ཕྲན་བུ་རེ་ཉར་སྟངས་ཚུན་ཆད་སློབ་གནང་གི་རེད། ང་རང་ཐོག་མར་ཆོས་སྒོར་ཞུགས་ས་དགེ་ལུགས་པ་ཡིན་པ་དང་། ཕ་ལགས་ཁོང་རྙིང་མར་ཐུགས་དད་ཆེན་པོ་ཡོད་པས་རྙིང་མའི་བླ་མའི་རྣམ་ཐར་ཀློག་རྒྱུ་བྱུང་། བཀའ་བརྒྱུད་པའི་ཁུངས་གཏུགས་མི་ལ་རས་པའི་རྣམ་ཐར་ལྟ་བུ་དང་། སྔོན་མར་ལོ་ལྔ་བརྒྱ་དྲུག་བརྒྱའི་སྔོན་ལ་མཚོ་སྔོན་གྱི་བིས་མདོ་དགོན་ཆེན་དང་རོང་བོ་དགོན་ཆེན་ཟེར་བའི་དགོན་པ་དེ་ཚོ་ས་སྐྱ་པའི་དགོན་པ་ཡིན་ལུགས་དགོན་པ་དེ་ཚོའི་གདན་རབས་ནང་ཐོན་ཡོང་གིན་འདུག འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ་ས་སྐྱ་ནས་བླ་བསྐོས་ཟེར་བ་དེ་འདྲ་ཕྱོགས་གང་སར་གཏོང་བཞིན་ཡོད་པ་རེད། ཡིན་ན་ཡང་འགྲོ་མགོན་ཆོས་འཕགས་ཀྱི་རྗེས་སུ་ས་སྐྱ་པའི་སྟོབས་ཤུགས་ཕག་གྲུའི་ལག་ཏུ་ཤོར་བ་རེད། ས་སྐྱའི་བླ་བསྐོས་མུ་མཐུད་དེ་ཡོང་རྒྱུ་མེད་པ་ལ་བརྟེན་ནས་རང་ཤུགས་ཀྱིས་ས་གནས་དེ་རང་དུ་ཡོད་པའི་དགེ་ལུགས་པའི་བླ་མ་དང་གྲྭ་པའི་ཤུགས་རྐྱེན་འདྲ་བོས་དགེ་ལུགས་པར་འགྱུར་བ་ཞིག་རེད་འདུག ང་རང་གིས་བོད་དུ་ས་སྐྱའི་བླ་མ་དེ་འདྲ་མཇལ་མ་མྱོང་ཡང་ས་སྐྱ་ལེགས་བཤད་དང་བདག་ཆེན་ཨ་མེས་ཀྱི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལྟ་བུ་བཀླགས་ནས་ས་སྐྱའི་ཆོས་དང་བླ་མའི་ལོ་རྒྱུས་ཡིད་དབང་འཕྲོགས་པ་དད་པ་སྐྱེ་བ་དེ་འདྲ་མཇལ་རྒྱུ་བྱུང་། དེ་གཅིག་རེད།

དེ་ནས་བོན་པོའི་ཕྱོགས་སུ་ང་ཚོའི་ཕ་ཡུལ་དུ་བོན་པོ་ཤུགས་ཆེན་པོ་ཡོད་ལབ་ན་མེད་པ་འདྲ་བོ། མེད་ལབ་ན་ཡོད་པ་འདྲ་བོ་རེད། ངའི་སྐྱེས་ཡུལ་ནས་རྟ་ལ་ཞོན་ནས་ཉི་མ་རེ་ཟུང་ཕྱིན་པའི་ལམ་དུ་གྲོང་པ་རེ་ཟུང་ལ་ལུགས་སྲོལ་ཡ་མཚན་འདྲ་བོ་ཞིག་འདུག གལ་སྲིད་ཁྱིམ་གཅིག་ལ་བུ་གསུམ་ཡོད་ན་གཅིག་དགེ་ལུགས་པ་དང་གཅིག་རྙིང་མ་པ། གཅིག་བོན་པོ་བྱེད་དགོས་པ་རེད། དེ་འདྲ་བྱས་ནས་བུ་གསུམ་པོ་ཆོས་བརྒྱུད་མི་འདྲ་བ་གསུམ་ཉམས་ལེན་བྱེད་མཁན་དུ་འགྱུར་གྱི་རེད། གཞན་སེར་རྒྱ་ཟེར་བའི་བོན་པོའི་གྲོང་པ་དེ་འདྲ་ནས་བོན་པོའི་སྔགས་པ་དེ་འདྲ་གདན་འདྲེན་ཞུས་ནས་གྲོང་པའི་སྐུ་རིམ་བསྒྲུབས་པ་དེ་འདྲ་ཡང་བྱུང་སོང་ལ། རེ་ཟུང་གིས་དེ་ལ་མི་དགའ་བའི་རྣམ་འགྱུར་བསྟན་པ་དེ་འདྲ་བྱུང་སོང་། གྲོང་པའི་མི་སྐྱ་དེ་འདྲས་རྩ་བའི་ཆ་ནས་བོན་པོའི་ཕན་ཡོན་དང་དགེ་ལུགས་པའི་ཕན་ཡོན་གྱི་ཁྱད་པར་དེ་འདྲ་ཞེ་དྲགས་ཤེས་ཀྱི་ཡོད་པ་མ་རེད། དགག་པ་རྒྱག་མཁན་མང་ཤས་གྲྭ་པ་དེ་འདྲ་རེད། དེ་ཚོས་རང་གི་ནང་མིར་ཁྱེད་ཚོ་ནང་པ་དང་དགེ་ལུགས་པ་རེད། ག་རེ་བྱས་ནས་བོན་པོ་སྐད་བཏང་ནས་ཆོས་སྒྲུབ་ཀིན་ཡོད་པ་འདྲ་བོའི་རྙོག་གཞི་བསླངས་པ་རེད། གང་ལྟར་རྩོམ་པ་པོ་ཞིག་གི་མིག་ལམ་ནས་ཆོས་བརྒྱུད་རིས་མེད་ལ་ལྟ་བ་ཟེར་བའི་སྐབས་སུ། རྩོམ་པ་པོ་ཟེར་དུས་ཡི་གེ་འབྲི་ཀློག་ཤེས་ཙམ་མ་ཡིན་པར་ལོ་རྒྱུས་སོགས་ཀྱི་ཤེས་ཡོན་ཅན་ཞིག་ཏུ་ལྟ་བའི་དུས་འདིར། ང་རང་ཉིད་ལ་མཚོན་ན་ཡོན་ཏན་མེད་ཀྱང་རྩོམ་པ་པོ་ཞེས་པའི་མིང་ཞིག་བཏགས་ཆོག་པ་འདྲ། རྩོམ་པ་པོ་ཞེས་པའི་མིང་ཞིག་ཁུར་ནས་ཆོས་བརྒྱུད་རིས་མེད་ཀྱི་སྐོར་ལ་གླེང་གཞི་སྤེལ་དགོས་ན། དང་པོར་ཆོས་བརྒྱུད་རེ་རེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཕྲན་བུ་རེ་མ་བཤད་ཐབས་མེད་འདྲ་བོ་ཞིག་རེད།

