ཡིག་རྙིང་ཁག་ཅིག་གི་ནང་དོན་ལ་བརྟེན་ནས་གཤེན་རབ་མི་བོ་ཆེའི་ལོ་རྒྱུས་ལ་འཕོ་འགྱུར་བྱུང་ཡོད་ཚུལ་སྐོར་ཟུར་ཙམ་གླེང་བ།
རྩོམ་ཡིག་འདི་ཐེངས། 1545 བཀླགས་འདུག
། བོད་དང་བོན་གྱི་ཆོས་ལུགས་ལོ་རྒྱུས་གཙང་མ་དང་ལྷད་མེད་ཅིག་བཤད་པ་ལ་སྟོན་པ་གཤེན་རབ་མི་བོ་ཆེ་ནི་མེད་དུ་མི་རུང་བའི་མི་སྣ་ཞིག་ཡིན་ཞིང་། མི་སྣ་དེ་ཡིས་བོད་དང་བོན་གྱི་ཆོས་ལུགས་ལོ་རྒྱུས་སྟེང་གཞལ་ཐབས་མེད་པའི་འགངས་ཆེའི་གནས་བབས་བཟུང་ཡོད་པར་བརྟེན།་གཤེན་རབ་མི་བོ་ཆེའི་བྱུང་རིམ་དང་། དེ་འབྲེལ་གྱི་ཤེས་རིག་ལོ་རྒྱུས་ལ་ཕྱོགས་རིས་བྲལ་བའི་སྒོ་ནས་ཤེས་རྟོགས་དང་ཉམས་ཞིབ་གང་ནུས་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་ལས་འགན་ཞིག་རེད་སྙམ། གལ་སྲིད་ནང་དོན་འདི་དང་འབྲེལ་བའི་ཕྱོགས་སུ་ཤེས་རྟོགས་དང་རྒྱུས་མངའ་ཅུང་ཟད་ཙམ་ཡང་བགྱིད་མ་ཐུབ་པ་ཡིན་ན། བོད་དང་བོན་གྱི་ཤེས་རིག་གི་ནང་དོན་གཙང་མ་དང་ཡང་དག་ཅིག་རྟོགས་ཐབས་མེད་པ་ནི་སྨོས་མ་དགོས་པ་ཞིག་རེད།
/
བོན་གྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་བོན་དང་འབྲེལ་བའི་ཆོས་ལུཊ་དང་། རིག་གནས་སྒྱུ་རྩལ།ལྷ་གསོལ་བསང་མཆོད། མོ་འདེབས་པྲ་རྩིས། གཏོ་དཔྱད་ས་བཅོས། ཤིད་ལས་གཤིན་འདུར། ཕྱྭ་བླན་བླ་འགུགས་ལ་སོགས་བོན་ལུགས་སུ་བཤད་སྲོལ་བྱུང་བའི་སྲིད་པ་རྒྱུ་ཡི་བོན་“སྲིད་པ་རྒྱུད་ཀྱི་བོན་དུ་ཡང་འབྲི་སྲོལ་ཡོད།”དུ་གཏོགས་སོ་ཅོག་དང་། སྤངས་པ་མདོ་དང་སྒྱུར་ལམ་སྔགས། གྲོལ་ལམ་རྫོཊ་ཆེན་བྱ་བ་ལ་སོགས་པའི་འབྲས་བུའི་བོན་དུ་འདུས་སོ་ཅོག་དག་ཀྱང་གཤེན་རབ་མི་བོ་ཆེ་དང་འབྲེལ་བའི་རིག་གཞུང་ཞིག་ཡིན་ཚུལ་བཤད་ཀྱི་ཡོད་ལ། གཞི་རྩའི་ཆ་ནས་དེ་ལྟར་བཤད་ཀྱང་འགལ་བ་ཆེར་མེད་པ་ལྟ་བུ་ཞིག་རེད། གང་ལཊ་ཟེར་ན།ད་ཡོད་བོན་གྱི་དཔེ་གཞུང་གསར་རྙིང་ཐམས་ཅད་དུ་སྟོན་པ་གཤེན་རབ་མི་བོ་ཆེའི་སྐོར་མི་འབྱུང་ཞིང་། དེ་དང་འབྲེལ་བ་མེད་པའི་ནང་དོན་ནི་ཕལ་ཆེར་མེད་ཅེས་གླེང་ཆོག་པ་ཞིག་རེད། ཡིན་ན་ཡང་བོད་སིལ་བུར་འཐོར་རྗེས་ཀྱི་དུས་རབས་ཁག་ནང་བྲིས་པའི་བོན་གཞུང་རྣམས་སུ་སྟོན་པ་གཤེན་རབ་མི་བོ་ཆེའི་མི་སྣའི་གཟུགས་བརྙན་དང་མཛད་འཕྲིན་བསྐྱང་ཚུལ་ལ་སོགས་པའི་ཐད་ལ་ཤཀྱཱ་ཐུབ་པའི་མི་ཚེའི་བྱུང་རིམ་དང་འདྲ་མཚུངས་ཤིག་འབྲི་སྲོལ་བྱུང་བའི་གནས་ཚུལ་ཐོན་ཡོད། བོད་བཙན་པོའི་དུས་རིམ་སྐབས་བྲིས་པའི་བོན་ཆོག་ཡིན་རིགས་རྣམས་སུ་སྟོན་པ་གཤེན་མི་བོ་ཆེའི་སྐོར་འཁོད་ཡོད་པ་དག་ནི་ཕྱིས་ཀྱི་བོན་ལུགས་སུ་བཤད་སྲོལ་ཡོད་པའི་གཤེན་རབ་མི་བོ་ཆེ་དང་མི་འདྲ་བ་ཙམ་དུ་ཆགས་ཡོད་ཕྱིར།ང་ཚོས་གནད་དོན་འདིའི་ཐད་ལ་མནོ་བསམ་ཞིབ་མོ་ཞིག་གཏོང་དགོས་པ་མ་ཟད། ཡིག་ཚང་མི་འདྲ་བ་ཁག་གི་ནང་དོན་ལ་གོ་བསྡུར་བྱས་ཏེ་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བ་དང་། གནས་བབས་མི་འདྲ་བའི་སྤྱི་ཚོགས་བརྒྱུད་ནས་སྟོན་པ་གཤེན་རབ་མི་བོ་ཆེའི་ལོ་རྒྱུས་ལའང་འགྱུར་ལྡོག་བྱུང་ཡོད་མེད་དེ་དཔྱད་ཞིབ་བྱ་དགོས་པ་ཞིག་རེད། དེར་བརྟེན་བདག་གིས་འདིར་གནད་དོན་དེ་དང་འབྲེལ་བའི་སྐོར་རག་ཙམ་གླེང་ངེས་ལགས་ན། ཤེས་ལྡན་བོན་གྱི་མཁས་དབང་རྣམས་དང་། གྲུབ་མཐའ་འདིར་ཞེན་ཀྱང་དད་ཅན་དག་གིས་ཅི་ནས་ཀྱང་ཁོ་བོའི་བསམ་ཚུལ་འདི་ལ་གུ་ཡངས་ཤིག་གནང་རོགས་ཞུ་བའི་ཕྱག་རྒྱ་སྔོན་དུ་བཏང་བ་ཡིན་ནོ།།