ང་ཚོ་བོད་གངས་ཅན་པའི་ཆོས་བརྒྱུད་ཁ་ཤས་ཡོད་པའི་ནང་དུ་ཆོས་བརྒྱུད་ཅེས་པའི་མིང་ཐོགས་བསྡད་ཡོད་པ་དེ་ནི། བོན་པོ། རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས། ཇོ་ནང་བཅས་དྲུག་ཡོད་པ་རེད་ལ། ང་རང་གིས་ཆོས་བརྒྱུད་ཆེན་པོ་དྲུག་ཅེས་པ་འདི་ལ་ངོས་ལེན་བྱེད་མཁན་ཞིག་ཡིན། ཆབ་སྲིད་པ་དེ་ཚོའི་ལས་ཀ་ནི་སྤྱི་ཚོགས་མཐུན་པོ་དེ་མི་མཐུན་པ་བཟོ་རྒྱུ་དང་། མི་མཐུན་པ་དེ་ཚོའི་བར་གྱི་འགལ་བ་ཆེ་རུ་གཏོང་རྒྱུ་དེ་ཡིན་པས་ཆོས་བརྒྱུད་ཆེན་པོ་དྲུག་ཅེས་པ་འདི་ལ་ངོས་ལེན་ཡོད་མེད་མི་ཤེས། སྤྱིར་ན་འདི་ལ་ངོས་ལེན་ཡོད་མེད་སོ་སོའི་རང་དབང་རེད། གལ་སྲིད་ཆོས་བརྒྱུད་ཆེན་པོ་དྲུག་གི་ནང་ནས་བོན་པོའི་ཆོས་བརྒྱུད་དེ་སྟོན་པ་གཤེན་རབ་ནས་བྱུང་བ་རེད་ཟེར་ནས་མི་མང་པོས་གོ་བསྡད་པ་ཞིག་རེད། ང་རང་ཕ་ཡུལ་དུ་ཡོད་དུས་སྟོན་པ་གཤེན་རབ་ཟེར་བའི་མིང་དེ་ཕལ་ཆེར་གོ་མ་མྱོང་བ་འདྲ་བོ་ཞིག་ཡོད། ཡིན་ན་ཡང་སྟག་ལྷ་མེ་འབར་ཟེར་བ་ཞིག་གོ་མྱོང་། དེ་ཡང་། པད་འབྱུང་ཤྰཀྱ་བསྣོལ་བའི་གདན་སྟེང་དུ། །བོན་གྱི་སྟོན་པ་སྟག་ལྷ་མེ་འབར་བཞུགས། །ཞེས་པའི་ཚིག་འདི་འདྲ་ཞིག་རྣ་ལམ་ཡང་ཚར་འགའ་ཐོས་མྱོང་། ང་རང་གི་བསམ་ཚུལ་ཡིན་ན་སྟག་ལྷ་མེ་འབར་གྱི་ཐང་ཀ་དང་གཞུང་དེ་འདྲ་ཞིག་ཡོད་ཀྱི་མ་རེད་བསམ་གྱིན་ཡོད་ལ། བོན་པོའི་མཁས་པ་ཚད་ལྡན་ཞིག་གིས་དེ་འདྲའི་ཐང་ཀ་དང་གཞུང་རྩོམ་གྱི་མ་རེད་བསམ་གིན་ཡོད། བོན་པོའི་མཁས་པ་ཞིག་གིས་གུ་རུ་རིན་པོ་ཆེའི་གསུང་པདྨ་བཀའ་ཐང་གི་ནང་དུ་གུ་རུ་རིན་པོ་ཆེས་སྟོན་པ་གཤེན་རབ་ལ་གདེང་འཇོག་འདྲ་བོ་ག་འདྲ་ཞིག་བྱས་ཡོད་མེད་གསལ་བོར་མཁྱེན་གྱི་རེད། དེ་འདྲ་བྱས་ནས་བོན་པོའི་སྟོན་པ་གཤེན་རབ་མི་བོ་ཆེ་དེ་འཁྲུངས་ས་དེ་ནི། བོད་གངས་ཅན་ཡུལ་གྱི་བྱང་ནུབ། ལྷོ་འཛམ་བུ་གླིང་གི་བྱང་མཐའ། སྟག་གཟིག་འོལ་མོ་ལུང་རིང་། མཁས་དབང་ནམ་མཁའི་ནོར་བུ་ལྟར་ན་ཞང་ཞུང་འོལ་མོ་ལུང་རིང་། ཡབ་ཀྱི་མིང་ལ་ཐོད་དཀར། ཡུམ་གྱི་མིང་ལ་རྒྱལ་བཞེར་མ་གཉིས་ཀྱི་སྲས་སུ་སྤྱི་ལོ་ཉིས་སྟོང་བཅུ་བཞི་ནས་ཡར་བགྲངས་པ་ཡིན་ན། ལོ་ཁྲི་གཅིག་དང་སྟོང་བདུན་ཉེར་དགུ་པ་འདྲ་བོའམ་སུམ་ཅུའི་སྔོན་དུ་འཁྲུངས་པ་རེད་ཟེར་གྱི་ཡོད་པ་འདྲ། གང་ལྟར་སྟོན་པ་དེའི་མཛད་རྣམ་རགས་རམ་ཞིག་མ་གཏོགས་འདིར་མི་དགོས་པ་ཞུ། བོད་ལ་ཕེབས་སྟངས་ཡོངས་གྲགས་དེ་ནི། བདུད་ཁྱབ་པ་ལག་རིང་ཟེར་བ་དེས་སྟག་གཟིག་གི་རྟ་བདུན་བརྐུས་པ་དང་། སྟོན་པ་གཤེན་རབ་བོད་ལ་ཕེབས་དུས་ཁ་གཡར་ས་འདྲ་བོ་དེ་རྟ་དེ་ཚོ་ཕྱིར་འཕྲོག་པའི་ཆེད་དང་། དམིགས་ཡུལ་ལྟེ་བ་དེ་ནི་བོད་ཡུལ་དབང་དུ་བསྡུ་བ་དང་། ཆབ་སྲིད་འཛིན་པའི་སྐུ་སྲས་འཁྲུངས་པ། བདུད་ཚར་གཅོད་པ་ལ་སོགས་པའི་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ནས་གཤེན་རབ་མི་བོ་ཆེ་དེ་སྟག་གཟིག་འོལ་མོ་ལུང་རིང་ནས་བོད་དུ་ཕེབས་པ་ཡིན་ལུགས་བོན་པོའི་ལོ་རྒྱུས་སུ་ཡོད་པ་རེད། ཞེ་ས་མ་ཞུས་ན་དེ་དུས་སྟོན་པ་གཤེན་རབ་དེ་འཇིག་རྟེན་མི་སྐྱ་དེ་འདྲ་ཞིག་རེད་མ་གཏོགས་གྲྭ་པ་དེ་འདྲ་ཡང་མ་རེད།  དེ་ནང་བཞིན་དེ་དུས་སྟོན་པ་གཤེན་རབ་ཀྱིས་གནས་སྐབས་སུ་བོད་དུ་ཆོས་དེ་འདྲ་མ་གསུངས་པ་ནི། རྒྱུ་འབྲས་བདེན་པའི་བོན་རྣམས་ནི། །ད་ལྟ་དུས་ཀྱི་གནས་སྐབས་འདིར། །བསྟན་པ་བཞག་པའི་གནས་མེད་པས། །མཐའ་འཁོབ་མི་ཡིས་མི་གོ་བས། །མི་ཤེས་ཕྱིར་ནས་མ་སྤེལ་ཏོ། །ནམ་ཞིག་ཁ་བ་ཅན་ལྗོངས་སུ། །ཐེག་པ་རིམ་དགུའི་བོན་དར་ནས། །གཡུང་དྲུང་བོན་ལ་སྤྱོད་པར་ཤོག །ཅེས་སྐབས་དེར་བོན་ཆོས་མི་གསུང་བའི་རྒྱུ་མཚན་ཆེན་པོ་ཞིག་གསུངས་འདུག སྟོན་པ་གཤེན་རབ་ཀྱི་དུས་དེར་བོད་ཡུལ་དུ་བོན་ཆོས་གསུང་ན་ཉམས་སུ་ལེན་མི་ཐུབ་པར་ཆེད་དུ་བྱ་བའི་གདུལ་བྱ་མེད་པའི་སྐོར་ཞིག་ཡོད་པ་འདིས། སྟོན་པ་ཤཱཀྱ་ཐུབ་པ་ཡང་སངས་རྒྱས་པའི་རྗེས་དེ་མ་ཐག་ཏུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་གསུངས་པ་འདྲ་བོ་ཞིག་འདུག གོང་དུ་དྲངས་པའི་ལུང་དེའི་ནང་། མཐའ་འཁོབ་མི་ཡིས་མི་གོ་བས། །ཞེས་པ་འདི་ལ་བསམ་བློ་གཏོང་རྒྱུ་ཞིག་ཏན་ཏན་འདུག སྐབས་དེའི་སྟག་གཟིག་འོལ་མོ་ལུང་རིང་དང་བསྡུར་བ་ཡིན་ན་བོད་ཡུལ་དེ་མཐའ་འཁོབ་ཏུ་ཡོད་པ་དང་། ཁོང་གི་རྒྱུ་འབྲས་བདེན་པའི་བོན་ཆོས་དེ་མ་གསུངས་པར། གཏམ་མི་དང་བསྟུན་དགོས་པ་ཡིན་དུས། དུས་སྐབས་དེ་དང་དེའི་སྔོན་གདོད་མ་ནས་ཡོད་པའི་དམར་མཆོད་ལ་སོགས་པའི་ཆོ་ག་སྤེལ་སྟངས་དེ་ཚོ་བཀགས་ནས་རྩམ་པའི་གཏོར་མ་འདྲ་བོ་དང་། སྔོན་ཆད་ཁྲག་མཆོད་བཞིན་ཡོད་ན་དེའི་ཚབ་ཏུ་འོ་མ་མཆོད་དགོས་པ་འདྲའི་ལུགས་སྲོལ་གསར་བཏོད་བྱས་ཡོད་པ་འདྲ། ཡིན་ཡང་བོན་པོའི་མཁས་པ་ལ་ལས་དེ་ལ་དོགས་སློང་བྱེད་ཀྱི་ཡོད་ལུགས་ཀྱང་ཐོས། གང་ལྟར་སྟོན་པ་གཤེན་རབ་བོད་ལ་བསླེབས་དུས་སྟག་གཟིག་འོལ་མོ་ལུང་རིང་ན་ཡོད་པའི་བོན་བསྟན་དེ་གྲུ་བཞི་ཆ་ཚང་བ་ཞིག་བོད་དུ་སྤེལ་ཐུབ་མེད་པ་ནི་གོང་དུ་དྲངས་པའི་ལུང་དེས་ཤེས་པ་དང་། ཁོང་གི་ཞལ་ནས་གསུངས་པ་ཡིན་པས་ཁས་ལེན་དགོས་པ་ཞིག་རེད་ལ། སྐབས་དེར་ཁོང་ལ་འཕྲད་པའི་དཀའ་ངལ་དེ་ཡང་ཞར་ནས་ཚོར་ཐུབ། ཡང་མིན་ན་དེ་དུས་ཁོང་གིས་བོན་གསུང་སའི་གདུལ་བྱ་མི་འདུག་ཅེས་བོན་གསུང་བའི་མགོ་བཙུགས་མེད་པ་དང་། ཡང་ན་བོན་གསུང་བའི་མགོ་བཙུགས་ཀྱང་གདུལ་བྱའི་རྒྱུད་དང་མ་འཚམས་ནས་གསུང་མཚམས་བཞག་པ་འདྲ་བོ་ཞིག་རེད། དེ་ནི་བསྟན་པ་བཞག་པའི་གནས་མེད་པས། །ཞེས་འུ་ཐུག་པའི་གསུང་བྱོན་པ་འདྲ་བོ། སྟོན་པ་ཤཱཀྱ་ཐུབ་པས། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །ཞེས་པའི་ཚིག་དེ་འདྲ་བོ་ཡོད་པ་རེད། ལུང་པ་གསར་བ་ཞིག་ལ་ཆོས་ལུགས་གསར་བ་ཞིག་ཁྱེར་ཡོང་དུས་དཀའ་ངལ་ག་འདྲ་ཞིག་འཕྲད་ཀྱི་ཡོད་པ་དེ་སྟོན་པ་ཡེ་ཤུའམ་རྗེ་སི་སི་ལ་རྗུའུ་མི་རིགས་ཀྱིས་དཀའ་ངལ་སྤྲད་པ་ལས་ཤེས་ཐུབ་པ་ཞིག་རེད། སྟོན་པ་ཡེ་ཤུ་དེ་ཁོ་རང་ཚོའི་ལོ་རྒྱུས་ནང་ལོ་བཅུ་དྲུག་ཡིན་དུས་བརླགས་སོང་བ་རེད། ལོ་སུམ་ཅུ་སོ་གཉིས་ཡིན་ནམ་ཞིག་ལ་ཕྱིར་རང་གི་ཕ་ཡུལ་དུ་ལོག་ཡོང་བ་རེད། ང་རང་གི་ཡིད་ཆེས་ལ། སྟོན་པ་ཡེ་ཤུའི་ཕ་དངོས་སམ་ཕ་ཡར་དུ་འབོད་པའི་ཇོ་སེབ་ཟེར་བ་དེས་རྒྱ་གར་ཡུལ་དབུས་སུ་འགྲོ་བའི་ཚོང་བ་དེ་འདྲའི་མཉམ་དུ་བཏང་ནས། སྐབས་དེར་འཛམ་གླིང་ན་སྙན་གྲགས་ཅན་གྱི་ན་ལེན་དྲ་མཐོ་རིམ་སློབ་གྲྭར་ཞུགས་ནས་ནང་ཆོས་ལ་སློབ་སྦྱོང་བྱས་པ་རེད། སྐབས་དེའི་ན་ལེན་དྲའི་སློབ་ཡུན་ནི་ལོ་བཅུ་དྲུག་རེད། སྟོན་པ་ཡེ་ཤུས་ན་ལེན་དྲ་ནས་སློབ་མཐར་ཕྱིན་རྗེས་ལོ་གཉིས་རིང་ལ་དྭགས་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་སྐོར་འདྲ་བོ་བྱས་རྗེས་ཕྱིར་རང་གི་ཕ་ཡུལ་དུ་ལོག་པ་རེད། ཁོང་གིས་བྱམས་པ་དང་བརྩེ་བ་ཁྱབ་ཆེན་པོ་ཡོད་པའི་ཆོས་གསར་པ་ཞིག་སྟོན་དུས། མི་མང་པོས་ཁོང་ཤིང་བཟོ་བ་ཞིག་རེད། ཁོང་དཀོན་མཆོག་གི་སྲས་ལབ་ཀྱི་ཡོད་པ་རེད། ཤིང་བཟོ་བ་ཞིག་གིས་བསྟན་པའི་ཆོས་ལུགས་ཤིག་ཡིན་དུས་དེ་ལ་ཡག་པོ་ཞིག་མེད་ཐག་ཆོད་ཟེར་ནས་ཁྲིམས་ལ་གཏུགས། ཁོང་དཀོན་མཆོག་གི་སྲས་ཡིན་ཟེར་བའི་ཚིག་དེ་ཕྱིར་འཐེན་བྱེད་དགོས་ཟེར་དུས་ཁོང་གིས་དེ་ལ་ངོས་ལེན་མ་བྱས་པས་ཁོང་བརྒྱངས་ཤིང་ལ་བཀལ་ནས་སྐུ་བགྲོངས་པ་རེད། ལོ་རྒྱུས་འདི་ལ་བསམས་ན། སྟོན་པ་གཤེན་རབ་བོད་ལ་ཕེབས་དུས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཀྱང་འདི་འདྲ་ཞིག་ཡོད་པ་རེད། སྟོན་པ་གཤེན་རབ་བོད་ལ་ཕེབས་དུས་ཁོང་ལུང་པའི་རྒྱལ་པོ་དེ་འདྲས་གདན་འདྲེན་ཞུས་པ་དེ་འདྲ་ཡང་མ་རེད་ལ། མི་ཚང་ཆེན་པོ་ཕྱུག་པོ་དེ་འདྲས་སྐུ་རིམ་ལ་སོགས་པའི་ཆེད་དུ་གདན་དྲངས་པ་དེ་འདྲ་ཞིག་ཀྱང་མ་རེད། མི་དཀྱུས་མ་འབྲོག་པའི་ཕ་ལགས་འདྲ་བོ། རྟ་བདུན་རྐུན་མས་བརྐུས་པའི་ར་མདའ་བ་ཞིག་རེད། སློབ་མ་མང་པོའི་ཕེབས་བསུ་ཡོད་པ་མ་རེད་ལ། རྒྱལ་པོ་ཆེན་པོའི་སྤྱན་འདྲེན་ཡང་ཡོད་པ་མ་རེད། རྟ་བདུན་གྱི་ར་མདའ་ལ་ཡོང་བའི་མི་ཞིག་གིས། ང་རང་ཞང་ཞུང་ལུང་པར་མི་ཞེད་པོ་ཞིག་ཡིན། ང་ལ་གཡུང་དྲུང་བོན་ཟེར་བའི་ཆོས་ལུགས་ངོ་མཚར་བ་ཞིག་ཡོད། ང་ལ་རྒྱུ་འབྲས་ཀྱི་ཐེག་པ་ཡོད། ཁྱོད་རང་ཚོ་ལ་སྤེལ་གྱི་ཡིན་ལབ་ན་ཡུལ་མི་ཚོས་ངོས་ལེན་བྱེད་རྒྱུ་ལས་སླ་བོ་ཡོད་པ་མ་རེད། འགྲོ་བ་མི་འདི་གཤིས་ཀ་གྱོང་བ་ང་རྒྱལ་དང་ཕྲག་དོག་ཚ་བོ་ཞིག་གཤིས་ཀ་ལ་ཡོད་པ་དང་། དེ་ལས་ཁྱོད་རང་ལ་མཐུ་དང་ནུས་པ་ཡོད་ན་གཟུགས་མེད་ཀྱི་ལྷ་འདྲེ་དེ་ཚོ་འདུལ་ཡ་ཏོག་ཙམ་ལས་སླ་བོ་ཡོད་པ་རེད། དེ་འདྲ་ཞིག་ཡོད་པ་རེད་ཟེར་ན་མི་ལ་རས་པས་གསུངས་འདུག་ག ཁྱེད་རང་ཚོ་མི་འདུལ་བ་ལས་ལྷ་འདྲེ་འདུལ་བ་ལས་སླ་བོ་འདུག་གསུངས་ཡོད་པ་རེད། གལ་སྲིད་མི་ལ་རས་པའི་རྣམ་ཐར་ཀློག་མྱོང་མཁན་ཡོད་ན་གསལ་བོ་འདུག དེ་འདྲ་ཡིན་དུས་སྟོན་པ་གཤེན་རབ་བོད་ལ་ཕེབས་དུས་མི་འདུལ་བའི་ཚབ་ཏུ་དང་པོར་ཀོང་བཙུན་དེ་མོ་ཞེས་པའི་ས་གནས་ཀྱི་གཞི་བདག་ཅིག་བཏུལ་འདུག དེ་བཞིན་སྐབས་འདིའི་ཞང་ཞུང་གི་རྟ་རྐུ་མཁན་བདུད་ཁྱབ་པ་ལག་རིང་ཞེས་པ་དེ་ཡང་། བདུད་ཟེར་བའི་མཚན་མོ་མ་གཏོགས་ཕྱི་ལ་མི་ཐོན་མཁན་མཆེ་བ་གཙིགས་སོ་རིང་པོ་ཅན་དེ་འདྲ་ཞིག་མ་ཡིན་པར། གྲོང་པའི་དཔའ་བོ་འདྲ་བོ་རྐུན་མ་རྫབ་ཆེན་དེ་འདྲ་ཞིག་རེད། བོད་ཀྱི་བཤད་སྟངས་ལ་ཡང་རྐུན་མ་དེ་ཚོར་ལག་རིང་ཟེར་གི་རེད། དེ་ཚོས་དངོས་པོ་ཞིག་མཐོང་ནས་འཁྱེར་འགྲོ་བས་ལག་པ་རིང་པོ་འདྲ་བོ་ཞིག་ཡོད་པ་རེད། ངས་ག་རེ་བཤད་ཀི་ཡོད་ཟེར་ན། སྟོན་པ་གཤེན་རབ་བོད་ལ་ཕེབས་དུས་ཁོང་ལ་འཕྲད་པའི་སྐུ་ངལ་དེར་ཆོས་ལུགས་ཀྱི་རྙོག་དྲ་ཟེར་ན་ཡང་མི་ཤེས། གང་ཡིན་ཟེར་ན་གདོད་མའི་མི་དེ་ཚོར་ཁོང་རང་ཚོ་ལ་ལྷ་མཆོད་པའི་ལུགས་སྲོལ་ཞིག་ཡོད་པ་མ་གཏོགས། ལྟ་གྲུབ་ཀྱི་རྣམ་བཞག་འཐུས་ཚང་ཞིག་ཡོད་མེད་མི་ཤེས་པས། སྟོན་པ་གཤེན་རབ་ལ་ཆོས་བརྒྱུད་ཀྱི་རྙོག་དྲ་འཕྲད་ཡོད་མེད་མི་ཤེས། ཡིན་ན་ཡང་། དེ་དུས་བོད་ཡུལ་དུ་རུས་བརྒྱུད་ཚོ་ཁག་མི་འདྲ་བ་མང་པོ་ཞིག་ཡོད་པས། ཚོ་ཁག་མི་འདྲ་བར་ཆོས་ལུགས་ཀྱི་ཆོ་ག་སྤེལ་སྟངས་ཀྱང་མི་འདྲ་བ་མང་པོ་ཞིག་རང་ཤུགས་སུ་ཡོད་ཆོག་པ་རེད། དེ་ཡིན་དུས་སྟོན་པ་གཤེན་རབ་གྱིས་བོན་སྤེལ་བར་འགོག་རྐྱེན་འཕྲད་ཡོད་པ་གོང་གི་ལུང་དེས་ཤེས་ཐུབ་ལ། ཚོ་ཁག་ཁོ་རང་ཚོའི་བར་དུ་ཡང་ལྷ་གསོལ་མཆོད་བྱེད་སྟངས་བར་གྱི་འགལ་བ་ཡོད་ཆོག་པ་རེད། ཡིན་ཡང་ཆོས་ལུགས་ཀྱི་ཆེད་དུ་དམག་བརྒྱབ་ནས་ཁྱོད་ཤི་ང་གསོན་གྱི་གསོད་རེས་བྱེད་དགོས་པའི་དཀའ་ངལ་ཆེན་པོ་དེ་འདྲ་ཡོད་ཀྱི་མ་རེད་བསམ་གྱི་ཡོད། རྩ་བའི་ཆ་ནས་སྟོན་པ་གཤེན་རབ་ཡིན་ན་རེད་སྟོན་པ་ཤཱཀྱ་ཐུབ་པ་ཡིན་ན་རེད། ཁོང་རྣམ་གཉིས་ཀྱི་ལོ་རྒྱུས་ལ་ལྷ་སྒྲུང་ངམ་སྒྲོ་བཏགས་ཀྱི་ཆ་ཆེན་པོ་ཞིག་ཡོད་པར་མཐོང་གི་ཡོད། དེ་བཞིན་སྟོན་པ་ཡེ་ཤུའི་ལོ་རྒྱུས་ལ་ཡང་སྒྲོ་བཏགས་ཀྱི་ཆ་མང་པོ་ཞིག་ཡོད་པ་རེད། ཁོང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་ཞིག་ལ་དཔགས་པའི་འཇོན་ཐང་དང་ནུས་པ་ཞིག་ཡོད་པ་རེད་ལ་དེ་ལ་ཡང་ཚད་ཅིག་ཡོད་པ་རེད། ལོ་རྒྱུས་ཀྱི་ནང་དུ་བདེན་པའི་ཆ་མང་པོ་ཞིག་ཡོད་པ་རེད་ལ། རྗེས་རབས་པ་ཚོས་སྒྲོ་བཏགས་པ་ཡང་མང་པོ་ཞིག་ཡོད་པ་རེད། ཆོས་པ་རྣམ་དག་གི་སྣང་ངོ་ལ་ཡོད་ཚད་བདེན་པར་བརྩི་ཆོག་གི་རེད་ལ། སྟོན་པ་གཤེན་རབ་མིའི་སློབ་དཔོན་ཡག་པོ་ཞིག་ཡིན་པར་ཁས་ལེན་པ་ཙམ་མ་གཏོགས། ཆོས་ཁས་མི་ལེན་པ་དང་རྫུ་འཕྲུལ་ཡང་ཁས་མི་ལེན་པའི་ལོ་རྒྱུས་པ་ཞིག་གི་ངོས་ནས་ཁོང་འོག་མིན་དུ་གཤེགས་པ་ལྟ་བུ་ཁས་ལེན་མི་ཐུབ་པ་མང་པོ་ཞིག་ཡོད་པ་རེད། དེ་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་ཡེ་ཤུའི་སྟོན་པ་གཉིས་ཀྱི་ལོ་རྒྱུས་ཀྱང་གཅིག་འདྲ་རེད།  གོང་དུ་ཞང་ཞུང་འོལ་མོ་ལུང་རིང་ཟེར་དོན་ནི་ནམ་མཁའི་ནོར་བུས་བརྩམས་པའི་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་དོ་ཤལ་ཞེས་པའི་ནང་དུ། འོ་ན་ཁྱོད་ཀྱིས་སྟག་གཟིག་འོལ་མོ་ལུང་རིངས་སུ་གཤེན་རབ་སྐུ་བལྟམས་པ་དང་། བོན་བསྟན་པ་སོགས་ཁས་མི་ལེན་ནམ་ཞེ་ན། སྟག་གཟིག་འོལ་མོ་ལུང་རིངས་ནི་བཤད་སྒྲོས་ཙམ་ཞིག་སྟེ། གདགས་གཞིའི་ཡུལ་གཟུང་དུ་མེད་པའི་ཕྱིར། སྐབས་འགར་བོན་པོ་འགའ་ཞིག་གིས་དག་པའི་ཞིང་ཁམས་ལྟར་བཤད་འདུག་པ་དེ་ལྟར་འགལ་བ་མེད་དེ། རང་སྣང་དག་པ་ལ་ཞིང་ཁམས་སུ་གྲུབ་ཆོག་པའི་ཕྱིར། དཔེར་ན་སྟུག་པོ་བཀོད་པའི་ཞིང་བཞིན་ནོ།། གཤེན་རབ་ཀྱི་འཁྲུངས་ཡུལ་དང་། དེས་བོན་གང་དུ་བསྟན་པའི་ཡུལ་དེ་ནི་ཞང་ཞུང་འོལ་མོ་ལུང་རིངས་སུ་གྲུབ་སྟེ། སྲིད་མདོས་ལས། ཡ་ཀི་སྐྱིད་པོའི་ཡུལ། ཉམ་དགའ་བག་རེ་བྲོ། ཆུ་རྒྱལ་བཞི་འདུས་མགོ། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་ཕམ་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར། ཞེས་གསུངས་པའི་ཕྱིར། དེ་ལྟར་མ་ཡིན་ན། ཁྱེད་ཅག་རང་གིས་ཁུངས་སུ་བྱེད་པའི་ལུང་དང་འགལ་ཏེ། མདོ་འདུས་ཞེས་པ་ལས། གཤེན་ཡུལ་འོལ་མོ་ལུང་རིངས་ནི། དཔག་ཚད་ལྔ་བཅུ་ཆུ་ཞིང་མཉམ། གླིང་བཞི་རི་རབ་ཚུལ་དུ་གྲུབ། འཛམ་བུ་སྨྲིག་ཤད་ཤིང་གི་རྩེ། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་མ་ཕམ་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་མགོ །སྤོས་རི་ངད་ལྡན་ཉེ་བའི་ས། །ཞེས་སོགས་ཀྱིས་ཞང་ཞུང་གི་ཡུལ་དུ་གསལ་བར་བཤད་པའི་ཕྱིར། ཞེས་བྲིས་འདུག་པ་དེ་དཔྱད་གཞིར་བསྟན་པ་ཡིན།

གང་ལྟར་གཡང་དྲུང་བོན་གྱི་བསྟན་པ་དེ་བོད་ཁ་བ་ཅན་གྱི་ཡུལ་དུ་དར་ཁྱབ་བྱུང་བ་དང་། དང་པོར་དཀའ་ངལ་མང་པོ་དང་འཕྲད་མིན་ལ་མ་ལྟོས་པར། གནམ་གྱི་ཁྲི་བདུན་སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག ཆུ་ལ་སྡེ་བརྒྱད། ཚིགས་ཀྱི་བཙན་ལྔ། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཟེར་བ་སོགས་ཀྱི་རྒྱལ་རབས་སུམ་ཅུ་སོ་གྲངས་ཀྱི་རིང་ལ་དར་ཁྱབ་ཆེན་པོ་རེད། རྒྱལ་རབས་རིམ་བྱོན་གྱི་རྒྱལ་པོ་རེ་རེར་བོན་པོའི་བླ་མའམ་སྐུ་གཤེན་རེ་རེ་ཡོད་པ་རེད། དཔེར་ན་གཉའ་ཁྲི་བཙན་པོ་ལ་སྐུ་གཤེན་ཡོད་པ་རེད། གཉའ་ཁྲིའི་སྲས་མུ་ཁྲི་བཙན་པོ་ལ་སྐུ་གཤེན་ཁྱེའུ་ལན་ཚེ། གནམ་གྱི་ཁྲི་བདུན་ནས་མར་བརྩིས་པའི་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཞེས་པའི་བར་གྱི་རྒྱལ་བོ་ཚང་མར་སྐུ་བོན་ཡོད་པ་རེད། དེ་ཤོ་ལེགས་ལྟ་བུར་མཚོན་ན་རྒྱལ་རབས་ལོ་རྒྱུས་ཁྲོད་དུ་བར་གྱི་ལེགས་དྲུག་གི་དང་པོ་ཨ་ཤོ་ལེགས་ནས་བཟུང་སྟེ་རྒྱལ་པོའི་སྐུ་རིམ་སྒྲུབ་མཁན་གྱི་བོན་གསས་ཟེར་བ་དེ་འདྲ་འདུག་ཀྱང་། ཆུ་ལ་ལྡེ་བརྒྱད་ཀྱི་སྐབས་སུ་དབོན་སྲས་ཀྱི་ཐ་སྙད་དེ་མེད་པར་སྐུ་བོན་ཞེས་པ་འདི་འདུག གང་ལྟར་སྲོང་བཙན་སྒམ་པོའི་སྔོན་དུ་གཉའ་ཁྲི་བཙན་པོ་ནས་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞིའི་ཐ་མ་སྲོང་བཙན་གྱི་ཡབ་གནམ་རི་སྲོང་བཙན་གྱི་བར་དུ་རྒྱལ་པོ་རེ་རེ་བཞིན་སྐུ་བོན་བསྟེན་པའི་ལུགས་སྲོལ་འདི་བྱུང་ཡོད་པ་དང་། གཡུང་དྲུང་བོན་ཆོས་འདིས་བོད་ཡར་ལུང་གི་ཕྱོགས་སུ་འདི་ལྟར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཐུབ་པའི་རྒྱུ་རྐྱེན་ཆེན་པོ་གཅིག་ནི་རྒྱལ་པོ་རིམ་བྱོན་གྱིས་སྐུ་བོན་བསྟེན་པའི་ལུགས་སྲོལ་འདི་རེད་ལ། སྐུ་བོན་ལམ་ལུགས་འདིས་བོན་ཆོས་དེ་བོད་ཀྱི་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་དར་ཁྱབ་བྱུང་བ་རེད། རྒྱལ་པོས་ཆོས་ལུགས་གང་བསྟེན་པ་དེ་རྒྱལ་ཁབ་ཀྱི་ཆོས་ལུགས་ཆགས་འགྲོ་བ་དེ་ནི་ཡེ་ཤུའི་ཆོས་ལུགས་དར་སའི་ལུང་པ་དེ་འདྲའི་ལོ་རྒྱུས་ནང་མཐོང་རྒྱུ་ཡོད་པ་ཞིག་རེད། དེ་ནང་བཞིན་ཁ་ཆེའི་ཆོས་ལུགས་དེ་རྒྱལ་ཁབ་ཀྱི་ཆོས་ལུགས་ཆགས་པའི་བརྒྱུད་རིམ་དང་། བོད་དུ་ཁྲི་སྲོང་ལྡེའུ་བཙན་སོགས་ཀྱིས་སངས་རྒྱས་ཆོས་ལུགས་ཉམས་སུ་བླངས་པས་སངས་རྒྱས་ཆོས་ལུགས་དེ་བོད་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གྱུར་པའི་ལོ་རྒྱུས་རྒྱབ་ལྗོངས་ཧ་ཅང་གསལ་བོ་ཞིག་ཡོད་པ་རེད། དེ་ལྟར་བོན་གྱི་ཆོས་ལུགས་དེ་ལ་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་རྒྱས་པས། ས་གནས་ཀྱི་གདོད་མའི་ཆོས་ལུགས་ཆུང་ཆུང་དེ་འདྲས་འགྲན་ཟླ་བྱེད་མ་ཐུབ་པ་བྱུང་བ་རེད། ཆོས་ལུགས་གང་ཞིག་ཡིན་ཡང་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་མེད་ན་དར་ཁྱབ་འགྲོ་ཁག་པོ་ཞིག་ཡོད་པ་རེད། དཔེར་ན་སངས་རྒྱས་ཀྱི་ཆོས་སོག་ཡུལ་དང་རྒྱ་ནག་ཏུ་དར་ཁྱབ་འགྲོ་སྐབས་གཙོ་བོ་རྒྱལ་ཁབ་དེ་དག་གི་རྒྱལ་པོ་ཚོས་ཆོས་ལུགས་དེར་ངོས་ལེན་དང་ཉམས་ལེན་བྱས་པའི་སྟོབས་ཀྱིས་ཡིན་པ་ཧ་ཅང་གསལ་བོ་རེད། དེ་ལྟར་སྲོང་བཙན་སྒམ་པོའི་བར་དུ་བོན་ཆོས་ལ་གེགས་རྐྱེན་ཆེན་པོ་ཞིག་མ་འཕྲད་པར་དར་ཁྱབ་ཆེན་པོ་བྱུང་བ་རེད། སྐབས་རེར་རྒྱལ་པོ་དང་སྐུ་བོན་མ་མཐུན་པར་དཀའ་ངལ་འཕྲད་པ་དེ་འདྲ་ཡོད་པ་ཡང་རྒྱལ་རབས་ལོ་རྒྱུས་ནང་གསལ་བོ་འདུག དཔེར་ན་སྟོད་ཀྱི་སྟེང་གཉིས་ཀྱི་གྲས་གྲི་གུམ་བཙན་པོ་དང་སྐུ་བོན་མ་མཐུན་ནས་བོན་བསྣུབས་པའི་ལོ་རྒྱུས་ཤིག་ཡོད་པ་རེད། དེ་ལས་གལ་སྲིད་རྒྱལ་པོ་དང་ཆོས་དཔོན་མ་མཐུན་ན་ཆོས་ལུགས་དེ་ལ་ཉེན་ཁ་ཡོད་པ་དང་། འབངས་མི་སེར་གྱི་གྱེན་ལོག་ཙམ་གྱིས་ཆོས་ལུགས་དེ་རྩ་མེད་བཟོ་རྒྱུ་ཁག་པོ་ཡོད་པ་རེད།

སྲོང་བཙན་བར་གྱི་རྒྱལ་པོའི་ཆོས་ལུགས་དང་འབངས་མིའི་ཆོས་ལུགས་དངོས་མ་དེ་གང་ཡིན་གྱི་སྐོར་ལ་སངས་རྒྱས་ཆོས་ལུགས་པའི་མཁས་པ་རྣམ་པ་དང་བོན་གྱི་མཁས་པ་རྣམ་པ་གཉིས་ཡོད་པ་རེད། དེ་ཡང་མཁས་པའི་ངག་རྒྱུན་ལ་གྲགས་པ་ཞིག་དང་མི་དམངས་ཀྱི་ངག་རྒྱུན་ལ་གྲགས་པ་ཞིག ལོ་རྒྱུས་ཀྱི་དོན་དངོས་སུ་གྲུབ་པ་ཞིག་བཅས་མི་འདྲ་བ་སྣ་ཚོགས་ཤིག་འབྱུང་གིན་ཡོད་པ་རེད། སྟོན་པ་གཤེན་རབ་དང་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ལ་མཚོན་ན་དད་པ་ཡིད་ཆེས་དང་དག་སྣང་ལ་བསྟེན་ནས་འོག་མིན་དུ་ཕེབས་པ་སོགས་ཡ་མཚན་རྫུ་འཕྲུལ་གྱི་ཁོངས་སུ་བཞག་ཆོག་པ་ཞིག་དང་། ལོ་རྒྱུས་རིག་པའི་ངོས་ནས་དངོས་ཡོད་གནས་ཚུལ་ལ་བརྡར་ཤ་བཅད་དེ་བརྗོད་པའི་ལོ་རྒྱུས་ཤིག ཡང་ཆོས་ལུགས་དེའི་རྗེས་འབྲངས་པ་ཚོས་རང་རང་གི་བླ་མ་རྣམ་པའི་གསུང་རྒྱུན་ངག་སྐྱོར་བཏང་ནས་བྲིས་ཡོད་པ་ལོ་རྒྱུས་དང་མཐུན་དང་མི་མཐུན་ཅི་རིགས་ཡིན་པ་ཞིག་བཅས་ཡོད་པ་རེད། སྲོང་བཙན་སྒམ་པོའི་སྐབས་སུ་སངས་རྒྱས་ཆོས་ལུགས་དེ་རྒྱ་གར་ནས་བོད་དུ་ཕྲན་བུ་བྱུང་བ་རེད། སྐབས་དེར་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རྒྱལ་ཡོངས་ཆོས་ལུགས་སམ་རྒྱལ་ཁབ་ཀྱི་ཆོས་ལུགས་བོན་ཆོས་གཉིས་ཀྱི་བར་དུ་འགལ་ཟླ་འབྱུང་མགོ་ཚུགས་པ་རེད། སྤྱིར་བཏང་རྒྱལ་པོས་རྒྱལ་ཁབ་ཀྱི་དབང་ཆ་བཟུང་ཡོད་པ་རེད་དེ། དོན་དངོས་སུ་རྒྱལ་པོའི་ཁྱིམ་ཚང་གི་ནང་དུ་སྟོབས་ཤུགས་འདྲ་མིན་གྱིས་རྒྱལ་པོའི་སྲིད་དབང་དང་ཆོས་དད་ལ་འཕོ་འགྱུར་འབྱུང་གིན་ཡོད་པ་རེད། གཙོ་ཆེ་ཤོས་ཀྱི་རྒྱལ་པོའི་བཙུན་མོ་ཚོས་རྒྱལ་པོའི་ཆབ་སྲིད་ཀྱི་ལྟ་བ་དང་ཆོས་ལུགས་ཀྱི་དད་མོས་བསྒྱུར་དང་སྒྱུར་བཞིན་ཡོད་པ་རེད།  དཔེར་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་བཙུན་མོས་རྒྱལ་སྲས་ཀུ་ནལ་ལ་སེམས་པ་ཤོར་ཡང་རྒྱལ་སྲས་ཀྱིས་མོ་ལ་ཁ་ཡ་མ་བྱས་པའི་སྙིང་ནད་རྩོད་པའི་གོ་སྐབས་ལ་བསྒུགས་པ་དང་། མཐའ་མར་རྒྱལ་པོས་མོ་ལ་ཉི་མ་གཅིག་ལ་རྒྱལ་སྲིད་ལ་དབང་སྒྱུར་ཆོག་པའི་ཐོབ་ཐང་བསྩལ་པ་དང་མཉམ་དུ་རྒྱལ་པོའི་བཀའ་ཡིག་རྫུན་མ་བཟོས་ཏེ་རྒྱལ་སྲས་ཀུ་ནལ་ལ་རང་གི་མིག་གཉིས་བཀོག་སྟེ་ཡབ་རྒྱལ་པོའི་བསྐུར་དགོས་པའི་བཀའ་ཡིག་བཏང་བ་ལྟ་བུ་རེད། ལྷ་ཆོས་རིག་གནས་ཀྱི་ངོས་ནས་བཤད་ན་རྒྱལ་པོ་སྲོང་བཙན་སྒམ་པོ་དེ་སྤྱན་རས་གཟིགས་ཀྱི་སྤྲུལ་པ། དབུ་ལ་ཨ་མི་དེ་བའི་དབུ་རང་བྱོན་ཡོད་པ་སོགས་ལྷ་སྒྲུང་སྙན་མོ་ཞེ་བོ་ཞིག་ཡོད་པ་རེད། ལྷ་ཆོས་རིག་པའམ་རྫུ་འཕྲུལ་རིག་པ། ཡང་ན་གཟུགས་འདས་རིག་པའི་ཁོངས་ནས་བལྟས་ན་དེ་འགྲིག་བསྡད་ཡོད་པ་རེད། དཔེར་ན་རྨི་ལམ་རིག་པའི་ནང་རོལ་ཏུ་ང་ཚོ་རྒྱལ་པོ་ཆགས་ཆོག་གི་རེད་ལ་ཕྱུག་པོ་འགྲན་ཟླ་མེད་པ་ཞིག་ཀྱང་ཆགས་ཆོག་གི་ཡོད་པ་རེད། དེ་བཞིན་ལྷ་ཆོས་རིག་པའི་ནང་དུ་སྲོང་བཙན་སྒམ་པོར་དབུ་གཉིས་ཡོད་ཆོག་གི་རེད་ལ་གླང་དར་མ་ལ་རྭ་གཉིས་ཀྱང་ཡོད་ཆོག་གི་རེད།

ཡང་ལྷ་ཆོས་རིག་པའི་བཤད་སྟངས་དེ་ཕར་བཞག་ནས་མི་ཆོས་རིག་པའི་ངོས་ནས་དངོས་ཡོད་གནས་ཚུལ་ལ་ག་འདྲ་ཞིག་བྱུང་འདུག་དཔྱད་པ་བཏང་བ་ཡིན་ན། དཔེར་ན་རྒྱ་ནག་ལ་ལོ་རྒྱུས་ཡིག་ཆ་མང་པོ་ཡོད་པའི་ཁྲོད་ཀྱི་ཐང་ཡིག་གསར་རྙིང་ཟེར་བ་འདྲ་བོ་དེ་ཚོའི་ནང་དུ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་ལོ་རྒྱུས་ཕྲན་བུ་རེ་འདུག་ག དེའི་སྐབས་སུ་བོད་དང་རྒྱའི་བར་དུ་དམག་འཁྲུག་བརྒྱབ་པའི་གནས་ཚུལ་ཡོད་པ་དེ་ཚོ་ནི་མི་ཆོས་རིག་པའི་ལྟ་སྟངས་དང་ཡོངས་སུ་མཐུན་པ་ཞིག་རེད། དེ་མ་ཡིན་པར་ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་གི་ནང་དུ་སྲོང་བཙན་སྒམ་པོས་རྒྱ་བལ་གྱི་རྒྱལ་པོ་ཚོར་ང་ལ་སྤྲུལ་པའི་དམག་འབུམ་ཕྲག་ཡོད་པ་དེ་ཚོ་བཏང་ན་མི་འཇིགས་སམ་ཞེས་འཇིགས་སྐུལ་བྱས་པའི་ལོ་རྒྱུས་དེ་ཚོ་ནི་ལྷ་ཆོས་རིག་པ་དང་རྫུ་འཕྲུལ་རིག་པའི་ཁོངས་སུ་གཏོགས་པས། ལོ་རྒྱུས་རྦད་དེ་མི་འདྲ་བ་དེ་གཉིས་ལ་འགྲེལ་བཤད་ལོགས་ཀ་རྒྱག་དགོས་ཀྱི་རེད་མ་གཏོགས། རྒྱལ་ཁབ་ཅིག་གི་ལོ་རྒྱུས་སམ་རྒྱལ་པོ་ཞིག་གི་ལོ་རྒྱུས་ཡིན་ན་རེད། བླ་མ་ཞིག་གི་ལོ་རྒྱུས་གང་ཡིན་ཡང་ཁ་སང་དེ་རིང་གི་མི་ཆོས་རིག་པའི་ལོ་རྒྱུས་བཤད་སྟངས་སམ་དུས་རབས་དང་མཐུན་པའི་ལོ་རྒྱུས་བཤད་སྟངས་དེ་རྦད་དེ་རྒྱབ་འགལ་དུ་གྱུར་ནས་ཕྱི་གླིང་པའི་ཡིག་རིགས་སུ་བསྒྱུར་མི་ཤེས་པའམ་སྒྱུར་ན་རྦད་དེ་གཟི་བརྗིད་དང་ངོ་ཚ་ཡིན་བཤད་མི་ཤེས་པ་ཞིག་རེད།

དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱལ་ཁབ་མི་འདྲ་བ་ནས་བཙུན་མོ་མི་འདྲ་བ་བླངས་ཡོད་པ་རེད། ནང་པའི་ཆོས་དར་རྒྱས་ཆེ་བའི་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆ་ཞེས་པ་དེ་ཁོ་རང་ཚོའི་རྒྱལ་རབས་ལོ་རྒྱུས་ཁྲོད་ནང་པའི་རྒྱལ་པོ་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་རེད་འདུག རྒྱལ་པོ་དེའི་སྲས་མོ་བལ་བཟའ་ཁྲི་བཙུན་ཟེར་བ་དེ་བོད་རྒྱལ་ཁབ་དང་བལ་བོའི་མཛའ་འབྲེལ་ལམ་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཆེད་དུ་བཙུན་མོར་བླངས་པ་རེད། ལྷ་ཆོས་རིག་པའི་ངོས་ནས་བལ་བཟའ་ཡང་ཇོ་མོ་ཁྲོ་གཉེར་ཅན་མའི་སྤྲུལ་བ་ཡིན་ལུགས་སོགས་བརྗོད་ཡོད་པ་རེད། རྩ་བའི་ཆ་ནས་དུས་རབས་དྲུག་པ་བདུན་པ་བརྒྱད་པའི་སྐབས་སུ་རྒྱལ་ཁབ་ཕན་ཚུན་བར་གྱི་བདེ་འཇགས་སམ་ཞི་བདེ་ལ་དམིགས་ནས་རྒྱལ་པོའི་སྲས་མོ་འམ་ཚ་མོ་སོགས་ཕན་ཚུན་སྦྱིན་རེས་བྱེད་ཀི་ཡོད་པ་དེ་ཡོངས་གྲགས་ཤིག་རེད། རྩ་བའི་ཆ་ནས་དུས་སྐབས་དེར་རྒྱལ་ཁབ་ཕན་ཚུན་བར་ཆོས་ལུགས་པ་དང་ཚོང་དོན་པ། སྲིད་དོན་པ་སོགས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་། དཔེར་ན་དུས་སྐབས་དེར་ཐང་གི་བླ་མ་ཤོན་ཙང་ཡང་བོད་ཀྱི་ནུབ་ཕྱོགས་བརྒྱུད་དེ་རྒྱ་གར་དུ་ཆོས་ལ་སློབ་གཉེར་དང་ཆོས་གདན་འདྲེན་ཆེད་བྱོན་པའི་ལོ་རྒྱུས་ཁོང་གི་ལམ་ཡིག་ནང་ཡོད་པ་དེས་བསྟན་ཡོད་པ་རེད། དེ་བཞིན་བལ་པོ་དང་བོད་ཀྱི་སྐད་ཤེས་མཁན་གྱི་ས་མཚམས་མི་རིགས་དེང་སང་གི་རྒྱ་གར་ཁམས་པ་འདྲ་བོ་གང་སར་ཡོད་པ་རེད། དེ་འདྲ་བྱས་ནས་སྐད་ཡིག་གི་དཀའ་ངལ་ཆེན་པོ་ཞིག་མེད་པའི་སྒོ་ནས་སངས་རྒྱས་ཆོས་ལུགས་དེ་ཆུ་ནང་བཞིན་བོད་ལ་བཞུར་མགོ་བཙུགས་པ་རེད།

སྤྱིར་སྲོང་བཙན་གྱི་བཙུན་མོའི་ནང་དུ་རྒྱལ་པོའི་སྲས་མོ་ཡིན་མིན་ཁ་ཤས་ཡོད་པ་རེད། བལ་བཟའ་ཁྲི་བཙུན་རྒྱལ་པོ་ཞིག་གི་སྲས་མོ་ཡིན་པས་སྐུ་དབང་ཡང་ཆེན་པོ་ཡོད་ཀྱི་རེད། དེའི་རྐྱེན་གྱིས་གལ་སྲིད་རྒྱལ་པོ་སྲོང་བཙན་སྒམ་པོ་ཁོང་གི་ཡབ་མེས་ཚོ་ནང་བཞིན་བོན་ཆོས་ལ་དད་མོས་ཡོད་ན་ཡང་སྔོན་གྱི་ལུགས་སྲོལ་དེའི་རྒྱུན་སྐྱོང་ཁག་པོ་ཞིག་ཆགས་བསྡད་ཡོད་པ་རེད། རྒྱལ་པོ་ཁོ་རང་གི་མཆོད་བཤམས་ནང་བལ་བཟས་གདན་དྲངས་ཡོང་བའི་སངས་རྒྱས་ཆོས་ལུགས་པའི་སྐུ་གསུང་ཐུགས་རྟེན་དེ་འདྲ་མ་བཤམ་རང་བཤམ་རེད། གལ་སྲིད་རྒྱལ་པོ་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་ན་དེ་ནི་མེ་འབར་བའི་སྟེང་དུ་སྣུམ་བླུགས་པ་འདྲ་བོ་ཞིག་རེད། དེ་བཞིན་ཐང་རྒྱལ་ཁབ་ནས་མངགས་ཡོང་བའི་རྒྱ་བཟའ་ཀོང་ཇོ་དེ་རྒྱལ་རབ་གསལ་མེ་སོགས་བོད་ཀྱིས་བྲིས་པའི་ལོ་རྒྱུས་ནང་བཤད་པ་བཞིན་ཐང་རྒྱལ་པོའི་སྲས་མོ་ཡིན་ན་རེད། ཡང་ན་ཚ་མོ། དེ་བཞིན་རྒྱ་མིས་བྲིས་པའི་ཐང་ཡིག་སོགས་ཀྱི་ནང་དུ་དམག་དཔོན་ཞིག་གི་སྲས་མོ་ཡིན་ཟེར་བ་གང་ལྟར། རྒྱལ་པོའི་སྲས་མོའི་མིང་ཁྱེར་ནས་བོད་དུ་རྒྱལ་པོའི་བཙུན་མོར་ཕེབས་པ་རེད། གོང་དུ་བརྗོད་པའི་ཐང་རྒྱལ་ཁབ་ཀྱི་སློབ་དཔོན་ཞོན་ཙང་ཡང་རྒྱལ་པོའི་ནུ་བོའི་མིང་ཐོག་ནས་རྒྱ་གར་དུ་ཕེབས་ཏེ་ཆོས་ཀྱི་སློབ་གཉེར་དང་རྒྱལ་པོ་ཚོའི་གུས་བརྩི་ཚད་མཐོན་པོ་ཐོབ་པའི་གནས་སྟངས་དེ་ལ་བལྟས་ན། དེ་དུས་ཐང་རྒྱལ་རབས་ཀྱི་རྒྱལ་བློན་ཚོས་ཕྱི་རྒྱལ་དུ་སྲིད་དོན་དང་ཆོས་ལུགས་ཚོང་འབྲེལ་སོགས་ཀྱི་ཆེད་དུ་མངགས་པའི་ཕོ་ཉ་དང་བུ་མོ་ཚོར་མིང་ངམ་ཆོ་ལོ་ཆེན་པོ་དེ་འདྲ་འདོག་སྲོལ་ཞིག་ཡོད་པ་ཟུར་བལྟས་ལེབ་མཐོང་རང་རེད་འདུག གལ་སྲིད་ཐང་གི་རྒྱལ་མོ་ཝུའུ་ཙི་ཐེན་གྱི་ལོ་རྒྱུས་ཀློག་མྱོང་བའམ་གློག་བརྙན་ལ་ལྟ་མྱོང་ན་རྒྱལ་པོ་དང་རྒྱལ་མོ་ཚོས་རང་རང་གི་གཉེན་ཉེ་དང་འཁོར་གཡོག་ཚོར་ཆོ་ལོ་འདྲ་མིན་སྤྲོད་སྲོལ་གྱི་རིག་གཞུང་དེ་ནི་ཕོ་བྲང་ནང་གི་གཙོ་རྒྱུགས་རིག་གནས་ཤིག་ཆགས་ཡོད་པ་ཤེས་ཐུབ།

སྐབས་དེར་ཐང་རྒྱལ་ཁབ་ཀྱི་ཆོས་ལུགས་གལ་ཆེ་ཤོས་དེ་ནང་ཆོས་ཆགས་བསྡད་ཡོད་པ་དང་། ཀོང་ཇོ་ནང་པ་ཡིན་པའི་སྟེང་དུ་ཀོང་ཇོའི་འཁོར་གཡོག་དེ་ཚོ་ཡང་ཀོང་ཇོས་གང་ལ་དད་པ་བྱེད་པ་དེའི་རྗེས་སུ་འབྲང་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་བྱས་ནས་སྲོང་བཙན་སྒམ་པོའི་ཡོངས་གྲགས་ཀྱི་བཙུན་མོ་ལྔའི་ནང་གི་གཉིས་དེ་སྟོབས་འབྱོར་ཆེ་བའི་ནང་པའི་རྒྱལ་ཁབ་གཉིས་ཀྱི་སྲས་མོ་ཡིན་པས། སྲོང་བཙན་སྒམ་པོས་རང་གི་ཡབ་མེས་ཀྱི་བོན་ཆོས་ལ་མཆོད་བཀུར་བྱེད་བསམས་ན་ཡང་སྒུལ་སྐྱོད་གཏོང་ས་ཞེ་དྲགས་ཡོད་པ་མ་རེད། དེ་འདྲ་བྱས་ནས་རྒྱལ་པོའི་ཆོས་ལུགས་འགྱུར་ཚར་བ་དང་། བློན་པོ་ཚོའི་ནང་དུ་ཡང་བློ་རིག་འགྲན་ཟླ་བྲལ་བ་ཐོན་མི་དང་འབུམ་དམག་ལ་ཁ་ལོ་སྒྱུར་མཁན་མགར་སྟོང་བཙན་ལྟ་བུ་རྒྱ་གར་དང་རྒྱ་ནག་གི་ནང་ཆོས་ཀྱིས་ཡིད་དབང་འཕྲོགས་ཟིན་པའི་བློན་ཆེན་དད་ཞེན་ཅན་མང་པོ་ཞིག་རྒྱལ་པོ་དང་བཙུན་མོའི་རྒྱབ་རྩར་ལངས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་རྒྱལ་པོས་རིམ་བཞིན་ཕོ་བྲང་ནས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱི་ངོ་བོའི་སྟེང་ནས་བརྗོད་ན་འདྲ། ལྷ་ཆོས་དང་མི་ཆོས་ཀྱི་ཕྱི་ཐུམ་གཡོགས་པའི་ནང་ཆོས་དེ་འབངས་མི་སེར་ཚོས་ཉམས་ལེན་ནམ་ལག་ལེན་བྱེད་དགོས་པའི་ཁྲིམས་ཡིག་བསྒྲགས་པ་རེད།

དེ་འདྲ་བྱས་རྐྱེན་སྲོང་བཙན་སྒམ་པོའི་སྐབས་སུ་བན་དེ་དང་བོན་པོ་ཚོའི་བར་དུ་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་ཡོད་པ་རེད། རྩ་བའི་ཆ་ནས་སྲོང་བཙན་སྒམ་པོ་དེ་བོད་ཀྱི་ཚོ་ཁག་གམ་རྒྱལ་ཕྲན་ཆུང་ཆུང་མང་པོ་གཅིག་གྱུར་བྱེད་མཁན་རྒྱ་ནག་གི་ཆིན་ཧྲི་ཧོང་འདྲ་བོ་ཞིག་ཡོད་པ་རེད། ཆོས་ལུགས་དང་ཆབ་སྲིད་དམག་དོན་གང་ཐད་ནས་རྒྱལ་པོ་ཁོ་རང་གི་ཁྲིམས་དང་འགལ་མཁན་ཚོར་ཁྲིམས་ཆད་ཧ་ཅང་ལྕི་མོ་གཅོད་མཁན་ཞིག་ཡིན་པ་ཡང་ལོ་རྒྱུས་དེབ་ཐེར་ནང་དུ་ཡོད་པ་རེད། དཔེར་ན་ལི་ཡུལ་གྱི་དགེ་ཚུལ་གཉིས་བོད་དུ་བསླེབས་དུས་རྒྱལ་པོའི་ཁྲིམས་རར་མི་མང་པོའི་མགོ་བཅད་མིག་བྲུས། ཡན་ལག་ཉིང་ལག་གཏུབས་པ་མང་པོ་ཞིག་མཐོང་ནས་སྐྲག་སྟེ་ཆོས་རྒྱལ་བདུད་རྒྱལ་དུ་འགྱུར་འདུག་བརྗོད་ནས་བྲོས་པའི་ལོ་རྒྱུས་ཡོད་པ་དེས་ཁུངས་སྐྱེལ་ཐུབ་ཀི་རེད། ཡང་ལྷ་ཆོས་རིག་གནས་ཀྱིས་དེ་ནི་རྒྱལ་པོས་རྫུ་འཕྲུལ་བསྟན་པ་ཡིན་ལུགས་བརྗོད་ཡོད་པ་རེད། ཞང་ཞུང་སུམ་པ་འ་ཞ་སོགས་དམག་ཤུགས་ཀྱིས་དབང་དུ་བསྡུ་མཁན་རྒྱལ་པོ་སྲོང་བཙན་དེ་དྲག་ཤུགས་ཅན་གྱི་རྒྱལ་པོ་ཞིག་ཡིན་པ་ནི་ལོ་རྒྱུས་རིག་པའི་ངོས་ནས་བལྟས་ན་ཧ་ཅང་གསལ་བོ་རེད།

ཕྱིས་ཀྱི་བོན་པོའི་ལོ་རྒྱུས་སྨྲ་བ་སྐོར་ཞིག་གིས་སྲོང་བཙན་སྒམ་པོ་བོན་ལ་སྡང་བའི་རྐྱེན་གྱིས་དགུང་ལོ་སོ་གཉིས་ཡིན་ནམ་སོ་བཞི་དེ་འདྲ་ཞིག་ལས་བཞུགས་མ་ཐུབ་ཚུལ་བརྗོད་ཡོད་པ་རེད། བོན་ལ་སྡང་བའི་རྐྱེན་གྱིས་བཞུགས་མ་ཐུབ་ན་བོན་པོས་བགྲོངས་པ་ཡིན་ནམ་བོན་གྱི་སྲུང་མས་གནོད་འཚེ་བཏང་བའམ་གང་ཡིན་གསལ་བོར་བྲིས་པའི་ཡིག་ཆ་ད་སྔ་ངས་ནི་མཇལ་མ་མྱོང་། ནང་པ་ཚོས་རྒྱལ་པོ་དགུང་ལོ་བརྒྱད་ཅུ་ཙམ་བཞུགས་ཚུལ་བྲིས་ཡོད་ལ། དགེ་འདུན་ཆོས་འཕེལ་གྱིས་ལོ་གྲངས་སུམ་ཅུའི་ནང་གྲོངས་ལུགས་བདེན་པ་ཡིན་ཚུལ་བརྗོད་ཡོད། གོང་དུ་བརྗོད་པ་བཞིན་སྲོང་བཙན་སྔོན་གྱི་རྒྱལ་པོ་རེ་རེར་སྐུ་གཤེན་རེ་ཡོད་པ་དང་། དེ་ཚོའི་ཕྱག་ལས་གཙོ་བོ་དེ་ཚོ་རྒྱལ་པོ་ལ་བོན་འཆད་པ་དང་རྒྱལ་སྲིད་བརྟན་པའི་རིམ་གྲོ་སྒྲུབ་རྒྱུ་དེ་ཡིན་ཞིང་། ནམ་ཞིག་རྒྱལ་པོའི་ཕྱག་ལས་མགོ་མཇུག་ལྡོག་སྟེ་ཡོང་དུས་སྐུ་གཤེན་ཚོ་ཡང་ནུས་པ་མེད་ན་མ་གཏོགས་ནུས་པ་ཡོད་ན་ནུས་པ་དེ་བེད་སྤྱོད་བཏང་སྟེ་རྒྱལ་པོའི་བློ་ཁ་བོན་ལ་བསྒྱུར་བའམ་ཡང་ན་རྒྱལ་པོ་མེད་པ་བཟོ་རྒྱུ་དེ་ལས་གཡོལ་ཐབས་མེད་པ་འདྲ་བོ་ཞིག་རེད། དཔེར་ན་སྲོང་བཙན་གྱི་ཡབ་གནམ་རི་སྲོང་བཙན་ལ་དུག་སྤྲད་པ་དང་། གྲི་གུམ་བཙན་པོ་བགྲོངས་ནས་རྒྱལ་པོར་བསྡད་པའི་རྟ་རྫི་ལོ་ངམ་ལ་ཁྱིའི་ལུས་སྟེང་དུ་དུག་བསྐུས་ནས་འཁྲིས་སུ་བཏང་སྟེ་ཁྱི་ལ་བྱུག་བྱུག་བྱེད་དུ་བཅུག་ནས་དུག་འགོས་ཐབས་བྱས་་ལྟ་བུ། དེ་དུས་སུ་རྒྱལ་བློན་ཚོ་དུག་གིས་གསོད་སྟངས་ལ་ཡང་རིགས་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཡོད་པ་རེད། དེང་སང་ཡང་བལ་ཡུལ་གྱི་ཆུ་མིག་བྱང་ཆུབ་ལ་འགྲོ་སའི་ལམ་བར་གྱི་གྲོང་སྡེ་རེ་ཟུང་གིས་མི་ལ་དུག་སྤྲད་ནས་གསོད་བཞིན་ཡོད་པ་ཡོངས་གྲགས་རེད་ལ། ངའི་རྙིང་མའི་བླ་མ་ཞིག་ལ་ཡང་དུག་སྤྲད་དེ་ཅུང་མིན་ན་བགྲོང་འདུག་ཅིང་། ཁོང་གི་ཆོས་གྲོགས་དེ་འདྲ་དུག་གིས་བཀྲོངས་འདུག་ལ། དུག་དེ་ཚོ་བཟའ་བཏུང་གི་ནང་དུ་འདེབ་བཞིན་འདུག་ཟེར།

སྲོང་བཙན་སྒམ་པོས་བོན་རྒྱལ་ལི་མིག་སྐྱའི་སྲིད་བརླགས་པ་དེ་ཡང་ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན་ཁོ་རང་གི་སྲིང་མོའི་ཁྱོ་ག་ཡིན་ཞིང་། སྲིང་མོ་སད་མ་ཀར་དང་ལི་མིག་སྐྱ་གཉིས་བཟའ་ཚང་འཆམ་པོ་མ་བྱུང་ནས་མོ་རང་མཚོ་མ་ཕམ་པའི་འགྲམ་དེར་སྐྱོ་བསང་གི་ཆེད་དུ་བསྡད་ཡོད་པ་དང་། སྲོང་བཙན་གྱིས་ཕོ་ཉ་མངགས་ཏེ་སྲིང་མོའི་བདེ་འཚམ་སྐོར་དྲིས་པ་དང་མོས་ལན་དུ་གཡུ་རྙིང་སུམ་ཅུ་རྩ་གྲངས་ཤིག་བསྐུར་པའི་གསང་བརྡ་ལ་བརྟེན་ནས་སྲོང་བཙན་གྱིས་དམག་དྲངས་ཏེ་ལི་མིག་སྐྱ་རྩ་མེད་བཟོས་པ་ལོ་རྒྱུས་ནང་ཡོངས་གྲགས་རེད། བན་དེའི་ཕྱོགས་ཁག་གིས་སྲོང་བཙན་གྱིས་བོན་རྒྱལ་ལི་མིག་སྐྱའི་སྲིད་དབང་འཕྲོགས་ཏེ་མངའ་རིས་ཚང་མ་བན་དེར་བསྒྱུར་པའི་བྱ་སྤྱོད་དེ་ལ་གདེང་འཇོག་མཐོན་པོ་བྱེད་སྲིད་ཀྱང་། ཞང་ཞུང་གི་རྒྱལ་རབས་དང་བོན་པོ་ཚོར་མཚོན་ན་དེ་ནི་ལོ་རྒྱུས་ཀྱི་སྐྱོ་གར་ཆེན་པོ་ཞིག་ཅིས་ཀྱང་ཡིན་ངེས། སྟབས་ལེགས་པ་ཞིག་ལ་ཞང་རྒྱལ་ལི་མིག་སྐྱའི་ཐམ་ཀ་དེ་ད་དུང་རྒྱ་གར་དུ་བཞུགས་པའི་བོན་པོའི་དབུ་ཁྲིད་རྒྱལ་བ་སྨན་རི་བའི་ཕྱག་ཏུ་ཡོད་པ་རེད་ཟེར་ལ། ཐམ་ཀ་དེར་དེང་དུས་ཀྱི་ཚན་རིག་བརྟག་དཔྱད་ཀྱི་ལམ་ནས་དུས་རབས་དྲུག་པའི་སྐབས་ཀྱི་ཐམ་ཀ་ཡིན་པ་ར་འཕྲོད་བྱུང་ན་བོན་པོ་ཚོར་གཟི་བརྗིད་ཆེ་བ་དང་། བོད་རིག་པའི་གནའ་རྫས་ལོ་རྒྱུས་ཀྱི་ཁྱབ་ཁོངས་སུ་ཡང་སྔར་མེད་འོད་སྣང་ཞིག་འཕྲོ་ངེས་རེད།

སྲོང་བཙན་སྒམ་པོའི་སྐབས་ཀྱི་བན་བོན་བར་གྱི་འགལ་བ་དེ་ཁྲི་བཙན་ལྡེའུ་བཙན་སྐབས་ནང་བཞིན་ཧ་ཅང་ཛ་དྲག་པོ་ཞིག་མ་བྱུང་བ་འདྲ་སྟེ། སྲོང་བཙན་གྱིས་མཛད་པར་གྲགས་པའི་བཀའ་ཆེམས་བཀའ་ཁོལ་མའི་ནང་དུ་སྟོན་པ་གཤེན་རབ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ལུགས་ཀྱང་ཡོད་པ་རེད། གལ་སྲིད་བཀའ་ཆེམས་བཀའ་ཁོལ་མ་དེ་དངོས་གནས་སྲོང་བཙན་སྒམ་པོས་བརྩམས་པའམ་ཁོང་གི་བཀའ་ཁྱབ་འོག་ཐོན་མི་ལྟ་བུས་མཁས་པ་ཞིག་གིས་བྲིས་པ་ཡིན་ན། བོན་པོའི་སྟོན་པ་གཤེན་རབ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ལུགས་གསུངས་པ་དེ་ཡང་དམིགས་ཡུལ་ངེས་ཅན་ཞིག་གི་སྒོ་ནས་བྲིས་པ་ཡིན་རྒྱུ་རེད་མ་གཏོགས། དེས་བོན་པོ་ལ་མཐའ་གཅིག་ཏུ་སྐྱོན་དུ་བལྟ་བའི་བན་དེའི་ཆོས་པ་ཚོར་ཕོག་ཐུག་ཆེན་པོ་བཟོད་དཀའ་བ་ཞིག་བཏང་བ་མ་རེད་དམ།

ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བན་བོན་བར་གྱི་འགལ་བ་དེ་རྦ་རླབས་ནང་བཞིན་འཕྱུར་ནས་ཚད་མཐོ་ཤོས་ཤིག་ཏུ་བསླེབས་པ་རེད། དེ་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་ལ། རྒྱུ་མཚན་ཆེན་པོ་གཉིས་ནི་རྒྱལ་པོའི་ནང་མི་དང་བློན་ཆེན་མང་པོས་སངས་རྒྱས་ཆོས་ལུགས་ལ་དད་མོས་ཀྱིས་རྒྱ་གར་ནས་མཁས་གྲུབ་མང་པོ་གདན་འདྲེན་ཞུས་པ་དང་། བན་ཆོས་སྤེལ་སའི་བསམ་ཡས་གཙུག་ལག་ཁང་ཆེན་པོ་བཞེངས་ཏེ་ཕྱི་རོལ་ཡུལ་གྱི་རྣམ་པའི་སྟེང་ནས་བན་ཆོས་ལ་གནོན་ཤུགས་བསྣན་པ། བོན་བླ་མང་པོ་གྲོགས་མེད་ཁེར་རྐྱང་དུ་ལུས་པ། འབངས་མི་སེར་ཁྲོད་དུ་སངས་རྒྱས་ཆོས་ལུགས་པའི་གྲངས་འབོར་དེ་ཧ་ཅང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ནས་བོན་དད་པ་ཚོས་འགྲན་ཟླ་བྱེད་མི་ཐུབ་པའི་ཚད་དུ་བསླེབས་པ་རེད། རྩ་བའི་ཆ་ནས་དུས་སྐབས་དེར་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་དང་ཧིན་དུའི་ཆོས་ལུགས་གཉིས་ཀྱི་བར་གཞི་རྒྱ་ཆེན་པོའི་འཁྲུག་འཛིང་དེ་ཙམ་མེད་པར་འཆམ་མཐུན་ངང་གནས་ཡོད་པ་དང་། ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ནང་གསལ་བ་ལྟར་ན། སྐབས་རེར་རྒྱལ་པོའི་ཤུགས་རྐྱེན་དང་ལན་རེར་གྲུབ་མཐའ་མཁས་པ་ཚོའི་བསྟན་པ་རྒྱན་འཇོག་གི་རྒྱལ་ཕམ་ལ་བརྟེན་ནས་ནང་པ་ཧིན་དུར་འགྱུར་བ་དང་། ཧིན་དུ་ནང་པར་འགྱུར་པ་དེ་འདྲ་ཡང་ལན་གྲངས་དུ་མར་བྱུང་འདུག ལན་རེར་ངའི་བསམ་པར་རྒྱ་གར་དུ་ཧིན་དུ་དང་ནང་པ་མཉམ་གནས་ཐུབ་པ་གང་ཞིག་ལ། ག་རེ་བྱས་ནས་རྒྱ་གར་པཎ་གྲུབ་རྣམས་བོད་དུ་བྱོན་དུས་བན་བོན་མཉམ་གནས་ལ་དགག་པ་མཐའ་གཅིག་ཏུ་མཛད་དེ། ཁྲི་སྲོང་ལྡེའུ་བཙན་གྱིས་བོན་པོར་དྲག་གནོན་མ་བཟོས་ཐབས་མེད་དུ་བསྐྱལ་པ་ཡིན་ནམ་ཡང་བསམ་བྱུང་། ཞིབ་ཏུ་བརྟགས་ན་རྒྱ་གར་དུ་ཕྱི་ནང་གི་ལྷ་ཁང་སོ་སོ་དང་ལྟ་སྒོམ་སྤྱོད་གསུམ་རྦད་དེ་ཁ་ཁ་ཡིན་པ་དང་། བོད་དུ་བན་བོན་གྱི་ལྟ་སྒོམ་སྤྱོད་གསུམ་མང་པོ་ཞིག་འདྲ་བོ་འདུག་པས་ཡིན་ནམ། ཡང་མིན་ན་སྐབས་དེའི་བོན་ཆོས་དང་དེང་གི་བོན་ཆོས་གཉིས་རྦད་དེ་མི་འདྲ་བ་ཞིག་ཡིན་དགོས། དེ་ནི་ལོ་རྒྱུས་སྨྲ་བ་ཚད་ལྡན་ཚོས་ཐག་བཅད་ནས་བརྗོད་དགོས་པ་ཞིག་རེད། གང་ལྟར་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བོད་བཙན་པོའི་དུས་རབས་ཀྱི་རིག་གནས་གསར་བརྗེ་ཆེན་པོ་ཞིག་དེ་དུས་བྱུང་བ་རེད། བོན་པོ་ཚོར་དེ་དུས་ཕོག་པའི་ཁྲིམས་ཆད་སྣ་མང་པོ་ཞིག་ཡོད་ཀྱང་བསད་སྤྱུགས་བསྒྱུར་གསུམ་གྱི་ཁོངས་སུ་མ་འདུས་པ་ཞིག་ཕལ་ཆེར་མི་འདུག དེ་ནི་དུས་རབས་བཅུ་གཉིས་པ་ནས་རྒྱ་གར་དུ་ཁ་ཆེའི་དམག་དཔུང་བསླེབས་ཏེ་ནང་པ་དང་ཧིན་ཆོས་ལ་རྡུང་རྡེག་ཚབས་ཆེན་ཕོག་པའི་གནས་སྟངས་འདྲ་བོ་ཞིག་ཡོད་པ་རེད། ཆོས་ལུགས་བན་བོན་གང་ཡིན་ལ་མ་ལྟོས་པར་ཤ་ཁྲག་རིགས་རྒྱུད་གཅིག་པ་ཡིན་པའི་བོད་མི་རིགས་སྤྱི་ཁྱབ་ལ་མཚོན་ན་དེ་ནི་ལོ་རྒྱུས་ཀྱི་ཉི་མ་ནག་པོ་ཞིག ཟླ་བ་ནག་པོ་ཞིག ལོ་རབས་ནག་པོ་ཞིག་ཀྱང་རེད་བསམ། དཔེར་ན་དེང་སྐབས་རིག་གནས་གསར་པ་སྤྱི་དང་ཁྱད་པར་དུ་གནས་སྤོར་རིག་གནས་སམ་གནས་སྤོར་ཆབ་སྲིད་ཅིག་བོད་ལ་བསླེབས་ནས་འབྲོག་པ་ཚོ་རོང་བར་བསྒྱུར། རོང་པ་ཚོ་གྲོང་བརྡལ་དུ་བསྒྱུར། གྲོང་བརྡལ་ནས་གྲོང་ཁྱེར་ལ་སྤོར། གྲོང་ཁྱེར་ནས་རིམ་བཞིན་མི་རིགས་གཞན་གྱི་ནང་དུ་འཐིམ་བཞིན་ཡོད་པ་འདྲ་བོ་འདུག

གར་ལྟར་སྲོང་བཙན་ནས་གླང་དར་མའི་བར་དུ་རྒྱལ་པོའི་ནང་མིའི་བར་དང་རྒྱལ་བློན་བར། བློན་པོ་དང་འབངས་མིའི་བར། འབངས་མི་སེར་གྱི་ཁྱིམ་མིའི་བར་དུ་བན་བོན་གྱི་འགལ་ཟླ་ཞིག་བསླེབས་ཏེ་བོད་ཁམས་སྤྱི་ལ་དཀའ་རྙོག་ཆེན་པོ་ཞིག་བསླེབས་ཡོད་པ་རེད། སྤྱིར་ན་ལོ་རྒྱུས་ནང་རྒན་མོ་གསེར་འཁུར་གྱི་དུས་ཚོད་ཅིག་ཀྱང་དེ་དུས་བསླེབས་པར་གྲགས་འདུག་སྟེ། དེ་ནི་ཕྱི་རོལ་གྱི་ལམ་ཁར་དགྲ་ཇག་ཡོད་མེད་ཙམ་ལ་དམིགས་པའི་བཤད་སྟངས་ཤིག་ལ། བོད་མིའི་སེམས་ཁམས་ཀྱི་ནང་རོལ་ཏུ་དེ་འདྲའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་བསླེབས་ཡོད་མེད་ཧ་ཅང་བརྗོད་དཀའ། ལུང་པ་གཅིག་ལ་ཆོས་ལུགས་མི་འདྲ་བ་ཡོད་པའི་དུས་སྐབས་དེར་མིའི་སེམས་ནང་ལ་ཕན་ཚུན་གུ་ཡངས་བཟོད་སྒོམ་དང་། དག་སྣང་སྦྱོང་རེས་ཀྱི་སློབ་གསོའི་ལམ་ལུགས་ཁྱབ་རྒྱ་ཆེན་པོ་ཞིག་མེད་པ་ཡིན་ན། འགྲོ་བ་མིའི་རང་གཤིས་དེ་ནི་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་ཞིག་ཡིན་པས། སྔ་ཕྱི་མ་གཏོགས་དཀའ་རྙོག་ཅིག་གི་མགོ་འབུས་ཡོང་རྒྱུ་ཡིན་པ་ལ་ཐེ་ཚོམ་མི་དགོས་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་སློབ་དཔོན་རིན་པོ་ཆེའི་གསུང་ཞིག་ཏུ་སྟོན་པ་གཤེན་རབ་ཀྱང་སངས་རྒྱས་ཀྱི་སྤྲུལ་པར་གསུངས་པ་དང་། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར༔  ཞེས་ཆོས་བརྒྱུད་རིས་མེད་ཀྱི་སློབ་གསོའི་མན་ངག་གམ་རྒྱབ་རྟེན་དེ་འདྲ་ཡང་བླ་ཆེན་ཚོའི་ཞལ་ནས་གསུང་གི་ཡོད་པ་རེད་དེ། དེང་སང་འཛམ་གླིང་ཇེ་ཆུང་དུ་འགྲོ་བཞིན་པའི་དུས་རབས་འདིར་ཡང་། བན་དེའི་ཆོས་ལུགས་པ་ཚང་མ་སྟོན་པ་སངས་རྒྱས་གཅིག་གི་རྗེས་འབྲངས་ཡིན་ཡང་མི་མང་པོའི་སེམས་ནང་ཕན་ཚུན་དགྲར་འཛིན་ནམ་གུ་དོག་རིང་ལུགས་ཧ་ཅང་ཤུགས་ཆེ་བར་བརྟགས་ན། དེ་དུས་ཀྱི་བན་བོན་ཚོའི་སེམས་ནང་ལྟ་བ་གུ་དོག་དེ་འདྲ་སྐྱེས་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱས་པར་ཡ་མཚན་སྐྱེ་དགོས་དོན་ཅི་ཡང་མི་འདུག

ཁྲི་སྲོང་ལྡེའུ་བཙན་ལ་མཚོན་ན་སྟོན་པ་གཤེན་རབ་སངས་རྒྱས་ཀྱི་སྤྲུལ་པར་གསུང་མཁན་གུ་རུ་རིན་པོ་ཆེ་བླ་མར་བཀུར་བཞིན་དུ་སྟོན་པ་གཤེན་རབ་ཀྱི་རྗེས་འཇུག་ཚོ་བསད་སྤྱུགས་སྒྱུར་གསུམ་བྱེད་མི་ནུས་པ་ཞིག་རེད་དེ། ཆོས་ལུགས་ཀྱི་འཐབ་རྩོད་དང་ཆབ་སྲིད་ཀྱི་འཐབ་རྩོད། དབང་ཆའི་འཐབ་རྩོད་དང་རྒྱལ་ཕམ་གྱི་འཐབ་རྩོད་ཚང་མ་གཞི་གཅིག་ཏུ་འདུས་པའི་སྐབས་སུ། ཆོས་རྒྱལ་ཡིན་ཡང་མིག་ཡ་གཅིག་བཙུམ་པ་དང་རྣ་བ་ཡ་གཅིག་བཀབ་ནས་སྡོད་དགོས་པ་དེ་འདྲ་བྱུང་བ་ཡིན་ནམ། དེ་བཞིན་རྒྱ་གར་གྱི་མཁས་གྲུབ་ཆེན་པོ་བི་མ་ལ་མི་ཏྲ་ལྟ་བུའི་གསང་སྔགས་པ་ཆེན་པོ་བོན་པོ་ཕར་ཟད། མུ་སྟེགས་པ་ལ་སྨོད་པ་ན། །རྣམ་པར་སྣང་མཛད་རིང་པར་འགྱུར། །ཞེས་པའི་སྔགས་ཀྱི་དམ་ཚིག་ཁས་ལེན་མཁན་རྣམས་ཀྱིས་ཀྱང་བོན་རང་གི་གདོད་མའི་ཆོས་ལུགས་ཤིག་ལ་དེ་འདྲའི་སྡང་ཟུག་མཛད་ཨེ་ཡོང་བསམ་པ་ཞིག་ནི་འདུག པདྨ་བཀའ་ཐང་དུ་གསལ་བ་ལྟར་ན། ཞང་ཞུང་ཡུལ་ནས་གཤེན་ལི་ཤི་ལྟག་རིང་༔ ཐང་ནག་བོན་པོ་ཚེ་མི་གཡུང་དྲུང་འབྱུང་༔ གཤེན་བོན་དྲན་པ་ཁོད་སྤུངས་བྱ་བ་དང་༔ མི་ལུས་བསམ་ལྷག་སྟག་ལྷ་མེ་འབར་དང་༔ ཐར་བོན་གྲུ་བསྐྱིལ་རྟ་བོན་བྱོན་ཁྲི་ནག༔ འཕྲུལ་བོན་གསང་བ་ངང་རིངས་ལ་སོགས་བོས༔ ཨཱརྱ་པ་ལོའི་གླིང་བཞག་བོན་བསྒྱུར་བཅུགཿ (1 པདྨ་བཀའ་ཐང་སི་ཁྲོན་དཔར་མའི་ཤོག་ངོས་472-473) ཞེས་བོན་པོའི་མཁས་པ་མང་པོ་ས་ཆ་འདྲ་མིན་ནས་བསམ་ཡས་སུ་གདན་དྲངས་ནས་བོན་ཆོས་བོད་ཡིག་ཏུ་བསྒྱུར་བཅུག་པར་བལྟས་ན། དེ་དུས་ཁྲི་སྲོང་ལྡེའུ་བཙན་དང་པོ་ནས་བོན་ལ་སྡང་བའི་རྒྱལ་པོ་ཞིག་མ་ཡིན་པར། བོན་པོའི་ཆོས་དང་མཁས་པར་གདེང་འཇོག་ཆེན་པོ་ཡོད་མཁན་ཞིག་ཡིན་པ་ཧ་ཅང་གསལ་བོ་རེད། ཡིན་ཡང་སྟབས་མ་ལེགས་པར་བོན་པོ་ཚོས་རྒྱལ་པོའི་རིམ་གྲོ་སྒྲུབ་སྐབས་དང་། བོན་པོའི་གཞུང་ལུགས་མང་པོ་ཞིག་རྒྱ་གར་མཁས་པ་དང་གཏུགས་ནས་རྩོད་པ་བྱེད་དུ་བཅུག་པས། རིམ་བཞིན་རྒྱལ་པོས་བན་བོན་གྱི་ཆོས་ལུགས་གཉིས་པོའི་ལྟ་སྒོམ་སྤྱོད་གསུམ་མང་པོ་ཞིག་མི་འདྲ་བ་མཐོང་ནས་བོན་ལ་སྡང་ཟུག་བྱས་པ་ནི་བཀའ་ཐང་ལས། དེ་དུས་རྒྱལ་པོའི་སྐུ་ཡི་རིམ་གྲོ་ལ༔ བོན་དུ་ཤྭ་བ་རྭ་རྒྱས་བྱེད་དགོས་ཟེར༔ བོན་པོས་ཤྭ་བ་གསོན་མ་བཟུང་ནས་གྱེར༔ ལྷ་ཆ་དགོས་ཟེར་བོན་པོས་གཡག་ལུག་གསོད༔ དེ་ལ་སོགས་པའི་སྡིག་པ་གང་ཞིག་ལ༔ ལོ་པཎ་རྣམས་ཀྱིས་བོན་པོའི་ལས་ལ་གཟིགས༔ པཎ་ཌི་ཏ་རྣམས་གྲོས་མེད་བློ་གཅིག་ཏུ༔ ལོ་ཙཱ་བརྒྱུད་ནས་རྒྱལ་པོའི་སྙན་གསོལ་པ༔ ཆོས་ཀྱི་ཁྲིམས་དང་མི་མཐུན་བོན་ལུགས་འདི༔ མི་དགེ་ཕལ་གྱི་ཐུན་མོང་མ་ཡིན་གྱི༔ འདི་འདྲ་བྱེད་བཅུག་ངེད་རྣམས་རང་ཡུལ་འགྲོ༔ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འོང་༔ ཆོས་ལུགས་གཅིག་ལ་བྱེད་ལུགས་གཉིས་མི་རུང་༔ རྒྱལ་ས་གཅིག་ལ་རྒྱལ་པོ་གཉིས་མི་འཐད༔ སྡིག་པའི་གྲོགས་ནས་བསྐལ་པར་འགྲོག་མི་བྱེད༔ དེ་སྐད་བསྲིངས་པས་རྒྱལ་པོས་ལན་བསྐུར་པ༔ བོན་ཆོས་གཉིས་ནི་གཤེད་མ་འཕྲད་པ་བཞིན༔ གཅིག་ལ་གཅིག་ནི་དག་པ་མི་སྟེར་པས༔ ཆོས་ནི་དར་ཆ་ཆུང་ཞིང་བོན་ཁ་དྲག༔ ལོ་ཙཱ་མཁས་པ་མང་པོ་སྤྱུགས་དགོས་བྱུང༔ བོན་ཆོས་གཉིས་ཀ་དར་འཇུག་བཞུགས་ཞུས་པས༔ ཞེས་བསྲིངས་པཎ་ཌི་ཏ་རྣམས་མི་སྟེརཿ ཆོས་གསུང་ཞུ་བ་ཕུལ་ཀྱང་ཆོས་མི་གསུང༔ དེ་དུས་རྒྱལ་བའི་བློ་གྲོས་མ་དང་ནི༔ བློན་པོ་ཏ་ར་ཀླུ་གོང་ཤི་བ་ལ༔ བོན་ཆོས་གཉིས་ཀས་བུམ་ཆོག་བྱས་པའི་ཚེ༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ དོན་མཁར་ཐང་ལ་ངག་ནུས་འགྲན་བཅུག་པས༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ སློབ་དཔོན་པདྨ་ཐང་ནག་བོན་པོ་གཉིས༔ གྲུབ་མཐའ་བཟུང་ནས་འགེག་རེས་བྱེད་བཅུག་པས༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ བོ་དྷི་ས་ཏྭ་ཤ་རིའི་དབུ་ཆེན་གཉིས༔ གྲུབ་མཐའ་བཟུང་ནས་འགེག་རེས་བྱེད་བཅུག་པས༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ བི་མ་མི་ཏྲ་ལི་ཤི་ལྟག་རིང་གཉིས༔ གྲུབ་མཐའ་བཟུང་ནས་འགེག་རེས་བྱེད་བཅུག་པས༔ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ བོན་གྱི་ཐེག་དགུ་ཆོས་ཀྱི་ཐེག་དགུ་གཉིས༔ ལོ་ཙཱ་རྣམས་ཀྱིས་འགེག་རེས་བྱེད་བཅུག་པས༔  རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༔ རྒྱལ་པོའི་མངའ་འོག་བོན་པོ་ཐམས་ཅད་བསྡུས༔ ཁམས་གསུམ་ན་གར་བོན་པོའི་གྲལ་བྱས་ནས༔ བོན་པོའི་སྐྲ་བསྒོར་ཕ་ཇོའི་མིང་དུ་བཏགས༔ མགོ་ལ་ཝ་ཞྭ་ལག་པར་ཕྱེད་རྔ་གཏད༔ གོས་སུ་རས་སྔོན་ཟས་སུ་ལྷད་ཟས་བྱིན༔ བོན་ལུགས་སྡིག་དང་འདྲེས་པ་ཐམས་ཅད་བསྣུབས༔ འཇིག་རྟེན་འཕྲལ་རྐྱེན་བཟློག་པ་ཙམ་གྱི་བོན༔ ཤྭ་བ་ཤིང་མགོ་རྭ་རྒྱས་བྱེད་པ་དང་༔ གཡག་ལུག་ཟན་ལ་གཟུགས་བརྙན་བྱེད་དུ་བཅུག༔ ལྷ་གཡང་སྐོར་གསུམ་མིན་པ་ཐམས་ཅད་བསྣུབས༔ གཤེན་བོན་རྣམས་ལ་ཁལ་དུ་བོང་བུ་བྱིན༔ བ་ལང་གསོན་མར་གཡུང་དྲུང་བོན་རྣམས་བཀལ༔ འབངས་ཀྱི་གཙང་སྟོད་བྱེ་མ་གཡུང་དྲུང་བསྐྱལ༔ རྩྭ་མི་ཤིང་མི་ལྗང་མོ་མིག་དགུའི་ཡུལ༔ གླང་གི་གྱིམ་མོ་ཡུ་མོ་མགུལ་དགུའི་ཡུལཿ སོག་པོ་སྤྲེལ་སླག་ཅན་གྱི་ཡུལ་དུ་སྤྱུགས༔ (2 པདྨ་བཀའ་ཐང་སི་ཁྲོན་དཔར་མའི་ཤོག་ངོས་473-475) ཞེས་བྱུང་བས། གལ་སྲིད་ལོ་རྒྱུས་འདི་དོན་དངོས་ཡིན་ཚེ། དེ་དུས་ཀྱི་བོན་པོའི་ཤྭ་བ་རྭ་རྒྱས་ཟེར་བའི་དམར་མཆོད་དང་། དེ་དུས་ཀྱི་ཐེག་པ་རིམ་དགུ་གཉིས་ཀྱང་ག་འདྲ་ཞིག་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པར་འདུག དཔེར་ན་དེང་སང་ད་དུང་ཧི་མ་ལ་ཡའི་རི་རྒྱུད་དུ་བོན་པོར་ཁས་ལེན་པའི་ཆོས་ལུགས་པ་སྐོར་ཞིག་གིས་བྱ་ཏེ་སོགས་བསད་ནས་དམར་མཆོད་བྱེད་བཞིན་ཡོད་པ་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་ཀྱང་གཟིགས་ཡོད་པ་སྟེ། བོད་ནས་དར་བ་དང་བརྒྱུད་པ་མ་ཡིན་པ་ཟེར་ན་འདྲ། གཡུང་དྲུང་བོན་མ་ཡིན་པའི་བོན་དེ་འདྲ་མཐོང་རྒྱུ་འདུག བོད་དང་བལ་ཡུལ་ས་མཚམས་ཁུལ་དང་འབྲུག་གི་ས་སྣེ་སོགས་སུ་འདུག ཁོ་རང་ཚོས་ང་ཚོ་བོན་པོ་ཡིན་གསུང་གི་འདུག་ཀྱང་། ཆོ་ག་ཕྱག་ལེན་ཁྱད་མཚར་ཞེ་དྲགས་འདུག མགོ་ལ་བྱ་སྒྲོ་གྱོན་ཞིང་། བྱ་དེ་མང་པོ་བསད་དེ་ཁྲག་གི་མཆོད་པ་འབུལ་སྲོལ་འདུག ཡིན་ནའང་ཁོ་རང་ཚོར་བོན་གྱི་གཞུང་དེ་འདྲ་ཤོག་ལྷེ་གཅིག་ཀྱང་སྟོན་རྒྱུ་མི་འདུག བོན་ཆོས་ཡིན་ཟེར་ནས་འདོན་པ་ཧ་ཅང་མང་པོ་ཉིན་ཞག་འགའ་རེར་འདོན་རྒྱུ་དེ་འདྲ་འདུག ཡང་ལུང་པ་སོ་སོའི་འདོན་པ་མ་འདྲ་བ་རེད། དེ་དག་ཡོངས་རྫོགས་ངག་ཐོག་བརྒྱུད་ནས་ཡོང་བ་རེད་མ་གཏོགས་ཡིག་ཐོག་ཏུ་སྟོན་རྒྱུ་ཡོད་ས་མ་རེད། ངག་ཐོག་ཏུ་ཡོད་པ་དེ་ཁོ་རང་ཚོའི་སྐད་རེད། གལ་སྲིད་ཡིག་ཐོག་ཏུ་ཕབ་ན་ཁོ་རང་ཚོའི་སྐད་ཐོག་ནས་ཕབ་དགོས་སྟབས་ནང་དོན་གོ་ཐུབ་པ་ཁག་པོ་རེད་བསམ་གྱི་འདུག འོན་ཀྱང་ཁོ་རང་ཚོས་སྟག་ལྷ་མེ་འབར་ཟེར་བ་ལྟ་བུའི་བོན་གཞུང་གི་ལྷ་རེ་ཟུང་གི་མིང་ཤོད་ཀྱི་འདུག ཡིན་ནའང་ཁོ་རང་ཚོས་བོད་པའི་བོན་དགོན་དེ་འདྲ་ལ་ཆོས་འབྲེལ་འཇོག་གི་ཡོད་པའི་སྐད་ཆ་མི་འདུག (3 བོད་ཀྱི་དུས་བབ་གསར་ཁང་གི་བཅར་འདྲིའི་ལན། ) ཁོང་གི་སྐད་ཆ་འདི་དག་ལས་ང་ཚོས་གསལ་བོར་མཐོང་ཐུབ་པ་ཞིག་ནི། གནའ་སྔ་མོ་ནས་ཧི་མ་ལ་ཡའི་རྒྱབ་མདུན་གང་སར་རང་ཉིད་ཀྱི་ཆོས་ལུགས་དེ་ལ་བོན་ཞེས་འབོད་ཅིང་། ཆེས་གདོད་མའི་རྣམ་པ་ཅན་གྱི་བྱ་སྒྲོ་མགོ་ལ་གྱོན་པ་དང་བྱ་རིགས་སོགས་བསད་ནས་དམར་མཆོད་བྱེད་མཁན་གྱི་མི་རིགས་ཤིག་གམ་ཆོས་ལུགས་པའི་སྤྱི་ཚོགས་ཤིག་ཡོད་པ་དང་། སྤྱི་ཚོགས་དེར་སྤྱིའི་ཆ་ནས་བོན་གསར་མ་དང་བན་དེའི་ཆོས་ལུགས་ཀྱི་རྡུང་རྡེག་མང་པོ་ཞིག་ཕོག་སྟེ་རིམ་བཞིན་ཧི་མ་ལ་ཡའི་རི་ཁུག་ལུང་ཁུག་དག་ཏུ་མ་གཏོགས། གཞི་རྒྱ་ཆེ་བའི་སྤྱི་ཚོགས་སྟེང་མཐོང་དཀོན་པོ་ཆགས་ཡོད་པ་དང་། བལ་ཡུལ་དེ་སྤྱིའི་ཆ་ནས་ཧིན་རྡུ་མུ་སྟེགས་པའི་ཆོས་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། གནའ་བོའི་བོན་ཆོས་དད་ལྡན་པ་ཚོའི་དམར་མཆོད་དེ་ཡང་ཆོས་ལུགས་ཀྱི་ཆོ་ག་སྡུག་ཅག་ཅིག་ཏུ་ངོས་འཛིན་མི་བྱེད་པར་བཏང་སྙོམས་ངང་ལོ་བརྒྱ་ཕྲག་དུ་མའི་རིང་མུ་མཐུད་རྒྱུན་འཛིན་བྱས་བསྡད་པ་ཞིག་རེད། རྒྱུ་མཚན་མང་པོ་ཞིག་གི་དབང་གིས་བལ་ཡུལ་གྱི་མཐའ་མཚམས་ཁག་ཏུ་མུ་སྟེགས་པ་དང་གནའ་བོའི་བོན་པོའི་ཆོས་ལུགས་གཉིས་ཕར་འདྲེས་ཚུར་འདྲེས་རིས་མེད་འདྲ་བོ་བྱས་བསྡད་ཡོད་པའི་སྐོར་མང་པོ་ཞིག་ང་ཚོའི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་དང་འགྱུར་བཞིན་ཡོད་པ་འདི་རེད།