/
བོན་གྱི་དཔེ་ཆོག་ཁག་ཏུ་བཤད་སྲོལ་བྱུང་བའི་གཤེན་རབ་མི་བོ་ཆེའི་བྱུང་རིམ་དང་ལོ་རྒྱུས། རྣམ་ཐར་སོགས་ལ་ཤཱཀྱ་ཐུབ་པའི་མི་ཚེའི་བྱུང་རིམ་དང་གཅིག་མཚུངས་ལྟ་བུའི་བཤད་སྲོལ་ཞིག་བྱུང་ཡོད་པ་དེ་དག་ནི་ཕྱིས་ཀྱི་བོན་ལུགས་འཛིན་མཁན་ཚོས་བན་ལུགས་ལ་བསྟུན་ཐབས་བྱས་ཏེ་བྲིས་པ་ཞིག་ལས། བོན་ལུགས་གཤའ་མའི་བཤད་སྲོལ་ཞིག་མ་ཡིན་ནོ་སྙམ། ཅི་ལགས་ཤེ་ན། བོད་བཙན་པོའི་དུས་སྐབས་ཀྱི་དཔེ་ཆོས་མི་འདྲ་བ་རྣམས་སུ་བཀོད་པའི་སྟོན་པ་གཤེན་རབ་མི་བོ་ཆེ་དང་། དུས་རབས་བཅུ་བ་དང་ཡང་ན་དེ་རྗེས་ཀྱི་བོན་གཞུང་རྣམས་སུ་བཀོད་པའི་གཤེན་རབ་མི་བོ་ཆེའི་ལོ་རྒྱུས་དང་མི་སྣའི་གཟུགས་བརྙན། གཏམ་རྒྱུད་བཅས་ཀྱི་ནང་དོན་ལ་མི་འདྲ་བའི་གནས་ཚུལ་བྱུང་ཡོད་པར་བརྟེན། ང་ཚོས་སྟོན་པ་གཤེན་རབ་མི་བོ་ཆེའི་ལོ་རྒྱུས་ལ་བཤད་ཚུལ་མི་འདྲ་བ་གཉིས་ཙམ་བྱུང་ཡོད་པ་དེ་ཤེས་རྟོགས་བྱ་ཐུབ་པ་ཡིན། དེ་ཡང་འདིར་གསལ་འགྲེལ་བྱ་དགོས་པ་ཞིག་ལ། འདིར་བཤད་པའི་སྔོན་གྱི་ཡིག་རྙིང་བྱ་བ་དག་ནི། བོད་བཙན་པོའི་དུས་སྐབས་རིང་བྲིས་པའི་ཡིག་རྙིང་དག་ལ་ངོས་འཛིན་བྱ་དགོས་པ་ཡིན་ཞིང་། ཡིག་རྙིང་དེ་དག་ལ་ཡང་། དཔེ་ཚན་དང་ནང་དོན་མི་འདྲ་བ་མང་ཙམ་ཡོད་པ་མཐོང་རྒྱུ་ཡོད། ཡིན་ན་ཡང་གཞི་རྩའི་ཆ་ནས་དཔེ་ཚན་མི་འདྲ་བ་དེ་དག་ལ་ནང་དོན་མི་འདྲ་བ་བཞི་ཙམ་དུ་དབྱེ་ཆོག་པ་ལྟ་བུ་ཞིག་རེད།
།
དཔེར་ན། དཔེ་རྙིང་དེ་དག་གི་ནང་གནའ་བོའི་བོན་གྱི་ཆོས་ལུགས་དང་འབྲེལ་བའི་དཔེ་ཆོས་མི་འདྲ་བ་ཁག་ཅིག་དང་། སྤུ་རྒྱལ་བཙན་པོའི་སྐབས་སུ་དར་བའི་སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་དཔེ་གཞུང་མི་འདྲ་བ་ཁག་ཅིག དེ་བཞིན་སྤུ་རྒྱལ་བཙན་པོའི་བྱུང་རབས་དང་སྲིད་འཛིན་སྒྲིག་གཞིའི་སྐོར་གྱི་དཔེ་གཞུང་ཁག་གཅིག་བཅས་ནང་དོན་མི་འདྲ་བ་བཞི་ཙམ་དུ་དབྱེ་ཆོག་པ་ཡིན། དཔེ་གཞུང་མི་འདྲ་བ་དེ་དག་ལས། བོན་གྱི་དཔེ་ཆོག་ཏུ་གཏོགས་རིགས་རྣམས་སུ་གནའ་བོའི་བོན་དང་འབྲེལ་བའི་མཆོད་འབུལ་དང་། ལྷ་གསོལ་གཉན་བཅོས། མོ་འདེབས་དང་པྲ་དཔྱད། བྱོལ་ཆོག་དང་གཤིན་ཆོས་ལ་སོགས་པའི་ནང་དོན་མང་དག་ཅིག་བསྟན་གྱི་ཡོད་པ་དང་། བོན་གཤེན་ལ་ཡང་ཕོ་གཤེན་དང་མོ་གཤེན། ས་བོན་དང་གནམ་བོན་བྱ་བ། ཐར་བོན་དང་བདུད་བོན་ཟེར་བ་ལ་སོགས་པའི་གཤེན་གྱི་རིགས་མི་འདྲ་བ་མང་པོ་ཡོད་ཚུལ་འབྱུང་ཞིང་། རིགས་མི་འདྲ་བའི་བོན་གཤེན་དེ་དག་ལ་བརྟེན་ནས་ཆོ་གའི་རིགས་ཀྱང་མི་འདྲ་བ་མང་པོ་ཞིག་སྤྱད་སྲོལ་བྱུང་ཡོད་པར་མཐོང་ཐུབ་པ་ཡིན། གཞན་ཡང་རིགས་མི་འདྲ་བའི་བོན་གཤེན་དེ་དག་གི་གྲས་སུ་ཡོད་པའི་སྟོན་པ་གཤེན་རབ་མི་བོ་ཆེ་ནི་ཕྱིས་ཀྱི་བོན་ལུགས་འཛིན་མཁན་ཚོར་གྲགས་པའི་སྟོན་པ་གཤེན་རབ་མི་བོ་ཆེ་དང་མི་འདྲ་བ་ཙམ་དུ་ཡོད་པ་ལ། ཡིག་རྙིང་དེ་དག་གི་ནང་འཁོད་པའི་སྟོན་པ་གཤེན་རབ་མི་བོ་ཆེ་ནི་སྔགས་ཀྱི་ཆོ་ག་བྱེད་མཁན་ཞིག་གམ། ཡང་ན་གཏོ་བཅོས་མོ་འདེབས་བྱེད་མཁན་གྱི་གཏོ་དཔྱད་པ་ལྟ་བུའི་གཟུགས་བརྙན་དུ་འཁོད་ཡོད་པ་ལྟ་བུ་ཡིན། དེ་དང་འབྲེལ་བའི་དཔེ་མཚོན་ཞིག་ནི་གཏམ་ཤུལ་འབུམ་པ་དགའ་ཐང་ནས་རྙེད་པའི་བོན་གྱི་དཔེ་རྙིང་ནང་”རྗེ་ཡབ་བླ་བདལ་དྲུག་ལ་ཁྱིམ་གྱི་རྒྱ་ཞིག་འཁོར།། བདུད་ཀྱི་རྐྱ་ཞིག་འཁོར།། ལྟག་ཕྱི་ན་རྨག་ཅིག་བབས།། ལྟས་ངན་གྱི་རྨག་ཅིག་བབས་པར།། གནམ་གྱི་བོན་མོ་སྡིང་ང་སྡིང་ལོམ་དང་།། སའི་བོན་མོ་འབྱོ་ར་འབྱོར་འཇོང་གཉིས་ཀས།། ཤེལ་གྱི་མོ་རྡེའུ་བཞི་བཅུ་རྩ་གཉིས་ལ་གཏོ་དང་མོ་བགྱིས་པས།། བདུད་དང་ལྟས་ངན་བབས།། དེ་ལ་གཤེན་བཞི་སྤྱན་དྲངས་ནས།།གླུད་བཞི་གཏོང་དགོས་པ་ལ།། བདུད་བོན་དྲང་ནག་ཆུ་ལྕགས་དང་།། ཐར་བོན་དྲུ་སྐྱོལ་དང་།། གླུད་བོན་ངག་སྙན་དང་།། གཤེན་རབ་མི་བོ་བཞིས་གཏོ་དང་དཔྱད་བགྱིས་ཞེས་”གཤེན་པོ་བཞི་བཤད་ཡོད་པའི་གྲས་སུ་གཤེན་རབ་མི་བོ་ཆེའི་མཚན་གསལ་བོར་འབྱུང་བ་དང་། དེ་དག་གིས་བྱས་པའི་ཆོ་ག་དེ་གཏོ་བཅོས་མོ་དཔྱད་སོགས་ཡིན་པའི་ཚུལ་ལ་དཔག་ཚེ་གཤེན་རབ་མི་བོ་ཆེ་ཡང་གཏོ་དཔྱད་མོ་འདེབས་དང་གླུད་གཏོང་མདོས་རྫོང་གི་ཐབས་ལ་བརྟེན་མཁན་ཞིག་ཡིན་པར་རྟོགས་ཐུབ་ཅིང་། ཡིག་རྙིང་འདིར་འཁོད་པའི་“ཐར་བོན་དྲུ་སྐྱོལ”་དང་“གླུད་བོན་ངག་སྙན”་ཟེར་བ་སོགས་པའི་གཤེན་པོ་དག་ཀྱང་ཕྱིས་ཀྱི་བོན་གཞུང་རྣམས་སུ་རང་སོར་མཐོང་རྒྱུ་ཡོད་པའི་མི་སྣ་ཞིག་ཡིན་ལ། གནས་ཚུལ་དེ་འདྲའི་འོག་ནས་ང་ཚོས་སྲིད་པ་རྒྱུ་ཡི་བོན་“སྲིད་པ་རྒྱུད་ཀྱི་བོན་དུ་ཡང་འབྲི་སྲོལ་ཡོད། ”གྱི་རྣམ་པ་དེ་ཉིད་རིམ་གྱིས་གཡུང་དྲུང་བོན་གྱི་ངོ་བོར་འཕོ་འགྱུར་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན་པར་རྟོགས་ཐུབ་པ་ཡིན། ཡང་དཔེ་ཆོག་དེ་རང་དུའང་”སྨྲ་འཐེན་པའི་མཆིད་ནས།། ཕ་གཤེན་རབ་མི་བོ་ལ།། གཏོ་དང་དཔྱད་བགྱིས་སམ།། མོ་དང་མཚུངས་བགྱིས་སམ།། གཤེན་རབ་ཞལ་ན་རེ།། མི་ཁོ་བོ་ལ།། གཏོ་དང་དཔྱད་མཆིས་སོ།། མོ་དང་མཚུངས་བགྱིས་ན་མཆིས་ཏེ་”ཞེས་སྨྲ་འཐེན་པ་བྱ་བས་གཤེན་རབ་མི་བོ་ཆེར་གཏོ་དང་དཔྱད་བྱ་དགོས་མིན་ཞུས་པར། གཤེན་རབ་མི་བོ་ཆེས་སྨྲ་འཐེན་པར་གཏོ་དང་དཔྱད་བྱས་ན་བྱ་དགོས་པ་མ་ཟད་མོ་དང་མཚུངས་ཀྱང་བྱ་དགོས་ཚུལ་བརྗོད་ཡོད་པ་སོགས་གཤེན་རབ་མི་བོ་ཆེ་དང་འབྲེལ་ངེས་ཀྱི་གཏམ་རྒྱུད་གང་མང་ཞིག་འཁོད་འདུག་པ་ཡིན།
།