གང་ལྟར་སྲོང་བཙན་ནས་གླང་དར་མའི་བར་དུ་བན་དེ་དང་བོན་པོ་ཚོ་ལྟ་བ་གུ་ཡངས་དང་སྤྱོད་པ་མཉམ་གནས་བྱེད་མ་ཐུབ་པར་བོན་ཆོས་དང་དེའི་རྗེས་འཇུག་པ་ཚོ་ངེས་པར་དུ་ཉམས་དམས་སུ་འགྲོ་དགོས་པ་དང་། བན་དེའི་ཆོས་ལུགས་དང་བན་དེ་ཚོ་བོད་ལུང་པའི་ཁྱད་ནོར་དུ་འགྱུར་དགོས་པ་དེ་འདྲ་ཞིག་བྱུང་བ་རེད། དེའི་རྩ་བའམ་རྒྱུ་རྐྱེན་ངོ་མ་དེ་ཆོས་ལུགས་དང་ཆབ་སྲིད་གང་ཡིན་ཚིག་ཐག་བཅད་ནས་བཤད་ཁག་པོ་ཞིག་རེད། ཕྱོགས་གཅིག་ནས་རྒྱལ་ཁབ་གཅིག་ལ་ཆོས་ལུགས་གཅིག་ཡོད་པ་དེས་རྒྱལ་བློན་ཚོས་རྒྱལ་འབངས་ཚོར་ཁ་ལོ་བསྒྱུར་རྒྱུ་དེ་ལས་སླ་རུ་འགྲོ་བ་དང་། མི་ཚང་མའི་ཆོས་ལུགས་གཅིག་ཡིན་པ་དེ་ནི་ཆབ་སྲིད་ཀྱི་ཚོགས་པར་མཚོན་ན་ཁ་གཏད་ཚོགས་པའམ་ཕྱོགས་འགལ་ཚོགས་པ་མེད་པ་འདྲ་བོ་རེད། ཕྱོགས་གཅིག་ནས་སྲིད་དོན་དང་ཆོས་དོན་གང་ཡིན་ཡང་ཐག་གཅོད་བདེ་བོ་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་སྲིད་དབང་སྒེར་གཅོད་འདྲ་བོ་ཆགས་ཏེ་ཆོས་སྲིད་ཀྱི་མགོ་ཁྲིད་ཚོས་གང་བྱེད་བྱེད་འདྲ་བོ་ཞིག་ཀྱང་ཆགས་བསྡད་ཡོད་པས། ལྟ་གྲུབ་གཞན་གྱི་འགལ་ཟླ་མེད་པའི་ཆོས་ལུགས་གཅིག་གྱུར་ཅན་གྱི་རྒྱལ་ཁབ་ཏུ་ཆོས་ལུགས་པའི་བར་གྱི་འགལ་ཟླ་དེ་ཉུང་དུ་འགྲོ་དགོས་པ་ཞིག་རེད་དེ། བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་ཕྱིན་པའི་རྗེས་ནས་དེ་རིང་གི་བར་དུ་ནང་པའམ་བན་དེའི་ཆོས་པ་ཚོས་རྙིང་བཀའ་ས་དགེ་ཇོ་ནང་གི་ཕྱོགས་ཞེན་བྱས་ནས་ཁྲག་གི་ཡུར་ཆུ་བཞུར་བའི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་ཞིག་ཀྱང་འཁྲབས་ཡོད་པ་རེད།

དེ་ནས་བོན་པོ་དང་རྙིང་མ། ས་སྐྱ་དང་བཀའ་བརྒྱུད། ཇོ་ནང་དང་དགེ་ལུགས་པའི་སྤྱི་ཁྱབ་ནས་རིས་མེད་ཟེར་བ་དེ་བོད་གངས་ཅན་གྱི་ལྗོངས་སུ་རིས་མེད་མ་བྱས་པའི་ཉེས་དམིགས་དེ་བཤད་ན་རིས་མེད་བྱས་པའི་ཕན་ཡོན་དེ་ཤུགས་ལ་བསྟན་ཡོང་གི་རེད་བསམ་བཞིན་ཡོད། རྩ་བའི་ཆ་ནས་རིས་མེད་རིས་མེད་ཟེར་བ་དེ་ང་ཚོ་གང་ཟག་གི་བློ་དང་འཚམ་པ། ལུང་པའི་འགྲོ་སྟངས་དང་མཐུན་པ་སོགས་གནས་སྟངས་མང་པོ་ཞིག་ལ་རག་ལས་པ་ཞིག་རེད་འདུག ལྟ་བ་དང་གྲུབ་མཐའ་མི་འདྲ་བ་དེ་འདྲའི་བར་ནས་འགྲོ་ཤེས་དང་མི་ཤེས། ཡང་མིན་ན་སོ་སོའི་རང་ལུགས་གཙང་མ་དེ་བསྐྱངས། ཕར་ཕྱོགས་གཞན་ལུགས་དེ་བཏང་སྙོམས་སུ་འཇོག་པ་དེ་འདྲའི་ལམ་ཁ་ཞིག་ཡོད་པ་རེད། ང་ཚོ་མི་ཟེར་བ་དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དེ་ཡོད་པས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་དང་གཞན་ལས་ཆགས་དང་སྡང་། །ཞེས་གསུངས་འདུག་ག དེ་ནས་ངའི་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་དེ་སྤྱིར་བཏང་སོ་སོ་སྐྱེ་བོའི་བློ་ཡི་འཛིན་སྟངས་ཤིག་རེད་འདུག དེའི་སྟེང་དུ་དཔལ་ན་ལེནྡྲ་ནས་ཕྱོགས་གང་སར་གྱེས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་བརྒྱུད་སོ་སོར་ཡང་སྦྱིན་སྲེག་བླུག་པ་དང་ལྷ་སྒོམ་པ་འདྲ་བོ་ཆོས་ལུགས་ཀྱི་བྱེད་སྒོ་འདྲ་མིན་ཡོད་པ་དང་། དེ་མ་ཡིན་པའི་ཡུལ་དང་ཡུལ་ཅན་ནམ་གཞི་ལམ་འབྲས་གསུམ། སེམས་ཀྱི་གནས་ལུགས་སམ་གཤིས་ལུགས་ཀྱི་གསང་བ་སྔོགས་པ་དང་གཏན་ལ་འབེབ་པའི་སྐབས་སུ་རང་ལུགས་བཞག་སྟེ་གཞན་ལུགས་དགག རྩོད་པ་སྤོང་དགོས་པ་ཞིག་ཡོང་ཁྱབ་ཏུ་ཡོད་པས། རང་ལུགས་དེ་བཞག་ནས་གཞན་ལུགས་དེ་དགག་དགོས་དུས་རྩོད་པའི་སྒོ་མོ་ཕྱེས་ནས་དུས་སྐབས་མང་པོ་ཞིག་ལ་རིས་མེད་ཟེར་བ་དེ་ཡང་ཁ་སྟོང་བའི་ནང་ཚིག་སྐམ་པོ་འདྲ་བོ་ཞིག་ཆགས་ཡོང་གིན་འདུག གཞན་ལུགས་བཞག གཞན་ལུགས་བཏང་སྙོམས་སུ་བཞག་ཟེར་བ་དེ་འདྲ་མ་བྱས་པར་རང་ལུགས་འཇོག་དུས་གཞན་ལུགས་དགག་དགོས་པའི་སྲོལ་རྒྱུན་ཞིག་ཡོད་པས། གསུམ་པ་དེ་ལ་འཛིང་རེས་འདྲ་བོ་རྩོད་པ་སྤོང་ཟེར་བ་དེ་ཡོད་པས། རིས་མེད་མི་ཡོང་བའི་རྒྱག་འདྲེ་རྒྱག་པའི་གོ་རིམ་འདྲ་བོ་ཞིག་བསྒྲིགས་འདུག་ག རྩ་བའི་ཆ་ནས་དོ་སྣང་མ་བྱས་པ་ཡིན་ན་དེ་ནི་སྔོན་གྱི་མཁས་པའི་འགྲོ་སྟངས་འདྲ་བོ། རང་ལུགས་དེ་འཇོག་དགོས་ཀྱི་འདུག གཞན་ལུགས་དེ་དགག་དགོས་ཀྱི་འདུག དེའི་སྟེང་དུ་རྒྱག་འདྲེ་རྒྱག་སྤྱད་ཀྱི་རྩོད་པ་དེ་ཤུགས་ཆེ་ཏུ་འགྲོ་དགོས་ཀྱི་འདུག་བསམ་པའི་ལུགས་སྲོལ་ཆེན་པོ་ཞིག་གི་གཞི་བཏིངས་ཚར་ཡོད་པ་རེད། དེ་འདྲའི་ལུགས་སྲོལ་རྙིང་པ་དེ་མཁྲེགས་འཛིན་བྱེད་རྒྱུ་ལ་ཤུགས་རྒྱག་པ་མ་གཏོགས་ལུགས་སྲོལ་རྙིང་པ་དེའི་ཕུགས་ཀྱི་གྱོང་ཆེན་པོ་དེ་ལ་བསམ་བློ་གཏོང་མཁན་ཧ་ཅང་དཀོན་པོ་རེད། ཐ་ན་ང་ཚོ་རྒྱ་གར་དང་བལ་ཡུལ་སོགས་སུ་ཡུལ་གྱར་ལ་བསླེབས་པའི་སྐབས་སུ་ཡང་བོད་དུ་ཡོད་པའི་དུས་ཀྱི་རིས་འཛིན་ཆེན་པོའི་དུག་སྐྱོན་ནམ་ན་ཚ་དེ་ཤུགས་ཆུང་དུ་ཕྱིན་པ་འདྲ་བོ་ཞིག་རེད་དེ། སེམས་ཀྱི་གཏིང་དང་ཁོག་པའི་ཟབ་ས་རུ་སྔོན་གྱི་ན་ཚ་རྙིང་པ་དེ་ད་དུང་རང་འཇགས་ལྷགས་བསྡད་ཡོད་པ་རེད། བསྟན་པ་ཕྱི་དར་གྱི་ལོ་རྒྱུས་ལ་ཕྱི་མིག་ལྟ་དུས། ས་འབྲིའི་གླིང་ལོག་ཟེར་བ་འདྲ་བོ། ཇོ་ནང་དགེ་བསྒྱུར་ཟེར་བ་འདྲ་བོ། ཀར་དགེའི་དམག་འཁྲུག་ཟེར་བ་འདྲ་བོ། མཚམས་རེར་ཆབ་སྲིད་རྩོད་ཀི་ཡོད་པ་འདྲ་བོ། སྐབས་རེར་ཆོས་ལུགས་རྩོད་ཀི་ཡོད་པ་འདྲ་བོ། དཔེར་ན་ས་པཎ་གྱིས་སྡོམ་གསུམ་རབ་དབྱེའི་ནང་དུ། བླུན་པོས་ཕྱག་རྒྱ་ཆེ་སྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་ཟད། །ཟེར་བ་འདྲ་བོའི་རྩོད་པ་འདྲ་མིན་གྱི་འགོ་བཙུགས་ཡོད་པ་རེད་དེ། ཆོས་བརྒྱུད་བར་གྱི་དམག་འཁྲུག་དེ་ཚོ་མཁས་པའི་བསྟན་བཅོས་དཔང་དུ་འཇོག་པའམ་ལག་པར་ཁྱེར་ནས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱས་པ་དེ་འདྲ་རང་རེད་མི་འདུག  དཔེར་ན་དེང་སྐབས་དཀྱིལ་ཤར་ཡུལ་གྲུའི་ཁ་ཆེ་ཐལ་སྐྱོད་པ་མང་པོས་ལག་པ་གཅིག་ལ་ཁ་ཆེའི་གསུང་རབ་ཀོ་རེན་ཁྱེར། ལག་པ་གཅིག་ལ་གྲི་དང་མེ་མདའ་ཁྱེར་ནས་ཆོས་ལུགས་གཞན་པའི་རྗེས་འབྲང་བ་དང་ཐ་ན་ཁ་ཆེ་བ་གཅིག་པ་ཡིན་ཡང་སུ་ནི་དང་ཤི་ཡའི་གྲུབ་མཐའི་ཕྱོགས་ཞེན་བྱས་ནས་མི་ཁྲི་ཕྲག་དམར་གསོད་བྱས་དང་བྱེད་བཞིན་པ་དེ་འདྲ་སྔོན་ཆད་བོད་ནང་ཤུགས་ཆེན་པོ་བྱུང་ཡོད་པ་མ་རེད། སྔོན་ཆད་བོད་ཀྱི་ཆོས་བརྒྱུད་བར་གྱི་དམག་འཁྲུག་མང་པོ་ཞིག་མཆོད་གཞིས་སམ་མངའ་རིས་འཕྲོག་རེས་ཀྱི་དམག་འཁྲུག་རེད་འདུག དེ་ནི་ཆོས་བརྒྱུད་དེ་ལ་མང་ཚོགས་དང་ཆབ་སྲིད་ཀྱི་སྟོབས་ཤུགས་དགོས་པ་རྒྱུ་མཚན་དུ་བྱས་པ་ཞིག་ནི་ཏན་ཏན་རེད། དེ་མ་གཏོགས་ཆོས་ལུགས་རང་གི་ནང་དུ་བསྟན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མ་མཐུན་ནས་ལམ་སེང་གྲི་དང་མེ་མདའ་ཕྱར་ནས་འཛིང་བཞག་པ་དེ་འདྲ་ཞིག་རེད་མི་འདུག ཡིན་ན་ཡང་འཛམ་གླིང་གི་ཆོས་ལུགས་དང་རིག་གཞུང་གང་ཞིག་ཡིན་ཡང་དེ་ཡུན་རིང་དུ་གནས་པ་ལ་དཔལ་འབྱོར་དང་དམག་ཤུགས། མི་དམངས་ཀྱི་རྒྱབ་རྟེན་དེ་གསུམ་མེད་པར་རྩ་བ་ཉིད་ནས་གནས་ཐབས་མེད་པ་རེད། ངས་གོང་དུ་བཤད་པ་ནང་བཞིན་བན་དེ་དང་བོན་པོའི་བར་གྱི་རྙོག་དྲ་ཡིན་ན་རེད། དེ་རྗེས་ཀྱི་ས་འབྲི་དང་ཀར་དགེའི་དམག་འཁྲུག་སོགས་གང་ཞིག་ཡིན་ན་ཡང་། རྩ་བའི་ཆ་ནས་ཆོས་བརྒྱུད་ཀྱི་མིང་དེ་དམག་འཁྲུག་གི་མིང་ལ་བཏགས་ཡོད་པ་རེད་དེ། དངོས་ཡོད་གནས་ཚུལ་དེ་ནི་གཙོ་བོ་མི་སྐྱ་ཚོས་ཆབ་སྲིད་དཔལ་འབྱོར་དང་མངའ་ཐང་འཕྲོག་རེས་བྱས་པ་དང་། བླ་ཆེན་རེ་ཟུང་གིས་དེ་ལ་རྒྱུད་སྐུལ་དང་མཐུན་རྐྱེན་སྦྱར་ཡོད་པ་དེ་འདྲ་ཞིག་རེད། ཕྱོགས་གཅིག་ནས་དམག་འཁྲུག་དེ་འདྲའི་སྐབས་སུ་ཆོས་བརྒྱུད་དེའི་མིང་བེད་སྤྱད་བཏང་བ་ཡིན་ན་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་ཐུབ་ཀི་ཡོད་པ་རེད། དཔེར་ན་ད་རེས་ས་སྐྱ་པའི་བསྟན་པའི་ཆེད་དུ་དམག་རྒྱག་གི་ཡོད། བཀའ་བརྒྱུད་པའི་ཆེད་དུ་འཛིང་གི་ཡོད། དགེ་ལུགས་པའི་ཆེད་དུ་འཐབ་ཀི་ཡོད་ལབ་ན་ཆོས་དད་མང་ཚོགས་མང་པོ་ཞིག་རང་ཤུགས་ཀྱིས་བརྒྱུགས་ཡོང་གི་ཡོད་པ་རེད། དཔེར་ན་སོག་པོའི་རྒྱལ་པོ་ལྷ་བཟང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བར་གྱི་དབང་ཆའི་འཐབ་རྩོད་དེ་ཡང་མཐར་ཐུག་ན་རྒྱལ་པོ་དགེ་ལུགས་པ་དང་སྡེ་སྲིད་རྙིང་མ་ཤུགས་ཆེན་པོ་ཡོད་པའི་བར་གྱི་འཐབ་རྩོད་ཅིག་ཡིན་པ་དེ་ནི་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ་དང་ལྕང་སྐྱའི་རྣམ་ཐར་སོགས་སུ་གསལ་བོ་འདུག་ག དེ་བཞིན་དེའི་སྐབས་ཀྱི་སོག་དམག་སྟོབས་ཤུགས་ཆེན་པོ་བོད་དུ་ཡོང་བའི་ཇུས་འགོད་མཁན་གཙོ་བོ་དེ་རྒྱལ་དབང་ལྔ་བ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་རེད་ཟེར་གིན་ཡོད་པ་རེད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་དང་རྣམ་ཐར་བཀླགས་ཡོང་དུས་བཀའ་གདམས་པའི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད་དེ། དགེ་ལུགས་པའི་བསྟན་པ་གནས་དང་མི་གནས་པའི་མཚམས་སུ་བསླེབས་ཡོང་དུས་ཞལ་བཙུམས་ནས་བཞུགས་སྟངས་ཤིག་ཀྱང་ཨེ་ཡོད་ན་བསམ་པ་ཞིག་ཀྱང་ཡོང་གི་འདུག གལ་སྲིད་དེ་དུས་ཀྱི་དམག་འཁྲུག་དེ་ལ་དགེ་ལུགས་པའི་བླ་ཆེན་རྒྱལ་པཎ་རྣམ་གཉིས་ཀྱིས་ཇུས་བཏིངས་ཡོད་ན། དགེ་ལུགས་པའི་བསྟན་པ་གནས་པ་དང་སེམས་ཅན་སྐོར་ཞིག་ཤི་བ་གཉིས་ལས་གང་འདེམ་དགོས་ཟེར་ན་ཕལ་ཆེར་བསྟན་པ་གནས་པ་དེ་འདེམ་གྱི་རེད་བསམ་གི་འདུག དཔེར་ན་དེང་སང་ང་ཚོས་དགོན་པ་ལྷ་ཁང་བཞེང་དུས་ས་རྐོ་རྡོ་སློག་བྱེད་དུས་འབུ་སྲིན་ཁྲི་སྟོང་མང་པོ་ཞིག་འཆི་གི་ཡོད་པ་དེ་ཤེས་གསལ་རེད་དེ། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་དཀར་དམར་གཉིས་ཀྱི་གཞི་རྟེན་བརྩིགས་པའི་ཆེད་དུ་སེམས་ཅན་འབུ་སྲིན་དེ་ཚོ་འཆི་ལམ་དུ་འདེད་པ་དེ་འདེམ་གྱི་ཡོད་པ་ང་ཚོས་ཤེས་གསལ་རེད། ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་བརྗོད་འདུག་པ་ནང་བཞིན་སྐབས་དེར་སོག་པོའི་དམག་དཔུང་དེ་འདྲའི་སྟོབས་ཆེན་ཞིག་མ་བསླེབས་པ་ཡིན་ན་དགེ་ལུགས་པའི་བསྟན་པ་དེ་རྩ་མེད་དུ་ཕྱིན་ཡོད་པ་རེད། དཔེར་ན་དེ་དུས་བཀའ་བརྒྱུད་པའི་སྟོབས་ཤུགས་ཆེན་པོ་ཆགས་ནས་ལོ་ཉི་ཤུའི་རིང་ལ་དགེ་ལུགས་པ་ཚོར་རྗེ་ཙོང་ཁ་པས་དབུ་འཛུགས་གནང་བའི་ལྷ་ལྡན་སྨོན་ལམ་ཆེན་མོ་འཚོག་ཏུ་བཅུག་མེད་པ་དེ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་དེབ་དེའི་ནང་དུ་ཧ་ཅང་གསལ་བོ་ཡོད་པ་རེད།

དེ་འདྲ་བྱས་ནས་ཆོས་བརྒྱུད་ཀྱི་བླ་ཆེན་དེ་ཚོར་སོ་སོའི་ཆོས་ལུགས་དེའི་ཞེན་ཁོག་གམ་འདང་རྩིས་ཆེན་པོ་ཡོད་དུས། ཆོས་བརྒྱུད་དེའི་རྒྱབ་ལོགས་ན་ཡོད་པའི་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱ་བསྐྱེད་མཁན་གྱི་མི་སྐྱ་ཁྲི་དཔོན་སྟོང་དཔོན་ཟེར་བ། སྡེ་སྲིད་ཟེར་བ་དེ་ཚོར་ལག་འབྲེལ་གྱིས་རང་གི་ཆོས་བརྒྱུད་དང་མི་སྡེ་སྲུང་སྐྱོབ་མ་གནང་ཐབས་མེད་རེད། དེ་ལྟར་རང་ཕྱོགས་དར་སྤེལ་དང་སྲུང་སྐྱོབ་ཀྱི་ཆེད་དུ་ཆོས་བརྒྱུད་གཞན་པའི་བླ་མ་དང་དཔོན་པོ་མང་པོར་ཕོག་ཐུག་འགྲོ་གི་ཡོད་པ་རེད། དེ་ལྟར་ཆོས་བརྒྱུད་ཀྱི་བླ་ཆེན་དཔོན་ཆེན་མང་པོ་ཞིག་ཕན་ཚུན་གྱི་དགྲ་ཟླར་ལགས་ཏེ་བསྟན་པའི་ཆེད་དུ་དམག་འཁྲུག་རྒྱག་དགོས་ཐུག་པ་འདི་ནི་ཕྱོགས་གཅིག་ནས་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྐྱེན་དང་། ཕྱོགས་གཞན་ཞིག་ནས་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་ཕྱིན་པའི་འབྲས་བུ་ཡང་རེད། དེ་བཞིན་སོག་པོ་དང་རྒྱ་ནག མན་ཇུ་སོགས་ཀྱིས་ཆོས་བརྒྱུད་བར་གྱི་འགལ་ཟླ་དེ་བེད་སྤྱད་ནས་ཁོ་རང་ཚོའི་ཆབ་སྲིད་ཀྱི་སྟོབས་ཤུགས་དེ་བོད་ཡུལ་དུ་སྤེལ་ཅི་ཐུབ་བྱེད་དགོས་པ་ནི་ཆབ་སྲིད་ཀྱི་འགྲོ་སྟངས་ཡོད་ན་མེད་ན་ཞིག་རེད།

ང་ཚོས་བླ་མ་ཞིག་གི་རྣམ་ཐར་ཀློག་དུས་བླ་མ་དེ་སྤྱན་རས་གཟིགས་སམ་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པ་ལྟ་བུའི་བསྔགས་བརྗོད་དམ་གདེང་འཇོག་བྱས་ཡོད་མིན་ལ་མ་ལྟོས་པར། བླ་མ་མི་ཞིག་ཡིན་པ་དང་མིའི་སྤྱི་ཚོགས་སུ་གནས་ཡོད་པ་དང་། བླ་མ་དེས་རང་གི་ཆོས་བརྒྱུད་དང་མངའ་ཐང་གི་ཆེད་དུ་ལས་ཀ་བྱེད་དགོས་པའི་དུས་སུ། མི་དགེ་བའི་ལས་མང་པོ་ཞིག་སྒྲུབ་རྒྱུར་གདམས་ཀ་གཞན་ཅི་ཡང་མེད་པའི་གནས་སུ་ཡང་ཡང་ལྷུང་གིན་ཡོད་པ་རེད། དཔེ་བཞག་ན་དགེ་ལུགས་པའི་བླ་ཆེན་ཨ་མདོ་འཇམ་དབྱངས་བཞད་པ་ལྟ་བུ་རེད། ཁོང་གི་རྣམ་ཐར་ནང་ལ་ལྟ་དུས་ཁོང་རྗེ་ཙོང་ཁ་པའི་སྤྲུལ་པ་ཡིན་པ་འདྲ་བོ་དེ་འདྲ་ཞིག་བྲིས་ཡོད་པ་རེད་དེ། ཁོང་ཆབ་སྲིད་ཀྱི་དྲ་རྒྱའི་ནང་དུ་ལྷུང་ཟིན་པའི་དུས་སུ་ཁོང་གིས་ཁོང་རང་གི་ལམ་ཁ་ཞིག་མི་འཚོལ་ཀ་མེད་ཆགས་འདུག་ག ཁོང་དང་ལྟ་སྒོམ་སྤྱོད་གསུམ་མཐུན་པ་དེ་ཚོའི་ཆེད་དུ་ལས་ཀ་འདྲ་མིན་བསྒྲུབ་དགོས་པ་དང་། དེའི་ལྡོག་ཕྱོགས་པ་ཚོར་རྒྱབ་གཏོད་དགོས་པའི་གནས་སྟངས་དེ་ང་ཚོས་མཐོང་ཐུབ་ཀི་རེད། རྩ་བའི་ཆ་ནས་དེ་ནི་སྐྱིད་ལ་སྡུག་པའི་འཇིག་རྟེན་འདིའི་ཆོས་ཉིད་ཅིག་ཡིན་པས། སུས་ཀྱང་དེ་ལས་གཡོལ་མི་ཐུབ་པ་ཞིག་རེད། ཡང་མིན་ན་ཆོས་ལུགས་དང་ཆབ་སྲིད་ཀྱི་སྤྱི་ཚོགས་ཆེན་པོ་དེ་བློས་བཏང་ནས་རི་ཁྲོད་པ་དང་མཚམས་པ་འདྲ་བོ་བྱས་ནས་རྦད་དེ་རི་ཁྲོད་དབེན་པའི་གནས་སུ་འགྲོ་དགོས་ཀྱི་ཡོད་པ་རེད། དེ་འདྲ་མི་ནུས་ཕྱིན་ཆད་རྒྱལ་པཎ་སྐུ་ཕྲེང་རིམ་བྱོན་ཡིན་ན་རེད། ཀརྨ་པ་སྐུ་ཕྲེང་རིམ་བྱོན་ཡིན་ན་རེད། ཨ་མདོ་འཇམ་དབྱངས་བཞད་པ་ལྟ་བུ་སུ་ཞིག་ཡིན་ཡང་གདམས་ཀ་མེད་པའི་ཚད་ལ་བསྐྱལ་བཞག་ཡོད་པ་རེད། ཡིན་ཡང་སྐབས་རེར་གནས་སྟངས་འདྲ་མིན་གོམ་པ་གཅིག་སྤོ་ཉེས་ཤོར་ན་རང་ཉིད་ལོ་རྒྱུས་ཀྱི་ཉེས་ཅན་ཆགས་འགྲོ་བ་དེ་འདྲའི་སྐབས་སུ་ཡང་སྐྱེས་བུ་རྣམ་དཔྱོད་ཅན་རེ་ཟུང་གིས་གདམས་ཀ་ཡག་ཤོས་དེ་འདེམ་ཐུབ་ཀི་ཡོད་པ་རེད། དཔེར་ན་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལྟ་བུ་ཡིན་ན། སོག་པོའི་རྒྱལ་པོས་བོད་ཁམས་ཀྱི་ཆོས་ལུགས་ཚང་མ་ས་སྐྱའི་ཆོས་ལུགས་ལ་བསྒྱུར་ན་ཞེས་དྲིས་སྐབས། དེ་འདྲ་བྱས་ནས་མི་འབུམ་ཕྲག་མང་པོ་རྒྱལ་པོ་ལ་མི་དགའ་བ་དང་། ཆོས་ལུགས་ནང་ཚན་ལ་རྙོག་དྲ་ཆེན་པོ་ཡོང་སྲིད་པས་རང་རང་གི་ཆོས་ལུགས་གང་ཡིན་པ་དེ་ཉམས་སུ་ལེན་བཅུག་ན་ཡག་གི་རེད་ཅེས་གསུངས་པ་དང་། ལྕང་སྐྱ་སྐུ་ཕྲེང་ཞིག་གིས་ཀྱང་ཆིན་གོང་མས་བོད་ཁམས་དགེ་ལུགས་པར་བསྒྱུར་ན་ཞེས་པར་དེ་འདྲ་བྱེད་མི་ཉན་པའི་སྐུལ་མ་གནང་བ་ལྟ་བུ་ལོ་རྒྱུས་ནང་ཡོད་པ་རེད། ཕྱོགས་གཅིག་ནས་གོང་གི་སྐྱེས་བུ་དམ་པ་དེ་གཉིས་ཀྱིས་བསྟན་པ་དང་འགྲོ་བའི་བདེ་དོན་རླབས་པོ་ཆེ་ཐུགས་ལ་བཞག་པ་ཡིན་རྒྱུ་རེད་ལ། ཕྱོགས་གཞན་ཞིག་ནས་རང་རང་ལོ་རྒྱུས་ཀྱི་ཉེས་ཅན་ཆགས་འདོད་མེད་པ་ཡིན་སྲིད།

ཡིན་ཡང་སྐབས་རེར་ཆོས་ལུགས་གཅིག་སྟོབས་ཤུགས་ཆེན་པོ་ཆགས་ནས་ཆོས་ལུགས་གཞན་པར་གཉའ་གནོན་བཏང་བའི་ལོ་རྒྱུས་གང་སར་ཡོང་གི་ཡོད་པ་རེད། དཔེར་ན་སྔོན་མར་ཁམས་ཕྱོགས་ཀྱི་ས་ཆ་ལ་ལར་ས་སྐྱ་དང་བཀའ་བརྒྱུད་པའི་དགོན་པའི་གྲྭ་ཤག་རེ་རེ་བཞིན་རྗེ་ཙོང་ཁ་པའི་སྐུ་བརྙན་རེ་མེད་ན་མི་ཆོག་པའི་ཁྲིམས་ལུགས་བཟོས་པ་དང་། ས་སྐྱ་དང་བཀའ་བརྒྱུད་པའི་གྲྭ་པ་ཚོས་རྗེ་སྐུ་གཅིག་བར་གྱང་ལ་ཨི་ཁུང་བརྟོལ་བའི་ནང་ནས་ཕར་སྤྲོད་ཚུར་ལེན་གྱིས་ས་གནས་དཔོན་པོ་ཚོར་མགོ་སྐོར་བཏང་བའི་བཤད་རྒྱུན་ཡང་འདུག  དེ་ནི་ཕྱོགས་གཅིག་ནས་ལོ་བརྒྱ་ཉིས་བརྒྱའི་སྔོན་དུ་ཆོས་བརྒྱུད་རེ་ཟུང་སྟོབས་ཤུགས་ཆེན་པོ་ཆགས་ནས་བཙན་པོ་དབང་ཡོད་འདྲ་བོ་བཏང་། ཕྱིས་སུ་དེ་ཚོ་མ་དག་རྒྱུན་འབྱམས་སམ་ཡང་ན་སྲོལ་རྒྱུན་འདྲ་བོ་ཞིག་ཆགས་པ་རེད། དཔེ་བཞག་ན་མདོ་སྨད་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་འགའ་རེས་ས་སྐྱའི་སྲུང་མ་གུར་གྱི་མགོན་པོ་བསྟེན་བཞིན་ཡོད་པ་རེད། དེ་ནི་སྔོན་མར་ཆོས་རྒྱལ་འཕགས་པའི་སྐབས་སུ་ས་སྐྱ་པར་སྟོབས་ཤུགས་ཡོད་པའི་སྐབས་སུ་བླ་བསྐོས་མང་པོ་མདོ་ཁམས་སྨད་ཀྱི་ཕྱོགས་སུ་བཏང་ནས་ས་སྐྱ་པའི་དགོན་སྡེ་མང་པོ་འཛུག་སྐྲུན་བྱས་ཀྱང་། ཕྱིས་སུ་ས་སྐྱ་པའི་སྲིད་དབང་གི་སྟོབས་ཤུགས་ཉམས་པ་དང་བསྟུན་ནས་ཆོས་ལུགས་ཀྱི་སྟོབས་ཤུགས་ཀྱང་ཉམས་ཏེ་བླ་བསྐོས་བསྐོ་མ་ཐུབ་པའི་དབང་གིས་ས་དགོན་མང་པོ་ཞིག་དགེ་ལུགས་དང་བཀའ་བརྒྱུད་པ་སོགས་སུ་འགྱུར་ཡོད་ས་རེད།