དེ་བཞིན་དུ་ཉི་ཧོང་ནས་པར་སྐྲུན་བྱས་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ནང་དུའང་”ཕ་ཡབ་རྩང་ཧོ་དེའི་ཧོས་བདག་དང་དྲལ་སྨྲ་ཟིང་སྐྱེས་ཀྱིས། ཕ་གཤེན་རབ་མི་བོའི་སྙན་དུ་གསོལ་ཏེ།། མྱི་ངན་བུའི་བུ་མོ་ལྕམ་ལྷོ་རྒྱལ་གྱི་བྱང་མོ་ཚུན་ནི།། རྩི་དག་ནགས་གིས་འགེགས་ཏེ་གུམ་ན།། ད་རྩི་དག་གནག་ཆིག་དགྲོལ་འཚལ་ཞེས་བགྱིས་ན།། ཕ་གཤེན་རབ་མི་བོའི་ཞལ་ནས།། རྩི་དག་ནག་པོ་དགྲོལ་མྱི་འཚལ།། བྱ་གཤེན་འཇོན་( འཇོལ་ )མོས་དགྲོལ་འཚལ་”ཞེས་མི་ངན་བུའི་བུ་མོ་ལྕམ་ལྷོ་རྒྱལ་གྱི་བྱང་མོ་ཚུན་བྱ་བ་རྩི་ཐག་གིས་སྐེ་དགག་ནས་དཔྱང་ལ་བཏགས་འདུག་པ་དེ། སྨྲ་ཟིང་སྐྱེས་ཟེར་བས་གཤེན་རབ་མི་བོ་ཆེར་དགྲོལ་རོགས་ཞུས་པར། གཤེན་རབ་མི་བོ་ཆེས་བྱ་གཤེན་འཇོལ་མོ་ནས་རྩི་ཐག་དགྲོལ་དགོས་ཚུལ་གསུངས་པའི་ནང་དོན་འདི་ཉིད་དུ་ཡང་ཕ་གཤེན་རབ་མི་བོ་ཆེའི་སྐོར་འབྱུང་བ་དང་། ཡུལ་ལུང་མི་འདྲ་བ་རྣམས་སུ་བདུད་དང་ལྟས་ངན་བབས་པ་དང་། གཉན་སློག་དང་ཤི་འགབ་བྱུང་བ་སོགས་ལ་གཤེན་རབ་མི་བོ་ཆེ་གདན་དྲངས་ནས་གཏོ་དཔྱད་མོ་འདེབས་བྱས་ཏེ་བཅོས་པར་བཤད་ཡོད། སྤྱིར་ན་ཉི་ཧོང་ནས་དཔེ་སྐྲུན་བྱས་པའི་བོད་བཙན་པོའི་སྐབས་ཀྱི་དཔེ་ཆོས་དེར་ཤོག་གྲངས་སྟོང་ཕྲག་གཉིས་ལྷག་ཡོད་ཅིང་། ནང་དོན་གྱི་ཆ་ནས་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ཡིན་པའི་དཔེ་ཤོག་སུམ་ཅུ་ཙམ་ལས། དེ་བྱིངས་རྣམས་ནི་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་མེད་པའི་ནང་དོན་འབའ་ཞིག་སྟེ། བོད་ཀྱི་བོན་པོའི་ཆོས་ལུགས་བྱེད་ཐབས་ལས་གཏོ་དཔྱད་མོ་འདེབས་དང་བདུད་བཅོས་དྲི་འདུལ་བྱས་པའི་ནང་དོན་གྱི་དཔེ་ཆོག་འབའ་ཞིག་ཡིན། དཔེ་ཆོས་འདི་རང་དུ་ཡང་གཤེན་རབ་མི་བོ་དང་འདུར་གཤེན་རྨ་ད། གླུད་བོན་གྱེར་མཁས”་ལ་སོགས་གཤེན་པོ་རྣམས་ཀྱིས་གཏོ་དཔྱད་དང་གླུད་གཏོང་མོ་འདེབས་བྱས་ཚུལ་སྐོར་འཁོད་འདུག་པ་དེ་ནི་བཙན་པོའི་སྐུ་དུས་སུ་བྲིས་པའི་བོན་དང་འབྲེལ་བའི་ཡིག་ཆ་སྤྱིའི་ཁྱད་ཆོས་དང་གཅིག་མཚུངས་སུ་ཡོད་པར་སྣང་། ཡིན་ནའང་དེ་དག་ཏུ་འཁོད་པའི་ནང་དོན་ལ་དཔག་ཚེ་གཤེན་རབ་མི་བོ་ཆེ་ནི་གཏོ་དཔྱད་གནང་མཁན་གྱི་གཤེན་པོ་གཞན་དག་ལས་རིམ་པ་མཐོ་ཞིང་དམིགས་བསལ་གྱི་མི་སྣ་ཞིག་ཡིན་ཚུལ་མངོན་ཐུབ་མེད། དེར་བརྟེན་ཕྱིས་ཀྱི་བོན་ལུགས་སུ་སྟོན་པ་གཤེན་རབ་མི་བོ་ཆེ་གྲགས་ཆེ་ཞིང་དེ་ཉིད་གཙིགས་སུ་འཛིན་པའི་ཚུལ་ལ་མནོ་བསམ་ཞིག་མི་བྱེད་ག་མེད་ལྟ་བུར་གྱུར་ཡོད། འོན་ཀྱང་གཤེན་རབ་མི་བོ་ཆེའི་མཚན་ལ་“ཕ”་བྱ་བའི་དམིགས་བསལ་གྱི་ཐ་སྙད་ཅིག་འདོགས་སྲོལ་བྱུང་འདུག་པ་དེ་ནི་གཤེན་རབ་མི་བོ་ཆེ་ལས་གཤེན་པོ་གཞན་དག་ལ་འབོད་སྲོལ་བྱུང་མེད་པ་ལྟ་བུར་སྣང་བས། གནད་དོན་དེའི་ཐོག་ནས་ང་ཚོས་གཤེན་རབ་མི་བོ་ཆེ་དེ་གཤེན་པོ་གཞན་དག་ལས་དམིགས་བསལ་དང་ནུས་མཐུ་ཆེ་བའི་གཤེན་པོ་ཞིག་ཏུ་ངོས་འཛིན་བྱ་ཆོག་པ་རེད་སྙམ།གནད་དོན་དེའི་སྐོར་གུད་དུ་གླེང་རྩིས་ལགས་ན་དེ་རུ་གཟིགས་པར་ཞུ། གཞན་བོན་གྱི་བསྟན་འབྱུང་རྣམས་སུ་སྟོན་པ་གཤེན་རབ་མི་བོ་ཆེའི་གོང་རོལ་དུ་《 སྟོན་པ་གཏོ་རྒྱལ་ཡེ་མཁྱེན ་བྱ་བའི་སྟོན་པ་ཞིག་བྱུང་བར་བཤད་ཡོད་པ་དེ་ཡང་། དུས་སྐབས་དེའི་བོན་པོ་སྤྱི་དང་འདྲ་བར་གཏོ་དཔྱད་མོ་འདེབས་དང་། གླུད་རྫོང་ཡས་མདོས་སོགས་ཡ་ཐོག་སྲིད་པའི་བོན་སྤྱོད་མཁན་གྱི་མི་སྣ་ཞིག་ཡིན་སྲིད་པ་ནི།《 མདོ་གཟེར་མིག་ 》ནང་”གཏོ་རབས་སྲིད་པའི་བུ། གཏོ་རྒྱལ་ཡེ་མཁྱེན་ལགས་”ཞེས་སྟོན་པ་དེའི་མཚན་ལ་གཏོ་རབས་སྲིད་པའི་བུ་གཏོ་རྒྱལ་ཡེ་མཁྱེན་ཞེས་སུ་འབོད་སྲོལ་བྱུང་ཡོད་པས་རྟོགས་ཐུབ་པ་དང་། དེ་བཞིན་དུ་བོན་དཔེ་《 མདོ་གཟེར་མིག་ 》དང་《 དྲི་མེད་གཟི་བརྗིད 》་སོགས་སུ་སྟོན་པ་གཤེན་རབ་མི་བོའི་ཡབ་རྒྱལ་བོན་ཐོད་དཀར་བྱ་བས་ཀྱང་། སློབ་དཔོན་འཕྲུལ་གཤེན་ངག་གྲཊ་ལས་འཕྲུལ་ངག་བདེན་པའི་བོན་གཏོ་རྒྱུད་སྨྲང་རྒྱུད་ཀུན་ལ་བསླབས་ནས་གཏོ་དང་དཔྱད་ཀྱི་རྒྱུད་ལ་མཁས་པར་གྱུར་ཚུལ་བཤད་ཡོད།
།
གནད་འདི་དང་འབྲེལ་ཏེ་བསམ་པར་བྱ་བ་ཞིག་ནི་《 གཟེར་མིག 》་དང་《 མདོ་འདུས 》་སོགས་སུ་གཤེན་རབ་མི་བོ་ཆེར་“གཏོ་ཡི་བཀའ་སྒྲོམ་ཡང་ཆུང་”ཟེར་བའི་གཏོ་ཆས་ཤིག་ཡོད་ཚུལ་འཁོད་ཡོད་ལ། དེ་ནི་སྐྱེས་བུ་སུ་ཞིག་གིས་ཀྱང་བསླབ་མི་དགོས་པར་རང་རྡོལ་དུ་ཤེས་ཐུབ་པའི་ཡི་གེ་ཞིག་ཡིན་པར་བཤད་ཡོད། དོན་དངོས་སུ་“གཏོ་ཡི་བཀའ་སྒྲོམ”་བྱ་བ་དེ་ཤིང་གི་རྒྱང་བུ་ཆེ་ཆུང་སྣ་ཚོགས་ཀྱི་ཐོག་ལྷ་ཀླུ་གཉན་བདུད་ལ་སོགས་པའི་གཟུགས་བརྙན་མི་འདྲ་བ་སྣ་ཚོགས་བྲིས་པའི་གཏོ་ཆས་དེར་“གཏོ་ཡི་བཀའ་སྒྲོམ་”དུ་འབོད་སྲོལ་བྱུང་བ་མིན་ནམ་སྙམ་ཞིང་། ཤིང་བྱང་ངམ་རྒྱང་བུའི་ཐོག་བྲིས་པའི་གཟུགས་བརྙན་དག་ནི་རི་མོའི་ལམ་ནས་བྲིས་པའི་གཟུགས་བརྙན་འབའ་ཞིག་ཡིན་པས། རི་མོའི་བརྗོད་དོན་གང་ཡིན་པ་དེ་དང་རི་མོ་དེས་ཅི་ཞིག་མཚོན་གྱི་ཡོད་མེད་དེ་རི་མོ་དེ་རང་གི་ཐོག་ནས་བདེ་བླག་ཏུ་ཤེས་ཐུབ་པ་ཞིག་ཡིན་ཕྱིར། གཏོ་ཡི་བཀའ་སྒྲོམ་ཟེར་བ་དེ་སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་བསླབ་མི་དགོས་པར་རང་རྡོལ་དུ་ཤེས་པར་བཤད་པའི་གནད་འགག་ཀྱང་དེ་ལ་ཐུག་མེད་དམ་སྙམ། མདོར་ན་གནའ་བོའི་བོན་གྱི་དཔེ་རྙིང་རིགས་མི་འདྲ་བ་དག་ཏུ་བཀོད་པའི་གཤེན་རབ་མི་བོ་ཆེ་ནི་གཏོ་དཔྱད་མོ་འདེབས་དང་གླུད་གཏོང་མདོས་འཕེན་སོགས་ཀྱི་ཆོ་ག་དང་འབྲེལ་བ་ཟབ་མོ་ཡོད་པ་ལ། ཆོ་གའི་རིགས་མི་འདྲ་བ་རྣམས་ཀྱི་བྱ་ཐབས་ལ་བརྟེན་ནས་ཡུལ་གང་ཞིག་དང་སེམས་ཅན་གང་ཞིག་ལ་ནད་སེལ་རྐྱེན་ཟློག་བྱས་པའི་གཏམ་རྒྱུད་མང་དུ་མཐོང་རྒྱུ་ཡོད་པ་དེས། ཕ་གཤེན་རབ་མི་བོ་ཆེ་དང་གཏོ་དཔྱད་མདོས་གླུད་སོགས་ཀྱི་རིག་གནས་དབར་འབྲེལ་བ་ཟབ་མོ་ཞིག་ཡོད་པར་མཐོང་ཐུབ་པ་ཡིན། མ་གཞི་བོན་ལུགས་སུ་རྒྱུ་ཡི་བོན་དང་འབྲས་བུའི་བོན་ཞེས་རིགས་ཚན་མི་འདྲ་བ་ཁག་གཉིས་སུ་དབྱེ་སྲོལ་བྱུང་ཡོད་ཅིང་། རྒྱུ་བོན་བྱ་བ་ནི་ང་ཚོས་སྐབས་འདིར་གླེང་བཞིན་པའི་གཏོ་བཅོས་མོ་འདེབས་དང་། མདོས་རྫོང་ཡས་གཏོང་། པྲ་དཔྱད་གླུད་བསྔོ་བྱེད་པ་ལ་སོགས་པའི་ཆོ་གའི་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པར་བཤད་པ་དེ་དག་ལ་ཟེར་བ་ཡིན་ཞིང་། རིགས་མི་འདྲ་བའི་ཆོ་ག་དེ་དག་ཐམས་ཅད་རྒྱུ་བོན་ནམ་ཐེག་པ་དམན་པའི་ཁོངས་སུ་འདུ་བར་བྱས་ནས་བཞག་ཡོད། ནང་དོན་དེ་དག་འཁོད་པའི་ཏུན་ཧོང་ཡིག་རྙིང་འདི་རིགས་ཀྱི་ཁྲོད་དུ་སྟོན་པ་གཤེན་རབ་མི་བོ་ཆེ་གཏོ་བཅོས་མོ་འདེབས་ལ་སོགས་པའི་རྒྱུ་བོན་བྱེད་མཁན་གྱི་མི་སྣའི་རྣམ་པར་འཁོད་ཡོད་པ་ལ་ཧ་ལས་དགོས་དོན་གང་ཡང་མེད་པ་ཡིན་ནོ། །
།
སྔོན་གྱི་ཡིག་རྙིང་ཁག་ནང་གཤེན་རབ་མི་བོ་ཆེའི་མཚན་འགོར་ཕ་བྱ་བའི་དམིགས་བསལ་གྱི་ཐ་སྙད་ཅིག་འབྲི་ཚུལ་ཞིག་བྱུང་ཡོད་པའི་སྐོར།
།
གཤེན་རབ་མི་བོ་ཆེའི་མཚན་འགོར་“ཕ་བ”་འམ་“ཕ”་བྱ་བའི་འབོད་ཚུལ་མི་འདྲ་བ་ཞིག་བྱུང་ཡོད་པ་དེ་ནི་སྔོན་གྱི་བོན་ཆོག་ཁག་གི་ནང་འཁོད་པ་ལྟར་ན། སྟོན་པ་གཤེན་རབ་མི་བོ་ཆེར་འབོད་སྲོལ་ཡོད་པའི་དམིགས་བསལ་གྱི་ཐ་སྙད་ཙམ་ལས་དུས་སྐབས་དེའི་གཏོ་དཔྱད་མཁན་དང་གཤེན་པོ་ཡོད་ཚད་ལ་འབོད་སྲོལ་ཡོད་པའི་ཐ་སྙད་ཅིག་མ་ཡིན་སྙམ་མོད། ཡིན་ན་ཡང་བོན་གྱི་དཔེ་རྙིང་ཁ་ཅིག་གི་ནང་དུ་“ཕ་བ་རྒྱལ་གཟིགས”་དང་“ཕ་བ་མཚེ་གཅོ”་ཟེར་བ་གཉིས་ལ་“ཕ”་བྱ་བའི་ཐ་སྙད་འདི་སྤྱད་སྲོལ་བྱུང་ཡོད་པ་མཐོང་རྒྱུ་ཡོད།མི་སྣ་དེ་གཉིས་ལས་“ཕ་བ་རྒྱལ་གཟིགས”་ནི་《 ཞང་ཞུང་སྙན་བརྒྱུད 》་ཀྱི་བླ་རབས་ནང་“རྒྱལ་གཟིགས་གསས་ཆུང་”བྱ་བ་ཞིག་ཡོད་པ་དེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཤས་ཆེ་ཞིང་།“ཕ་བ་མཚེ་གཅོ”་ནི་གཉའ་ཁྲི་བཙན་པོའི་སྐུ་དུས་བྱུང་བའི་“མཚེ་མི་དམུ་རྒྱལ”་ལམ་“གཅོས་ཕྱག་དཀར”་གྱི་རུས་རྒྱུད་དང་འབྲེལ་བ་ཡོད་པའི་སྐུ་གཤེན་ཞིག་མིན་ནམ་སྙམ་པ་དང་། བོད་རྒྱལ་གྲི་གུམ་བཙན་པོས་བོད་ཀྱི་དབུས་ཁུལ་དུ་བོན་བསྣུབས་སྐབས་བོན་གཤེན་རྣམས་“གད་ཀྱི་བྱི་བ་མཁར”་དུ་ཞལ་འཛོམས་ཏེ་བོད་ཀྱི་དབུས་མཐའ་ཀུན་ཏུ་བོན་བསྟན་ཇི་ལྟར་སྤེལ་དགོས་མིན་ཐད་བཀའ་བགྲོ་གནང་སྐབས། བོན་གཤེན་དེ་དག་གི་གྲས་སུ་“ཕ་བ་མཚེ་གཅོ་”བྱ་བའི་གཤེན་པོ་ཞིག་ཡོད་ཚུལ་འཁོད་ཡོད་ལ། བོན་གཤེན་རྣམས་ཞལ་འཛོམས་མཛད་པའི་དུས་རིམ་དེར་བོན་གཤེན་དག་ལ་“ཕ་བ་བོན་པོ”་རྣམས་ཟེར་བའི་ཐ་སྙད་འདི་སྤྱད་སྲོལ་བྱུང་ཡོད་པའང་རིག་རྒྱུ་ཡོད། ང་ཚོས་ཚུལ་དེར་བསམ་ནས་དཔྱད་པ་ཡིན་ན་བོན་གཤེན་ཐམས་ཅད་ཀྱི་མིང་འགོར་ཕ་བའམ་ཕ་ཟེར་བའི་ཐ་སྙད་འདི་སྤྱད་སྲོལ་ཡོད་པ་ཞིག་ཀྱང་མིན་ནམ་སྙམ་རུང་། བདག་གིས་དེ་སྔ་མཇལ་མྱོང་བའི་བོན་གྱི་དཔེ་གཞུང་ཕལ་མོ་ཆེའི་ནང་བོན་པོ་དང་གཤེན་པོ་ཡོད་ཚད་ལ་“ཕ”་བྱ་བའི་ཚིག་འདི་སྤྱད་སྲོལ་བྱུང་མེད་པ་ལྟ་བུར་མཐོང་ནས།བདག་གིས་“ཕ”་བྱ་བའི་ཚིག་འདི་སྤྱིར་བཏང་གི་བོན་བྱེད་མཁན་དང་གཤེན་པོ་ཡོད་ཚད་ལ་སྦྱར་སྲོལ་ཡོད་པའི་ཐ་སྙད་ཅིག་མ་ཡིན་པར། དེ་ནི་བོན་པོ་དང་གཤེན་པོ་གཞན་དག་ལས་དམིགས་བསལ་གྱི་སྐུ་ཡོན་དང་ནུས་མཐུ་ཆེ་བ། གཏོ་དཔྱད་དང་མདོས་གླུད་བྱེད་པའི་ཐབས་ལ་བརྟེན་ནས་སེམས་ཅན་དང་། ཡང་ན་ཡུལ་གང་ཞིག་ཏུ་བྱུང་བའི་འཕྲལ་དང་ཡུན་གྱི་སྡུག་བསྔལ་སེལ་བར་བྱེད་པ་དང་། འགྲོ་བ་རྣམས་ལ་ཕ་ལྟར་བྱམས་ཤིང་བརྩེ་བའི་ཆ་ནས་“ཕ”་བྱ་བའི་ཐ་སྙད་འདི་འདོགས་སྲོལ་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད། སྤྱིར་ན་“ཕ”་བྱ་བའི་ཐ་སྙད་འདི་ཉིད་འཇིག་རྟེན་པའི་ཁྱིམ་ཐབས་བཟུང་ནས་བུ་ཕྲུག་གསོ་སྐྱོང་བྱེད་མཁན་དང་དེ་ལྟར་བྱེད་ནུས་པའི་སྐྱེ་བོ་དག་ལ་ཕ་ཟེར་བ་ཡིན་ཞིང་། དམ་པ་ཆོས་ཀྱི་ཆ་ནས་བཤད་ན་ཡང་ཆོས་ལུགས་ཀྱི་ལམ་སྟོན་མཁན་དང་རང་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་བླ་མ་དང་སློབ་དཔོན་གྱི་རིགས་ལ་ཕ་བྱ་བའི་ཐ་སྙད་འདི་གདགས་སྲོལ་བྱུང་ཡོད།ཕྱིས་དུས་ཀྱི་བན་བོན་ཁག་གི་དཔེ་ཆོས་འགར་ཡང་ཐ་སྙད་དེ་ཚུལ་སྤྱད་སྲོལ་བྱུང་བ་ནི་“ཕ་སྐྱབས་རྗེ་བློ་བཟང་གྲགས་པ་དང་”། “ཕ་སྐྱབས་རྗེ་བླ་མ་”ལྟ་བུ་དང་། ཡང་ན་“ཕ་བླ་མ་རྣམས་ལ་གསོལ་བ་འདེབས་”“ཕ་གཅིག་བླ་མ་དམ་པ་”ལྟ་བུའི་ཚིག་མང་མང་ཞིག་མཐོང་རྒྱུ་ཡོད་པ་རེད། དེར་བརྟེན་ “ཕ”་བྱ་བའི་ཚིག་འདི་ཉིད་ཀྱི་ནང་དོན་དང་ཐ་སྙད་དེས་བསྟན་པའི་དམིགས་བསལ་གྱི་རྒྱབ་ལྗོངས་སོགས་ལ་གཞན་དང་མི་འདྲ་བའི་གོ་དོན་ཟབ་མོ་རེ་ལྡན་ཡོད་པར་རྟོགས་ཐུབ་པ་ཞིག་རེད།
།
སྤྱི་ལོ་༡༩༩༩ལོར་ཀུན་གྲོལ་ལྷ་སྲས་ཟེར་བས་པར་སྐྲུན་བྱས་པའི་བོན་གྱི་བཀའ་འགྱུར་དཔེ་ཚུགས་མ་དེར་ཁྱོན་བསྡོམས་པོད་བརྒྱ་དང་སུམ་ཅུ་ཡས་མས་ཤིག་ཡོད་ཅིང་། དེ་དག་“མདོ་འབུམ་སྔགས་”གསུམ་དུ་དབྱེ་བ་ཕྱེས་ནས་བཞག་ཡོད་པ་ལས་འབུམ་སྡེའི་དཔེ་ཁུངས་ཁྲོད་དུ་རིན་པོ་ཆེ་གཉན་གྱི་འབུམ་《 དཔེ་གཞུང་འདི་ཉིད་བདག་གིས་པར་སྐྲུན་བྱེད་བཞིན་ཡོད་པས་མི་འགྱངས་བར་ཁྱེད་ཅག་གི་མིག་མདུན་དུ་དགྲམ་ངེས་ཡིན། 》བྱ་བའི་དཔེ་ཆོག་ཅིག་མཐོང་རྒྱུ་ཡོད་པ་དེ་ནི་དཔེ་ཆོག་གཞན་དང་མི་འདྲ་བར་བརྡ་སྤྲོད་དང་ཚིག་འགྲོས།བརྗོད་བྱ་སོགས་གང་ཅིའི་ཐད་བོད་བཙན་པོའི་སྐབས་ཀྱི་དཔེ་ཆོས་དག་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་མ་ཟད། ཏུན་ཧོང་བོད་ཀྱི་དཔེ་རྙིང་ཁྲོད་སྣང་བའི་བོན་གྱི་དཔེ་ཆོག་དག་དང་། དེ་བཞིན་གཏམ་ཤུལ་འབུམ་པ་ཆེ་དགའ་ཐང་ནས་རྙེད་པའི་བོན་གཞུང་སོགས་ཀྱི་ནང་དོན་དང་གཅིག་མཚུངས་ཀྱི་ཁྱད་ཆོས་ལྡན་ཡོད་པས། དཔེ་རྙིང་དེ་ཉིད་བོད་བཙན་པོའི་སྐབས་ཀྱི་དཔེ་རྙིང་དག་དང་འདྲ་བར་བོད་དང་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མཁོ་བའི་དཔེ་གཞི་རིན་ཐང་ཅན་ཞིག་ཏུ་འཁུམས་ཡོད། དཔེ་རྙིང་འདིའི་ནང་དུ་“གཙང་གཤེན་སྙན་ངག་དང་། ཞང་ཞུང་མི་ཙ་ལང་རྒྱུང་གཉིས། གཏོ་དང་དཔྱད་བགྱིས་”ཞེས་སུ་འབྱུང་བའི་“གཙང་གཤེན་སྙན་ངག”་བྱ་བ་དེ་ནི། ཉི་ཧོང་ནས་པར་སྐྲུན་བྱས་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ནང་དུ་ཡང་མཐོང་རྒྱུ་ཡོད་པས། རིན་པོ་གཉན་གྱི་འབུམ་བྱ་བའི་དཔེ་ཆོག་འདི་ཉིད་གནའ་བོའི་བོན་གྱི་དཔེ་རྙིང་འཁྲུལ་མེད་ཅིག་ཡིན་པ་ལ་སོམ་ཉི་ཅི་ཡང་མེད་པ་ཞིག་རེད། དཔེ་རྙིང་འདི་ཡི་《 ལེའུ་གསུམ་པ་གཉན་དང་ཡོས་ནལ་དབྱེ་ 》བྱ་བའི་ལེའུའི་ནང་།“ལྷ་ཀླུ་གཉན་དང་གསུམ།། ས་བདག་རྒྱལ་བ་དང་བཞི།། འགུར་དུ་ཡོས་བུ་བཤོར།། ལྷ་གཅིག་ཐུགས་མ་འཐད།། སྨན་ཙམ་བྱེ།། ཡུག་མ་འཐད།། ཕ་གཤེན་རབ་མི་བོ་ཡི།། གནམ་ལྕགས་ཐུ་ལུམ་གྱིས།། ཡོས་བུ་ཚོམས་བུ་བཅོམ་”ཞེས་སུ་བྱུང་བ་དེ་ཡང་ཏུན་ཧོང་བོད་ཀྱི་ཡིག་རྙིང་ཁྲོད་སྣང་བའི་ཚིག་འགྲོས་དང་བརྡ་དོན། ཚེགས་ཁྱིམ་གྱི་བཅད་བར་སོགས་གང་ས་ཅི་ཐད་ནས་གཅིག་མཚུངས་ཡིན་པ་མ་ཟད། གཤེན་རབ་མི་བོ་ཆེའི་མཚན་འགོར་བཀོད་པའི་“ཕ་”བྱ་བ་དེ་ཡང་དཔེ་གཞུང་འདི་གའི་ནང་མཐོང་རྒྱུ་ཡོད་པ་སོགས་མདོར་ན་གཤེན་རབ་མི་བོ་ཆེའི་མཚན་འགོར་“ཕ”་བྱ་བའི་དམིགས་བསལ་གྱི་ཐ་སྙད་འདི་སྤྱད་སྲོལ་བྱུང་ཡོད་པ་དེས་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་གཤེན་པོ་གཞན་དག་ལས་ཁྱད་དུ་འཕགས་པའི་མི་སྣ་ཞིག་དང་གཤེན་པོ་རབ་ཅིག་ཡིན་པའི་ངོས་འཛིན་གནང་ཆོག་པ་ཞིག་རེད་སྙམ།
/
དེ་བཞིན་དུ་“མི་བོ་ཆེ་”བྱ་བའི་ཐ་སྙད་འདི་ཡང་མི་སྣ་ཡན་གར་བ་ཞིག་ལ་འབོད་སྲོལ་ཡོད་པའི་ཐ་སྙད་ཅིག་མ་ཡིན་པར། དེ་ནི་སྐྱེས་བུ་གཞན་ལས་མཐུ་དང་ནུས་པ། སྟོབས།ཡོན་ཏན།མཁྱེན་རྒྱ་དང་ཤེས་རྟོགས་སོགས་གང་ཅི་འཛོམས་པའི་མི་སྣ་ཞིག་ལ་འབོད་སྲོལ་བྱུང་ཡོད་པར་མཐོང་ཐུབ་ཅིང་། བོད་ཀྱི་ཡིག་ཚང་འགར་“གཤེན་རབ་མི་བོ་ཆེ་ལ་མྱི་བོ་ཆེ་ལ་ཕྱག་འཚལ་ལོ་”ཞེས་པ་ལ་ཐད་ཀར་“མྱི་བོ་ཆེ་ལ་ཕྱག་འཚལ་ལོ་”ཞེས་སུ་བྲིས་པའང་མཐོང་རྒྱུ་ཡོད་པ་ཡིན། གང་ལྟར་ཡང་“མི་བོ་ཆེ་”བྱ་བའི་འབོད་ཚུལ་འདི་ཉིད་སྟོན་པ་གཤེན་རབ་མི་བོ་ཆེ་ལས་གཞན་བན་བོན་གཉིས་པོའི་ཆོས་ལུགས་ཁྲོད་བྱུང་བའི་ལོ་རྒྱུས་མི་སྣ་ཆེ་ཆུང་སུ་ལའང་སྦྱར་སྲོལ་བྱུང་མེད་པ་དེ་ནི་བན་བོན་གྱི་ལོ་རྒྱུས་ཆོས་འབྱུང་གསར་རྙིང་ཀུན་ཞལ་མཐུན་པ་རྩོད་མེད་ཡིན་པར་ངེས་ལ། མི་བོ་ཆེ་བྱ་བའི་ཚིག་རང་ངོས་ལ་བསམ་གཞིགས་བྱས་ནས་དཔྱད་པ་ཡིན་ན་ཡང་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་གཤེན་པོ་གཞན་ལས་ཁྱད་དུ་འཕགས་པ་དང་། ཕུལ་དུ་བྱུང་བ་ཞིག་ཡིན་པར་མངོན་ཐུབ་ཅེས་གླེང་ན་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པ་ཡིན་ནོ།། །།
།//
ཟུར་ལྟའི་དཔྱད་ཡིག་ཁག
/
ཉི་ཧོང་ཏུང་ཅིན་སློབ་ཆེན་ནས་པར་སྐྲུན་བྱས་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་།
བོད་ལྗོངས་ནས་དཔེ་སྐྲུན་བྱས་པའི་གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་བོན་དཔེ།
རིན་པོ་ཆེ་གཉན་གྱི་འབུམ་ལས་ལེའུ་གསུམ་པ་གཉན་དང་ཡོས་ནལ་དབྱེ་བའི་ཚན་པ།
བསྒྲགས་པ་གླིང་གྲགས།
རྩ་རྒྱུད་གསང་བ་བསེན་ཐུབ།
མཛོད་སྒྲ་འགྲེལ།
ལེགས་བཤད་རིན་པོ་ཆེིའི་གཏེར་མཛོད།
དར་རྒྱས་གསལ་སྒྲོན།
མུ་ཆོའི་ཁྲོམ་འདུར།
མདོ་དྲི་མེད་གཟི་བརྗིད།
མདོ་གཟེར་མིག
མདོ་འདུས།
རྗེ་ཙོང་ཁ་བར་བསྟོད་པ་ཤར་གངས་རི་མ།
སློབ་དཔོན་བསྟན་པ་འོད་ཟེར་གྱི་སྨོན་ལམ།
བཀའ་གདམ་ཕ་ཆོས་དང་བུ་ཆོས།
/
བསམ་ཚུལ་ཕྲིས།