དེ་ནས་ང་རང་གི་བསམ་ཚུལ་ལ་ཆོས་བརྒྱུད་རིས་མེད་བྱེད་མི་ཐུབ་པའི་འགན་ཁུར་གཙོ་ཆེ་ཤོས་དེ་བླ་ཆེན་ཚོར་ཐུག་འདུག་ལ། དགེ་བཤེས་དང་མཁན་པོ་སློབ་དཔོན་སོགས་ནང་ཆོས་ཀྱི་གཞུང་ལུགས་མཁས་པ་དེ་ཚོར་ཐུག་འདུག ཁྱད་པར་དུ་བསྟན་བཅོས་རྩོམ་ཐུབ་མཁན་དེ་ཚོས་རང་རང་གི་བརྩམས་ཆོས་ཀྱི་ནང་དུ་ཆོས་བརྒྱུད་གཞན་པའི་སྲོལ་འབྱེད་པའམ་རྒྱུན་འཛིན་མཁས་པ་ག་གེ་མོར་གྲུབ་མཐའི་ལྟ་གྲུབ་ཁས་ལེན་སྟངས་ཀྱི་ཆ་ནས་དགག་བཞག་ཤུགས་ཆེན་པོ་བྱས་ཏེ། དཔེར་ན་གོ་རམས་པས་རྗེ་ཙོང་པ་ཆད་ལྟ་བ་དང་རྗེའི་ཞལ་གཟིགས་འཇམ་དབྱངས་བདུད་ཀྱི་སྤྲུལ་པ་ལྟ་བུར་གསུངས་པ་རེད། དེ་བཞིན་དགེ་ལུགས་པའི་ཕྱོགས་ནས་ཐུའུ་བཀན་ཚང་གིས་ཁོང་གི་གྲུབ་མཐའི་བསྟན་བཅོས་ཀྱི་ནང་དུ་དགེ་ལུགས་པ་དེ་ལྟ་བ་ཡག་ཤོས་ཅན་དང་། ཇོ་ནང་བའི་ལྟ་བ་དེ་གསོར་མི་རུང་བའི་ལྟ་ངན་མཐར་ཐུག་ཅིག་ཏུ་བསྒྲུབས་ཡོད་པ་ལྟ་བུ་རེད། དེ་ལ་བརྟེན་ནས་ཕྱིས་ཀྱི་རྗེས་རབས་པ་མཁས་བླུན་མང་པོས་ཀྱང་རང་རང་གི་ཆོས་བརྒྱུད་དང་གྲུབ་མཐའ་དེ་ཡག་ཤོས་དང་། གཞན་པའི་ཆོས་བརྒྱུད་དང་གྲུབ་མཐའ་དེ་ངན་ཤོས་སམ་སྡུག་ཤོས་སུ་མཐོང་གི་ཡོད་པ་རེད་ལ། རང་རང་གི་བསམ་བློའི་རྒྱབ་རྟེན་དང་ལུང་འདྲེན་དུ་ཆོས་བརྒྱུད་གཞན་པར་ངན་སྨྲོས་བརྗོད་མཁན་གྱི་མཁས་པ་དེ་ཚོའི་གསུང་ཁྱེར་ཡོང་གིན་ཡོད་པ་རེད། སྔོན་གྱི་མཁས་པ་ཕྱོགས་ཞེན་ཅན་ནམ་ཡང་ན་རྣམ་དཔྱོད་ཚད་ལས་བརྒལ་བ་དེ་ཚོའི་གསུང་དེ་ཚོ་དུས་སྐབས་མང་པོ་ཞིག་ལ་ཆོས་བརྒྱུད་ཕན་ཚུན་བར་ལ་སྡང་ཞུགས་དང་འཐེན་འཁྱེར། ཐ་ན་ཆོས་ལུགས་པ་དམར་གསོད་གཏོང་རེས་ཀྱི་ལག་ཆར་ཡང་གྱུར་དང་འགྱུར་བཞིན་ཡོད་པ་རེད།

དེ་བཞིན་དེང་སྐབས་ཆོས་ལུགས་པ་མང་པོ་ཞིག་གིས་འདས་ཟིན་པའི་ལོ་རྒྱུས་རྙིང་པ་དྲི་ངན་ཁ་བ་མང་པོ་ཞིག་ཡང་དང་སྐྱར་དུ་བསྔོགས་ནས་མི་རབས་གསར་བའི་སེམས་ནང་ལ་ཡང་ནག་ནོག་བསྒོས་དང་བསྒོ་བཞིན་ཡོད་པ་རེད། དཔེར་ན་ལོ་བཅུ་གྲངས་སྔོན་སྔ་འགྱུར་གླེང་སྟེགས་ཞེས་པའི་དེབ་ཅིག་རྡ་རམ་ས་ལ་ནས་བཏོན་པའི་ནང་དུ་ངའི་ཕ་ཡུལ་ཕྱོགས་ཀྱི་རྙིང་མའི་རྩོམ་པ་པོ་ཞིག་གིས། དགེ་ལུགས་པས་སོག་དམག་དྲངས་ནས་སྨིན་གླིང་གཏེར་ཆེན་ཡབ་སྲས་སྐུ་བགྲོངས་པའི་ལས་ངན་བརྩམས་ཡོད་པས། རྙིང་མ་པས་དེ་ནམ་ཡང་བརྗེད་མི་སྲིད་ཅེས་བྲིས་ཡོད་པ་ལྟ་བུ་རེད། སྨིན་གླིང་གཏེར་ཆེན་ཡབ་སྲས་བགྲོངས་པ་དེ་ལས་ངན་ཚབས་ཆེན་དམྱལ་བ་མནར་མེད་དུ་འགྲོ་དགོས་པའི་ལས་ངན་ཞིག་རེད་དེ། རྙིང་མ་པ་ཚོས་ལོ་བརྒྱ་ཕྲག་མང་པོའི་རྗེས་སུ་ཡང་དེ་ཞེ་འཁོན་དུ་ཉར་ནས་དགེ་ལུགས་པར་དགྲ་རུ་བཟུང་ན། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་བལྟ་དགོས་པའི་གསང་ཆེན་རྙིང་མ་པ་ཚོར་ཕན་ཐོགས་ཅི་ཞིག་ཡོད་པ་རེད། མི་དེའི་སྐད་ཆ་བཤད་སྟངས་དེ་དག་ནི་ངོ་མ་མིག་རྒྱང་ཐུང་དྲགས་པ་དང་བསམ་བློ་གུ་དོགས་དྲགས་པ་འབའ་ཞིག་རེད། མ་རེད་དམ། ལྷ་ས་བ་ཚོའི་གཏམ་དཔེར། མི་རོ་སྐམ་པོ་ཆུ་ལ་སྦངས་ནས། ལོ་རྒན་དྲུག་ཅུར་རྩིས་རྒྱག་བྱེད་ཀི་ཟེར་བ་ཞིག་ཡོད་པ་དེ་རང་རེད། དེའི་རྐྱེན་གྱིས་མཐོ་ས་ན་བཞུགས་པའི་བླ་མ་དང་། མཁས་པའི་གོ་སར་འགྱིངས་པའི་མཁས་པ་བསྟན་བཅོས་རྩོམ་མཁན་ཚོས་གཟབ་གཟབ་མ་བྱས་ན། ཚིག་གཅིག་དང་ཚིག་ཕྲེང་གཅིག་གིས་ཆོས་བརྒྱུད་ཆེན་པོ་གཉིས་ཀྱི་བར་དུ་ལོ་བརྒྱ་ཕྲག་མང་པོའི་རིང་སངས་མི་ཐུབ་པའི་འཁོན་འཛིན་གྱི་ས་རྡུལ་འཐིབ་ཏུ་འཇུག་གི་རེད། དཔེར་ན་སྔོན་མར་དགེ་འདུན་ཆོས་འཕེལ་དང་པཎཌིཏ་ར་ཧུལ་གཉིས་ཀྱིས་རྒྱ་དཔེ་འཚོལ་ཆེད་ས་སྐྱ་དགོན་པར་བསླེབས་དུས། ས་སྐྱའི་གྲྭ་པ་མང་པོས་རྗེ་ཙོང་ཁ་པའི་གསུང་འབུམ་དེབ་གཅིག་ཀྱང་བཀླགས་ཡོད་མེད་མི་ཤེས་ཏེ། གོ་རམས་པ་དེ་ཚད་མར་རྩི་བའི་ངར་ཤུགས་ཀྱིས་ཁོང་གི་བཤད་སྟངས་ཁྱེར་ཡོང་ནས་རྗེ་ཙོང་ཁ་པ་ཆད་ལྟ་བ་ཡིན་ལུགས་མང་པོ་བགྲངས། དགེ་ཆོས་ཀྱིས་གསལ་བཤད་རབ་དང་རིམ་པར་བྱས་ཀྱང་ཉན་མཁན་མ་བྱུང་བས། མཐའ་མར་འུ་ཐུག་ནས་འོ་ན་རྒྱལ་བ་རིན་པོ་ཆེ་ཆོས་ཅན། ཆད་ལྟ་བ་ཡིན་པར་ཐལ། རྗེ་ཙོང་ཁ་པའི་རྗེས་འཇུག་ཡིན་པའི་ཕྱིར། ཞེས་སྨྲས་པར་ས་སྐྱའི་གྲྭ་པ་ཚོས་འདོད་ལན་འདེབ་མ་ནུས་པར་ལུས་པ་ལྟ་བུ་རེད། ཐ་ན་དགེ་འདུན་ཆོས་འཕེལ་འཕྲད་སའི་ས་སྐྱའི་གྲྭ་པ་མང་པོས་གོ་རམས་པའི་གསུང་རབ་དེ་ཚོ་ཡང་མགོ་མཇུག་ཚང་བ་ཞིག་བཀླགས་ཡོད་མེད་ཐེ་ཚོམ་རེད་དེ། སྔོན་གྱི་གོ་རམས་པའི་གསུང་རྒྱུན་དེ་ཙམ་ཞིག་ཚད་མའམ་རྒྱབ་རྟེན་དུ་ཁྱེར་ནས་རྗེ་ཙོང་ཁ་པ་ལྟ་བུའི་སྐྱེས་བུ་དམ་པར་ཡང་སྐུར་འདེབ་བམ་གཤེ་གཤེ་གཏོང་རྒྱུར་ཡ་ང་བག་ཚ་ཅི་ཡང་མེད་པ་ལྟ་བུ་རེད།

མཐའ་སྡོམ་རིས་མེད་ཆོས་བརྒྱུད་ཡོངས་ལ་དད་པ་དག་སྣང་སྦྱངས་ན་ཁེ་བཟང་མ་གཏོགས་གྱོང་ཞིག་ནམ་ཡང་མེད་པ་འདྲ་བོ་དང་། ཕྱི་རྒྱལ་ཨ་རི་འདྲ་བོ་ཡིན་ན་མི་མང་པོས་ནང་པ་དང་ཧིན་དུའི་སྒོམ་སྒྲུབ་མང་པོ་ཕར་བསྲེས་ཚུར་བསྲེས་བྱས་ནས་སེམས་ནང་བདེ་སྐྱིད་ཅིག་སྐྲུན་ཐབས་བྱེད་པའི་ལུགས་སྲོལ་ཡ་མ་ཟུང་ཡོད་པ་དང་། བོད་པ་མང་པོས་བོད་མི་ཞིག་མཐོང་དུས་དང་པོར་མི་དེའི་ཆོལ་ཁ་དང་ཆོས་ལུགས་གང་ཡིན་ལ་བསམ་བློ་གཏོང་བ་མ་གཏོགས་ཆེ་ས་ནས་བོད་མི་ཞིག་དང་ཆུང་ས་ནས་ནང་པ་གཅིག་པ་ཞིག་ཡིན་པའི་བསམ་བློ་འཁོར་མི་ཐུབ་པའི་ན་ཚ་ཚབས་ཆེན་ཞིག་གང་སར་ཁྱབ་ཡོད་པ་དང་། ཁྱེད་ཀྱིས་རང་གི་གདོང་ལ་མཛུབ་མོ་བཙུགས་ནས་ཁྱེད་ལ་ན་ཚ་དེ་འདུག་དང་མི་འདུག་བསམ་བློ་གཏོང་རོགས་ཞུ་ཞེས་སྐུལ་མ་བྱེད་རྒྱུ་ཡིན། ད་བདེ་མོ། ང་ས་ཆ་གཞན་པར་ཆོལ་ཁ་དང་ཆོས་བརྒྱུད་ཀྱིས་བཟོས་པའི་ཞེན་ཁོག་གི་ཚ་ན་ཚབས་དེ་ཙམ་མི་ཆེ་བ་དེ་དག་བཅོས་སུ་འགྲོ་དགོས་སོང་།

—གོང་གསལ་གྱི་སྐད་ཆ་འདི་དག་ནི་ལོ་གཅིག་མ་ཟིན་སྔོན་ཙམ་ལ་རིས་མེད་ཆོས་བརྒྱུད་སྐད་འཕྲིན་ཚོགས་པའི་ནང་དུ་གཏམ་བཤད་སྤེལ་བ་ཞིག་ལ་འཕྲི་སྣོན་གང་འཚམ་བྱས་ཏེ་ཡི་གེར་ཕབ་པ་ཞིག་ཡིན་པས། ཚིག་གི་སྡེབ་སྦྱོར་མི་ལེགས་པ་དང་དོན་གྱི་གནད་འགག་བོར་བ་དེ་འདྲ་ཡོད་ངེས་པས། ཀློག་པ་པོ་ཚང་མར་བཟོད་གསོལ་ཞུ་རྒྱུ་ཡིན།

༼ བོན་སྒྲའི་མཆན།༽ རྩོམ་པ་པོ་ངོ་སྤྲོད། སྤྲུལ་སྐུ་ངག་དབང་བསྟན་འཛིན་ཡེ་ཤེས་རྒྱ་མཚོའམ་ཆོས་དབྱིངས་རིག་པའི་རྡོ་རྗེ། ཡོངས་གྲགས་སུ་ཀླུ་སྨྱོན་ཧེ་རུ་ཀ་ཞེས་གྲགས་པ་ཁོང་ནི་བོད་མདོ་སྨད་མཚོ་སྔོན་མང་རར་སྐྱེས། སློབ་ཆུང་མཐར་ཕྱིན་པའི་རྗེས་སྟེ་སྤྱི་ལོ་ ༡༩༨༤ ལོར་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ཆོས་སྒོར་ཞུགས་ཏེ་བདེ་གསང་འཇིགས་གསུམ་གྱིས་མཚོན་པའི་ཆོས་སྤྱོད་བློ་འཛིན་དང་། ཐུན་མོང་རིག་གནས་སུམ་རྟགས་སྙན་ངག བསྡུས་གྲྭ་དང་ཕར་ཕྱིན་ལམ་རིམ་སོགས་སློབ་གཉེར་གང་ཐད་ནས་རང་དགོན་དེའི་གྲྭ་རིགས་རྩེར་སོན་པའི་གྲས་སུ་བསླེབས། བོད་ཁུལ་གྱི་དགོན་པའི་དུས་དེབ་ཐོག་མ་ལྗང་མྱུག་རྩོམ་སྒྲིག་པའི་འགན་ཁུར། བོད་ཁུལ་གྱི་སྦྲང་ཆར་དང་མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་སུ་རྩོམ་ཡིག་སྣ་མང་སྤེལ་ཏེ་བྱ་དགའ་ཡང་ཐེངས་གསུམ་ལ་ཐོབ། སྤྱི་ལོ་ ༡༩༩༤ ལོ་ནས་སློབ་གཉེར་དང་གནས་མཇལ་གྱི་ཆེད་དུ་བལ་ཡུལ་དང་རྒྱ་གར་དུ་བསྐྱོད། དེ་རུ་ཡང་སྙན་ངག་དང་སྒྲུང་རྩོམ་སྣ་ཚོགས་བྲིས་སྤེལ་བྱས་པས་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་ཞེས་སྙན་གྲགས་རྒྱས། སྤྱི་ལོ་ ༢༠༠༡ ལོར་ཨ་མེ་རི་ཁར་བསྐྱོད་ནས་ད་ལྟ་བར་ཨ་རི་དང་ཁེ་ན་སྒྲ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་དད་ལྡན་ཚོར་བོད་ཀྱི་ནང་ཆོས་འཆད་སྤེལ་དང་རྩོམ་འབྲིའི་ལས་ཀར་འཇུག་བཞིན་བཞུགས། སྤྱི་ལོ་ ༢༠༡༥ ལོ་ནས་སྣུམ་ཚོན་དང་རྡོ་ཚོན་རི་མོ་སྣ་ཚོགས་བྲིས་པར་ཡང་མང་ཚོགས་ཀྱིས་གདེང་འཇོག་མི་དམན་པ་ཐོབ། སྔ་ཕྱིར་བོད་ཡིག་དང་དབྱིན་ཡིག་གི་རྩོམ་དེབ་བཅུ་བཞི་ལྷག་བྲིས་ཤིང་དཔར་སྐྲུན་བྱས། བོད་ཀྱི་ས་དགེ་བཀའ་རྙིང་གི་བླ་མ་བཞི་བཅུ་ཞེ་ལྔ་ཙམ་ལས་མདོ་སྔགས་ཀྱི་ཟབ་ཆོས་ཞུས། ཨ་མེ་རི་ཀར་རྫོགས་ཆེན་རྫོང་དང་། བྱམས་བརྩེ་གླིང་། ཧེ་རུ་ཀ་སོགས་ཆོས་ཚོགས་གསར་འཛུག་གནང་། །

/

རྩོམ་གྱི་ཡོང་ཁུང་། རིས་མེད་དྲ་བ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *