བོད་ཀྱི་མ་འོངས་པའི་མདུན་ལམ་དང་ད་ལྟའི་མི་རབས་ཀྱི་བསམ་སྤྱོད་ལ་དཔྱད་པ།
རྩོམ་ཡིག་འདི་ཐེངས། 633 བཀླགས་འདུག
།
ས་སྒང་རིལ་པོའི་སྟེང་དུ་འདི་གསལ་ལྷང་ལྷང་དུ་སྤར་མཁན་གྱི་གངས་རིའི་སྤུན་ཟླ་ཚོ། ནམ་ཟླ་དཔྱིད་ཀ་སླེབས་ཀྱང་། སེམས་ཀྱི་ཡུལ་ལྗོངས་སྔར་བཞིན་སྐྱ་ཐིང་ཐིང་དུ་སྡོད་རུང་ངམ། རིན་ཐང་བྲལ་བའི་དུས་ཚིགས་འདིར་ང་ཚོ་གང་ལྟར་ལང་དགོས་ལ། ང་ཚོ་ཅིས་ཀྱང་སད་རན་འདུག་པས། ང་ཚོའི་སང་ཉིན་གྱི་བདེ་སྐྱིད་དང་ཕ་ཁྱིམ་འདིའི་མདུན་ལམ་ཆེད་དུ་སྐྱེ་བོ་བརྒྱ་ཕྲག་དུ་མའི་མཚར་སྡུག་གི་ལང་ཚོའི་མེ་ཏོག་ངལ་དུབ་ཀྱིས་ཟད་ཅིང། འདས་ཟིན་པའི་ཟུངས་ཁྲག་གི་མཆོད་མེ་རེ་རེ་དང་བཞུད་ཟིན་པའི་ལོ་ཟླ་སྐྱུར་མོ་དེ་དག་ཁ་སང་གི་སྤུན་ཟླའི་སྙིང་སྟོབས་ཡིན་པས། ང་ཚོ་འདི་ལྟར་ཚོར་མེད་བེམ་པོ་བཞིན་བག་ཁུམས་ནས་སྡོད་ག་ལ་རུང་། མ་ཟད་ང་ཚོ་བོད་མི་རིགས་ཀྱི་གས་ཆགས་ཤོར་བའི་ཕམ་ཁ་འདི་ལས་རྒྱལ་འདོད་ན། ཡར་དཀོན་མཆོག་ཟེར་བའི་འབོད་ས་ཞིག་དང་མར་ཀླུ་གཉེན་ཟེར་བ་ཞིག་ག་ལ་ཡོད། དེ་ལས་ལྡོག་ཏེ་འདས་ཟིན་པའི་སྤུན་ཟླ་ཚོའི་སྙིང་ལ་ཟུག་པའི་འབོད་སྒྲ་རེ་རེའི་བར་གསེང་ན། སྲོག་ལ་བབ་པའི་ཚེ་སྲོག་གི་རིན་ཐང་རེ་རེ་གནས་ཡོད་པས། ནམ་ཡང་ལེ་ལོ་དང་སྒྱིད་ལུག་ཚོར་མེད་དང་བག་འཁུམ་ཀྱི་འདུ་ཤེས་སྤངས་ནས། གངས་ཅན་པའི་དཀའ་སྡུག་གི་ལོ་ཟླ་ཡོད་ཚད་སེམས་ལ་བརྣག་དགོས། དེ་ཕྱིར། ང་ཚོས་མཉམ་དུ་དཀའ་སྡུག་མྱོང་ཐུབ་དགོས་ལ། མཉམ་དུ་འཐབ་རྩོད་བྱེད། མཉམ་དུ་རང་དབང་ཡང་སྲུང་དགོས། རྒྱུ་མཚན་ནི། ང་ཚོའི་མི་རིགས་དང་སྐད་ཡིག་འཆི་ཁར་སླེབས། མི་གཤིས་དང་རང་ཚུགས་ཀྱི་རྩ་བ་བོར། སྙིང་སྟོབས་དང་ལྷག་བསམ་མར་མེ་ལྟར་ཞུ། ཆོལ་ཁ་ཆོས་ལུགས་བར་དམག་འཁྲུག་ཤོར་བཞིན་ཡོད་པ་མཐོང་གི་མི་འདུག་གམ། ཨ་ཤི་རེ་ཀོ། སྤུན་ཟླ་ཚོ། ཉོན་དང་མ་རིག་གཏི་མུག་ལས་སད་ནས་ཉོན་དང་། བོད་ཞེས་པའི་ཐ་སྙན་འདི་དུས་ཡུན་རིང་དུ་གནས་དང་མི་གནས་ཀྱི་གཞི་རྩ་ནི། ཡ་ཐོག་བོད་ཀྱི་ཆེས་ཐུན་མོང་མ་ཡིན་པའི་ཤེས་རིག་དང་དཔལ་ཡོན་དེ་ཚད་མཐོ་བའི་ཤེས་རྟོགས་དང་ཚད་ཐུབ་ཀྱི་དཔྱད་ཞིབ་འཛིན་སྐྱོང་ཐབས་ལམ་ཞིག་ལ་རག་ལས་ཡོད་པ་ཨེ་ཤེས་སམ། བོད་གངས་ཅན་པའི་ཤེས་རིག་ནི་ཡ་ཐོག་མི་རབས་མང་པོའི་ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས་ཀྱི་ལེགས་བྱང་། བསམ་པའི་འཁྱེར་སོ་སོགས་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཚོར་རམ། ད་དུང་ཡིད་ཕམ་པ་ཞིག་ལ་གཞན་ཡུལ་གྱི་བོད་མི་རྣམས་ལ་འཐབ་རྩོད་ཀྱི་སྟོབས་ཤུགས་དང། གསར་གཏོད་ཀྱི་སྙིང་སྟོབས། སྣེད་ཁྲིད་ཀྱི་བསམ་བློ། སྲུང་སྐྱོབ་ཀྱི་འགན་འཁྲི། ཡར་ཐོན་གྱི་བསམ་བློ། འཐབ་རྩོད་ཀྱི་སྙིང་རུས། མི་རིགས་ཀྱི་འགན་འཁྲི་སོགས་གང་ཡང་མེད་པར་ཨ་སྒོར་ཁོ་ནའི་བྲན་གཡོག་ཏུ་གྱུར་ཟིན་པ་ནི་ངོ་མ་བློ་ཕམ་དང་འཇིགས་སུ་རུང་བའི་མི་རིགས་ཞིག་གི་ཕམ་ཁ་མ་ཡིན་ནམ། དེ་ལྟ་བའི་མི་མེད་ལུང་སྟོང་གི་སྤྱི་ཚོགས་ཞིག་ལ་མ་འོངས་བའི་མདུན་ལམ་ཡོད་དམ། མ་འོངས་བའི་ཕུགས་བསམ་ཡོད་དམ། མ་འོངས་པའི་རེ་བ་ཡོད་དམ། འོན་ཀྱང་དེ་རིང་གི་སྡུག་རུས་ནི་སང་ཉིན་གྱི་བདེ་སྐྱིད་ཡིན་ཟེར་བའི་དཔེར་ལྟར་གཤམ་དུ་གུས་མོས་བློ་ཕམ་དྲག་པོའི་ཐོག་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་དང་། ད་ལྟའི་མི་རབས་ཀྱི་བསམ་སྤྱོད་ཞེས་པའི་བརྗོད་བྱའི་ཐོག་ལ་རང་གི་གདུང་དབྱངས་འགའ་བརྗོད་འདོད།
།
གླེང་སློང་སྙིང་གཏམ་དམར་པོ།
།
དེང་སྐབས་ང་ཚོའི་མི་རིགས་འདི་ཆེས་འཇིགས་སྐྲག་དང་དངངས་འཚབ་ཀྱི་གནས་སུ་འགྱུར་བཞིན་ཡོད་པ་ནི། བོད་མི་རེ་འགའ་ཙམ་མ་གཏོགས་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཞེན། ལ་རྒྱ། སྙིང་སྟོབས་སོགས་གང་ཡང་མེད་པར་ཚོོར་མེད་བེམ་པོ་བཞིན་འགྱུར་འགྲོ་བའི་དུས་ལ་སླེབས་ཟིན་པ་དང་གཅིག གཉིས་སུ་མི་རིགས་ཤིག་གི་འདུ་ཤེས་དང་། སྐད་ཡིག་གི་སློབ་གསོ། རིག་གནས་སློབ་གསོ། བསམ་བློའི་སློབ་གསོ་སོགས་ཀྱི་རྨང་གཞིའི་སློབ་གསོ་གང་ཡང་མེད་པའི་གནས་སྐབས་འདི་འདྲ་ཞིག་ལ་ང་ཚོས་ཇི་ལྟར་མ་འོངས་བོད་ཀྱི་མདུན་ལམ་སྐྱོང་ངམ། ཇི་ལྟར་མི་རིགས་ཞིག་གི་མདུན་ལམ་ལ་ངོས་འཛིན་གནང་ངམ། གལ་ཏེ་ད་དུང་འཕེལ་རྒྱས་དང་རྒྱ་ཆེ་བའི་ལངས་ཕྱོགས་ཞིག་མེད་སོང་ན། ནམ་ཞིག་བོད་མི་རིགས་ཀྱི་འདི་མདུན་ལམ་ཕར་བཞག ཐ་ན་ངོ་བོ་ཙམ་མི་གནས་པར་རྩ་མེད་དུ་འགྲོ་བའི་དུས་ཤིག་ཡོང་མི་སྲིད་པ་མ་ཡིན་ནོ།། དེ་དག་ལ་བསམ་བློ་ཞིག་བཏང་ནས་བརྗོད་ན། ད་ལྟ་ང་ཚོར་དམིགས་བསལ་གྱིས་འགན་ཞིག་བབས་ཡོད་པ་ནི་བོད་མི་རེ་རེ་ནས་རང་གི་ཕྲག་སྟེང་དུ་བབས་པའི་འོས་འགན་གང་ཞིག་ཡིན་པ་ངོས་ཟིན་པའི་ཐོག་ནས་སོ་སོའི་ཤ་ཁྲག་རུས་གསུམ་གདོང་དམར་བོད་པ་ཡིན་པའི་བསམ་བློའི་འདུ་ཤེས་སྐྱེ་དགོས། གལ་ཏེ་གང་ཟག་སུ་དང་སུ་ལའང་འདི་ལྟ་བུའི་བསམ་བློའི་འདུ་ཤེས་ཤིག་མེད་སོང་ན། མི་རིགས་དང་རྒྱལ་ཁབ། སྐད་དང་ཡི་གེ། སྙིང་སྟོབས། མི་རིགས་གྱི་བསམ་བློ་གང་ནས་སྐྱེའམ། ཐ་ན་རང་ངོ་རང་གིས་མི་ཤེས་པའི་རྐང་གཉིས་ཅན་གྱི་དུད་འགྲོ་དང་ཆ་འདྲ་བ་མ་ཡིན་ནམ། རང་རེ་ཕུ་ནུ་མིང་སྲིང་དག་ལ་མཚོན་ན་ཨ་མའི་མངལ་ནས་སྐྱེས་མ་ཐག་ནས་རྒྱ་དམར་པོའི་མེ་མདའི་འོག་ནས་ཚེ་གང་བོར་འཇིགས་སྣང་དང་དངངས་སྐྲག་གཅར་རྡུང་དང་མནར་གཅོད་སོགས་ཀྱི་སྡུག་བསྔལ་ལས་རང་དབང་ཉི་ཟེར་ཙམ་ཡང་ཤར་མེད། འོན་ཀྱང་། ད་དུང་མ་འོངས་བོད་ཀྱི་མདུན་ལམ་དང་། རེ་བ། ཕ་ས་སོགས་ཀྱི་ཆེད་དུ་རང་སྲོག་དམར་པོ་མེ་རུ་འབར་བ་མཐོང་གི་མི་འདུག་གམ། ང་ཚོས་ཤེས་དགོས། སྲོག་ལེན་སྲོག་གིས་ལེན་པའི་སྟོབས་ཤུགས་མེད་ཀྱང་། ང་ཚོ་ཚང་མའི་མི་རིགས་ཀྱི་འདུ་ཤེས་དང་སྐད་ཡིག་གི་རིན་ཐང་ཤེས་པའི་ཐོག་ནས་མདུན་ནས་མདུན་དུ་སྐྱོད་བཞིན་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས། དེ་དང་ཕྱོགས་མཚུངས་ད་ལྟའི་དུས་ཚོད་འདིར་བོད་ཡིག་ཁྲིད་གཞི་གཅིག་གྱུར་དང་། བོད་སྐད་གཅིག་གྱུར་ཡོང་བར་ཞིབ་འཇུག་དང་དཔྱད་བརྗོད་བྱེད་དགོས། གང་ལ་ཞེ་ན། མི་རིགས་ཀྱི་སྐད་ཡིག་གིས་མི་རབས་འདིའི་བསམ་བློའི་དཔལ་ཡོན་ལ་སྔར་མེད་ཀྱི་སྙིང་རུས་དང་སྟོབས་ཤུགས་སྐྲུན་ནུས། སྟོབས་ཤུགས་དང་སྙིང་རུས་དེ་དག་ལྡན་སོང་ན་ད་གཟོད། འགན་འཁྲི་ཡི་བསམ་བློ། ཚོར་ཤེས་ཀྱི་མྱོང་བ། ཤེས་ཡོན་གྱི་རིན་ཐང་། ལོ་རྒྱུས་ཀྱི་རྒྱལ་ཁ་ཡོད་ཚད་རྟོགས་ནུས། ལྷག་པར་ཏུ་མི་རིགས་ཀྱི་བསམ་བློ་དང་། སྡུག་རུས། རྩོལ་བ། གོ་སྐབས། དཔའ་སྤོབས། བློ་སྟོབས། གསར་གཏོད་སོགས་ཀྱི་གྲུབ་འབྲས་རྟོགས་ནུས་ལ་བསམ་བློའི་རྨང་གཞི་དེ་དག་ལྡན་སོང་ན། ད་གཟོད་བོད་མི་རིགས་ཀྱི་མདུན་ལམ་ངོ་སྤྲོད་ཐུབ་པ་རེད། འོན་ཀྱང་། ངོ་སྤྲོད་པ་ཙམ་གྱི་ག་ལ་ཆོག་གམ། ཇི་སྲིད་འཚོ་བའི་བར་དུ་བོད་མི་རིགས་ཀྱི་མདུན་ལམ་གནས་དགོས། དུས་རབས་ཉེར་གཅིག་ལ་ཁ་ཕྱོགས་ནས་བོད་མི་རིགས་ཀྱི་མདུན་ལམ་སྲུང་དགོས། གངས་ཅན་པའི་འདས་མ་ད་གསུམ་གྱི་ཕམ་ཁ་རྟོགས་ནས་བོད་མི་རིགས་ཀྱི་མདུན་ལམ་འཕེལ་རྒྱས་གཏོང་དགོས།
།
༡༽ གསར་གཏོད་དང་རྣམ་དཔྱོད་ཀྱི་སྟོབས་ཤུགས་ཁྲོད་ནས་བོད་མི་རིགས་ཀྱི་མདུན་ལམ་སྐྱོང་ཐབས།
།
གོང་དུ་བཤད་པ་ལྟར། དེང་སྐབས་ང་ཚོ་བོད་མི་རིགས་འདིའི་ཆབ་དཔལ་རིག་གསུམ་གྱི་གནས་བབ་ཆེས་འཇིགས་སྐྲག་དང་དངངས་འཚབ་ཀྱི་གནས་སུ་འགྱུར་བཞིན་ཡོད་པ་ངོས་ཟིན་པའི་ཐོག་ནས། བོད་མི་རིགས་ཀྱི་མདུན་ལམ་འདི་ཡང་དུས་རབས་ཉེར་གཅིག་པའི་འགྲན་རྩོད་ཁྲོད་ནས་སྐྱོང་ཐབས་ལ་འབད་དགོས། རྒྱུ་མཚན་ནི། འགྲན་རྩོད་དེ་ཡང་མཐར་གཏུགས་ན་དཔའ་བའི་གདེང་དང་ལྡན་པའི་ད་ལྟའི་མི་རབས་གསར་བའི་གསར་བཏོད་ཀྱི་འགྲན་རྩོད་དང་། ཤེས་ཡོན་གྱི་འགྲན་རྩོད། འཇོན་ཐང་མི་སྣའི་འགྲན་རྩོད་སོགས་ཀྱི་རྒྱལ་ཁབ་ཅིག་ཡིན་ན་ཡང་འདྲ། མི་རིགས་ཤིག་ཡིན་ནའང་འདྲ། གང་ཟག་སྒེར་ཞིག་ཡིན་ནའང་འདྲ་ཐམས་ཅད་འཕེལ་རྒྱས་ཀྱི་གཞི་རྩ་ཆགས་ཡོད། དེ་དང་ཕྱོགས་མཚུངས་མི་རིགས་ཤིག་ལ་གསར་གཏོད་དང་རྣམ་དཔྱོད་དགོས་ཏེ། མི་རིགས་ཞིག་གི་རང་དབང་གི་བསམ་བློའི་རྨང་གཞི་དང་། རང་འཛིན་གྱི་སྤྱོད་ལམ་ངོམས་ས། རང་རྟོགས་ཀྱི་འགན་ལེན། རང་ཚུགས་ཀྱི་ལྟ་ཚུལ་གླེང་བའི་ཐོག་མའི་གར་སྟེགས་ཀྱང་གསར་གཏོད་དང་རྣམ་དཔྱོད་གཉིས་ལས་བྱུང་།
འོན་ཀྱང་ད་ལྟའི་བོད་མི་རིགས་ལ་མཚོན་ན་དགག་སྒྲུབ་གྱི་བསམ་བློ་དང་གསར་གཏོད་ཀྱི་སློབ་གསོ་ཧ་ཅང་ཞན། ད་དུང་བོད་ཀྱི་སྤྱི་ཚོགས་འདི་ལ་གསར་བཏོད་ཀྱི་ལམ་ཁ་ཇི་འདྲའི་རབ་རིབ་ཅིག་དང་། ཇི་འདྲའི་མག་མོག་ཆེ་བས་རང་མི་རིགས་ཀྱི་འབྱུང་འགྱུར་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་གཤམ་གསལ།
།
དང་པོ། ཤེས་ལྡན་པ་དང་བསམ་བློ་བ་དག་དཔལ་འབྱོར་ཀྱི་བྲན་གཡོག་ཏུ་གྱུར་བའི་བཙན་བྱོལ་སྤྱི་ཚོགས།
།
སྤྱིར་བཏང་འགྲོ་བ་མི་ཡོད་ཚད་ལ་ཐོབ་དང་གོ་ས། རྒྱུ་ནོར་སོགས་མི་འདོད་མཁན་སུ་ཡོད་དམ། མ་ཟད་རང་ཉིད་ཀྱི་བདེ་སྐྱིད་ལ་རང་ཉིད་ཀྱི་རྩོད་ལེན་བྱེད་ཆོག་ལ་འདི་ནི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན། འོན་ཀྱང་ལོག་ལམ་དུ་ཕྱིན་པའི་བཙན་བྱོལ་ནང་གི་ཤེས་ཡོན་པ་དང་བསམ་བློ་བ་རྣམས་ལ་མཚོན་ན། མི་རིགས་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་མེད་པའི་ཐོག་ལ་མི་རིགས་ཤིག་གི་ཆེས་འཇིགས་སུ་རུང་བའི་ལོ་རྒྱུས་ཀྱི་ཕམ་ཁའི་ཁྲོད་ནས། མ་འོངས་བོད་ཀྱི་མདུན་ལམ་དང་། རང་དབང་། ཐོབ་ཐང་། ཤེས་ཡོན། ཁ་ཕྱོགས། རིག་གནས་སོགས་ད་ལྟའི་མི་རབས་འདིའི་གནས་ཚུལ་ལ་བསམ་ཤེས་གང་ཡང་མེད་པར་རང་སྣང་གང་ཤར་ངང་གཅིག་རྗེས་གཉིས་མཐུད་ཀྱིས་ཨ་རི་ལ་འགྲོ་བཞིན་ཡོད་པ་ངས་རེ་རེ་བཞིན་བརྗོད་ག་ལ་དགོས། དེའི་དབང་གིས། བོད་པའི་སྤྱི་ཚོགས་ཁྲོད་ན་མི་རིགས་ཀྱི་བསམ་བློ་དང་རིགས་གནས་ཀྱི་འདུ་ཤེས་ཅན་ཇེ་ཉུང་ནས་ཇེ་ཉུང་དང་། ཁེ་བཟང་དང་སྒེར་དོན་སྒྲུབ་མཁན་ཇེ་མང་ནས་ཇེ་མང་རེད། མདོར་ན། ད་ལྟའི་བོད་མི་རྣམས་ཀྱིས་ཕྱི་རྒྱལ་ཁོ་ན་ལ་དམིགས་ནས། རང་མི་རིགས་དང་འདིའི་མདུན་ལམ་ཐོག་ལ་མིག་གིས་བལྟས་ཤིང་རྣ་བས་ཉན་ཏེ། ཐབས་ཀྱི་སྒོ་སྣ་ཚོགས་ནས་ལས་སྒོ་ཕྲ་རགས་ལ་འབད་མཁན་སུ་ཡོད་དམ། ལྷག་པར་དུ་མི་ཆོས་དང་མི་མཐུན་ཞིང་། མི་རིགས་ཀྱི་རྩ་དོན་དང་འགལ་བའི་ངོ་ཚ་དང་ཡིད་ཕམ་པའི་ལས་རིགས་མང་པོའི་ནང་ལ་མགོ་འཁོར་ནས་དཔལ་འབྱོར་ཀྱི་བྲན་དུ་གྱུར་ཟིན་པ་ང་ཚོ་ཚང་མས་ཤེས་དགོས། སྤྱི་ཚོགས་འདི་འདྲ་ཞིག་གི་ནང་དུ་མི་རིགས་ཤིག་གི་མ་འོངས་བའི་མདུན་ལམ་ལ་རིན་ཐང་བསམ་མཁན་དང་། གསར་གཏོད་པ། སྙིང་སྟོབས་ཅན་ཡོད་ཀྱང་རྨོངས་དད་ཀྱི་ཨུ་ཚུགས། མཁྲེགས་འཛིན་གྱི་ལྟ་བ་ཅན་རེད་ཟེར་ནས་བདག་མེད་དུ་ལྷག་པའི་ཉེན་ཁ་འདུག།
།།
གཉིས་པ། ལོག་ལམ་དུ་ཕྱིན་པའི་རིག་གནས་སློབ་གསོ།
།
སྤྱིར་བཏང་ནས་འགྱུར་མེད་ཀྱི་སྙིང་སྟོབས་དང་སྔར་མེད་ཀྱི་གསར་གཏོད་ནི་བོད་མི་རིགས་ཙམ་མ་ཟད། འགྲོ་བ་མིའི་རིགས་སུ་དང་སུ་ཡིན་རུང་རང་གི་ཚེ་སྲོག་ལྟར་མེད་དུ་མི་རུང་བ་ཞིག་ཆགས་ཡོད། ཡང་སྒོས་སུ་འུ་ཅག་མི་རབས་གསར་པ་དག་ལ་མཚོན་ན། རང་ས་སྤར་མོ་གང་ཡང་རང་ལ་མི་དབང་བར་ཆ་མེད་རྒྱུས་མེད་ཀྱི་ས་མཐའ་རུ་ཚེ་སྲོག་ཆུང་ཆུང་འདི་འཚོ་དགོས་བྱུང་ལ། མུན་ནག་གི་ལོ་ཟླའི་ནང་དཀའ་སྡུག་མྱོང་བའི་བོད་མི་རིགས་ལ་མཚོན་ན་འགྱུར་མེད་ཀྱི་སྙིང་སྟོབས་དང་སྔར་མེད་ཀྱི་གསར་གཏོད་དགོས་བ་དེ་བས་གལ་ཆེ། འོན་ཀྱང་། གངས་ཅན་གདོང་དམར་ཚང་ལ་མཚོན་ན་བྱིས་པ་སྐྱེས་མ་ཐག་ནས་སློབ་གསོ་གཏོང་བ་དང་། བྱིས་པའི་སྐྱེས་ཐོབ་དང་སྦྱང་ཐོབ་སློབ་གསོ། བྱིས་པའི་ལྷན་སྐྱེས་ཀྱི་གསར་གཏོད། བྱིས་པའི་ཁམས་དང་ནུས་པ་སོགས་ལ་བརྩི་འཇོག་གང་ཡང་མེད་པས། རིམ་བཞིན་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ་གཞི་རིམ་སློབ་གསོའི་སྤུས་ཚད་ཞན་དྲགས་པས། ད་ལྟའི་མི་རབས་གསར་པ་ཚོ་ལ་རང་དབང་གི་བསམ་བློའི་ནུས་སྟོབས་ངོམས་ས་དང་། རང་འཛིན་གྱི་སྤྱོད་ལམ་སྟོན་ས། རང་རྟོགས་ཀྱི་འགན་ལེན་གནང་ས། རང་ཚུགས་ཀྱི་ལྟ་ཚུལ་གླེང་བའི་ཐོག་མའི་བསམ་བློའི་སློབ་གསོ་མེད་དུས། མིག་ནས་གང་མཐོང་གཞན་མི་རེད། ངག་ནས་གང་བཤད་གཞན་སྐད་རེད། རྒྱབ་ལ་གང་གྱོན་གཞན་གོས། མདོར་ན་འགྲོ་འདུག་སྤྱོད་གསུམ་ཡོད་ཚད་རང་མི་རིགས་དང་འབྲེལ་བ་ཇེ་རིང་ནས་ཇེ་རིང་རེད་ལ། ཡ་ཐོག་མི་རིགས་ཀྱིས་བཞག་པའི་རིག་གནས་འདི་དང་བོད་མིའི་འཚོ་བ་ལ་ཉིན་རེ་ནས་བར་ཐག་ཇེ་རིང་ཏུ་འགྲོ་བཞིན་ཡོད། རྒྱུ་མཚན་ནི་བོད་པའི་ན་གཞོན་མང་པོའི་ཨ་སྒོར་རྨི་ལམ་གཏོང་བཞིན་ཕྱི་སྐྱོད་ལག་འཁྱེར་( Y.C) གྱི་རེ་སྒུག་ཁྲོད་ནས་ལྷག་བསྡད་པ་གྲངས་ལས་འདས། བོད་སྐད་དང་བོད་ཡིག་སྦྱངས་ན་དགོས་པ་མེད་ཚུལ་བརྗོད། བོད་ཆས་དང་བོད་ཟས་སྤྱོད་ན་རྗེས་ལུས་དང་དབུལ་པོར་བརྩི། དེར་བརྟེན། ལོག་ལམ་དུ་ཕྱིན་པའི་རིག་གནས་སློབ་གསོ་དང་ཨ་སྒོར་ལ་དགའ་བའི་བོད་པ་ཚང་ལ་མ་འོངས་བའི་མདུན་ལམ་དང་། གསར་གཏོད་ཀྱི་ཉི་ཟེར་ཤར་བའི་སྐལ་བ་སྔར་ནས་འགག་ཟིན་པས། ཡོད་ཚད་རྨི་ལམ་རང་རེད།
།
༢༽ དྲང་བདེན་དང་གནས་ལུགས་ཁྲོད་ནས་བོད་ཀྱི་མ་འོངས་བའི་མདུན་ལམ་འཚོལ་ཐབས།
།
སྤྱིར་བཏང་བོད་པའི་སྤྱི་ཚོགས་འདི་གནས་ལུགས་དང་རྒྱུ་མཚན་ལ་དཔྱད་མཁན་ཧ་ཅང་ཉུང་། རྨོངས་ཤིང་ལྐུགས་པའི་ལྷན་སྐྱེས་ཀྱི་དུས་རབས་དང་དུས་རབས་བར་ནས་ཆེས་རྗེས་ལུས་ཀྱི་མི་རིགས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ང་ཚོ་ཚང་མས་རྟོགས་དགོས། དེ་བཞིན་དྲང་བདེན་དང་གནས་ལུགས་བྲལ་བའི་སྤྱི་ཚོགས་ནི། ཤེས་རྨོངས། ཀླ་ཀློ། རྨོངས་དད། འཁྲེལ་མེད། སྒེར་གཅོད་སོགས་འཕེལ་རྒྱས་ཀྱི་རྩ་བ་ཆད་པའི་བཙོན་ར་དང་ཆ་འདྲ་ཞིག་ཏུ་ཆགས་ཡོད། དེ་ཡང་དཔེ་བཞག་ན། བོད་པའི་སྤྱི་ཚོགས་ཀྱི་སྔར་འདས་བྱུང་རིམ་དག་ལ་དམིགས་ནས་བཤད་ན་ཡང་། སྔོན་དང་ད་སོགས་དུས་ནམ་ཡིན་ཡང་། རང་རེ་བོད་པ་རྣམས་ལ་གཅིག་ཐོག་གཉིས་བརྩེགས་ཀྱི་ཕམ་ཁ་རབས་དང་རིམ་པ་ཞིག་བྱུང་དང་འབྱུང་མུས་ཡིན། རྒྱུ་མཚན་ཡང་མདོར་སྡུས་ནས་བཤད་ན།
།།
དང་པོ། ལོག་ལམ་དུ་ཕྱིན་པའི་ཆོས་ལུགས་ཀྱི་སློབ་གསོ།
།
སྤྱིར་ཡིན་ན་རྨང་གཞི་སློབ་གསོའི་སྤུས་ཚད་ལྡན་པ་དང་། རྣམ་དཔྱོད། དྲང་བདེན་དང་གནས་ལུགས་རྟོགས་པའི་གང་ཟག་ཤིག་གི་ལྟ་ཚུལ་ལ། ནང་པའི་ཆོས་ལུགས་པ་དག་ཕན་ཚུན་མི་མཐུན་པ་དང་རྩོད་རྙོག་གང་ཡང་མེད་ལ་སྔར་ཡོད་ཀྱི་ཆོས་ལུགས་ཆེ་ཁག་དམིགས་ཡུལ་དང་ཕུགས་འདུན་ཡོད་ཚད་གནམ་འོག་གི་འགྲོ་བ་མིའི་ཁྱད་ཆོས་དང་སྤྱོད་བཟང་དག་མི་ཉམས་གོང་འཕེལ་གཏོང་རྒྱུ་དང་། ང་ཚོ་ལ་ཆེས་གལ་གནད་ཆེ་བའི་བྱམས་སྙིང་རྗེ་དང་། བཅོས་མིན་གྱི་བཟོད་པ། ལྷག་བསམ། མི་སྒེར་གྱི་རང་ཚུགས་ཀྱི་ལྟ་བ་ཡང་དག་རྣམས་གཅེས་སྐྱོང་ལ་དམིགས་ཡོད་པ་གསལ་པོ་མཐོང་། འོན་ཀྱང་མི་དང་མིའི་བར་ན་གནས་ལུགས་དང་ཕྱོགས་རིས་མེད་པའི་ཆོས་ལུགས་ཤིག་ད་བར་ང་ཚོས་བསྐྲུན་ཐུབ་མེད་། ད་དུང་མི་རབས་གསར་པ་དག་ལ་དུས་རབས་དང་མཐུན་པའི་བསམ་བློའི་རང་དབང་དང་ཤེས་ཚད་ངོ་མ་ཞིག་གི་སློབ་གསོ་ཐོབ་མེད་པས། སྔར་མེད་ཀྱི་གནས་ལུགས་དང་། ལྟ་གྲུབ། ལམ་དང་ལུགས་སྲོལ་གང་མང་ཞིག་བསྐྲུན་ནས་མི་དང་མིའི་བར་ན་རྒྱང་ཐག་གིས་འགལ་ཟླ་བཟོས་ཡོད། དཔེར་ན་བོད་པའི་སྤྱི་ཚོགས་ཁྲོད་དུ་མི་གསོད་རྐུན་འཕྲོག མགོ་སྐོར་དང་གཡོ་སྒྱུ། གཞན་ལ་གནོད་འཚེ། ཉམ་ཆུང་ལ་མཐོང་ཆུང་དང་། སྤྱི་སེམས་བྲལ་བ། ཆང་རག་ལ་ངན་གོམས། སྤྱི་དོན་སྣང་མེད། དུག་རྫས་འཐེན་པ། ངན་སེམས་དང་ཕྲག་དོག འགྲན་སེམས་དང་འཇིགས་སྣང་སོགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ད་དུང་ཕ་མས་བུ་ཕྲུག་བསད་པ་དང་བུ་ཕྲུག་གིས་ཕ་མ་བསད་པའི་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། རྒྱུ་མཚན་འདི་ལ་དམིགས་ནས་བརྗོད་ན་ང་ཚོ བོད་པ་རྣམས་ལ། ནང་བསྟན་གསུང་རབ་ཀྱི་བརྗོད་སྙིང་གཏིང་ཟབ་པོ་རྟོགས་པའི་ཆོས་ལུགས་ཀྱི་ཤེས་ལྡན་པ་གསོ་སྐྱོངས་ཉུང་བ་དང་། རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགོས་མཁོ། ཁ་ཕྱོགས། ངོ་བོ། གལ་གནས་སོགས་ཀྱི་མི་གཤིས་སློབ་གསོ་ཧ་ཅང་ཞན་པ་མཐོང་། ལྷག་པར་ཏུ་ཆོས་ལུགས་ཀྱི་ངོ་བོ་ཁུར་ནས་གཞན་ལ་མགོ་སྐོར་གཏོང་བ་དང་། ངོ་ཚ་འཁྲེལ་མེད་ཀྱི་བྱ་བ་སྤྲོད་པ། ཁྲིམས་དང་འགལ་བའི་བྱ་བ་སྒྲུབ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། གནས་སྟངས་དེ་འདྲ་ཞིག་ལ་སླེབས་དུས། མ་འོངས་པའི་བོད་ཀྱི་མདུན་ལམ་ཆེད་དུ་ཆོས་ལུགས་ལས་འདས་པའི་སློབ་གསོ་དགོས་པ་ཧ་ཅང་གལ་ཆེན་མཐོང་།
།།
གཉིས་པ། ལོག་ལམ་དུ་ཕྱིན་པའི་ཕུགས་བརྟན་གྱི་དམིགས་ཡུལ།
།
དྲང་བདེན་དང་གནས་ལུགས་མ་བརྩིས་པ་དང་དཔྱད་བསྡུར་མ་བྱེད་པས། བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི། སློབ་མ་དང་དགེ་རྒན་བར། མི་དང་མིའི་བར། ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་བར་ན་ཕྱོགས་རིས་ཀྱི་སོ་རྡར། ནང་འགལ་གྱི་མེ་ལྕེ་སྒྲོན། ཕྲག་དོག་གི་རྦབ་རྡོ་སྒྲིལ། བདེ་སྡུག་གོ་ལྡོག་ཏུ་ཁྱེར་བས་ང་ཚོ་རྗེས་ལུས་ཀྱི་ལམ་དུ་རྫང་། བླུན་རྨོངས་ཀྱི་གནས་སུ་དེད། དབུལ་ཕོངས་ཀྱི་གཡང་དུ་ལྷུང་བ་མ་ཡིན་ནམ། དྲང་མོ་བཤད་ན། གྲགས་ཉུང་མི་རིགས་ཞིག་ལ་མཚོན་ན། སྤྱི་ཚོགས་འཆམ་མཐུན་གྱི་རྩ་བ་གནས་ལུངས་དང་དྲང་བདེན་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་མ་ཕུགས་བརྟན་གྱི་དམིགས་ཡུལ་ལ་ཆགས་ཡོད། ཇི་ལྟར་ཞེ་ན། སྤྱི་ཚོགས་གང་ཞིག་གནས་ལུགས་ལ་དཔྱད་པའི་བློ་རྒྱ་ཡངས་བ་དང་། ཕུགས་རྒྱང་གི་དམིགས་ཡུལ་ལྡན་པ། དཔལ་འབྱོར་རང་དབང་ཅན། བསམ་བློའི་རང་དབང་འགྱུར་དགོས་ན། ང་བཟང་ཁྱེད་ངན་གྱི་འཁྲེགས་འཛིན་གྱི་ལྟ་བ་དང་གུ་དོག་གི་འདུ་ཤེས་སོགས་མི་དགོས་པ་ཡོད་ཚད་རྒྱང་དུ་གཡུགས་ནས། གནས་ལུགས་ལ་དཔྱད་པའི་དཀྱེལ་ཡངས་རྒྱང་མཐོང་གི་བློ་མིག་དག་ཡོང་ཐབས་ལ་འབད་དགོས། འོན་ཀྱང་། ང་ཚོའི་སྤྱི་ཚོགས་ཁྲོད་མི་རིགས་ཞིག་གི་ཕུགས་བརྟན་ལ་བསམ་བློ་བཏང་མཁན་ཕར་བཞོག་ཐ་ན་སོ་སོའི་མི་རིགས་དེ་བོད་པ་ཡིན་པས་ངོ་ཚ་གནང་མཁན་ཡང་གྲངས་ལས་འདས་པ་ཡོད། དེ་ལས་ལྡོག་སྟེ་མི་དགོས་པའི་ཟ་ཁང་དང་ཇ་ཁང་སོགས་ནས་གཞན་ལ་གུས་གུས་ཞུམ་ཞུམ་གྱི་ངང་རང་དོན་ཁོ་ན་སྒྲུབ་མཁན་མང་དྲགས་པས། ཤེས་བྱ་རིག་པའི་སྡེ་ཁ་ལ་སྔར་མེད་ཀྱི་སྟོང་ཆ་ཇེ་ཆེ་ནས་ཇེ་ཆེ་འགྲོ་བཞིན་ཡོད་པ་མི་རིགས་ཞིག་ལ་མཚོན་ན་ངོ་མ་ཡིད་ཕམ་པའི་གནས་ཚུལ་ཞིག་རེད་ལ། རང་ཉིད་ཀྱི་རང་ཉིད་ནུས་མེད་དང་། འཇོན་མེད། ཤེས་མེད། བློ་མེད་སོགས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་རང་གི་མི་གཞིའི་འདུ་ཤེས་ལ་མཐོང་ཆུང་དང་དམའ་འབེབས་ཇི་ཙམ་བྱེད་པ་དེ་ཙམ་གྱིས་བོད་མི་རིགས་ཀྱི་ཕུགས་བརྟན་གྱི་མདུན་ལམ་མེད་པར་ཆགས་ཡོད། ༼ལི་ཏ་ཀྲོ་༽ཡིས་གསུང་པར་ལྟར། མི་སྒེར་གྱི་ཚེ་སྲོག་ནི་རྩ་ཆེ། ཡིན་ནའང་མི་རབས་ཤིག་གི་བདེན་དོན་ནི་དེ་ལས་རྩ་ཆེ། ཚེ་སྲོག་ཤོར་རུང་བདེན་དོན་གནམ་འོག་ཏུ་གནས་ཐུབ་ན། དེ་ལྟར་ཤི་རུང་རིན་ཐང་ལྡན། དེ་ཕྱིར་འབྱུང་འགྱུར་མི་རབས་འདི་དུས་རབས་དང་མཐུན་པའི་བསམ་བློའི་རང་དབང་དང་། དུས་རབས་དང་མཐུན་པའི་མི་རིགས་ཞིག་གི་མདུན་ལམ་དང་དམིགས་ཡུལ་འཛིན་ཕྱོགས་ལ་སློབ་གསོ་སྐྲུན་དགོས། ཡང་གཅིག་བཤད་ན། ང་ཚོ་མི་སུ་དང་གང་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་འཇོན་ཐང་དང་ནུས་པ། བསམ་བློ། ལྟ་རྒྱ་དང་མཐོང་རྒྱ་སོགས་ཅིའི་ཐད་ནས་ཚད་བཀག་ཆེ་བས། མི་བུ་རང་ཉིད་ཀྱིས་གཉེར་བཞིན་པའི་བྱ་བཞག་ཆེ་ཆུང་གང་ཞིག་ཡིན་རུང་། སྐབས་རེར་འཐུས་ཤོར་དང་གོལ་འཛོལ། ནོར་འཁྲུལ་མི་འབྱུང་བའི་ངེས་པ་དེ་བས་མེད། རྒྱུ་མཚན་ང་ཚོ་ཚང་མ་སངས་རྒྱས་ལྟར་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་ཚད་གཞི་མཐོ་ཤོས་དེར་ད་དུང་སླེབས་མེད་པས་མི་མང་པོ་ཞིག་ནོར་འཁྲུལ་དང་འཐུས་ཤོར་ལ འཇིགས་ནས་སྤྱི་ཚོགས་ནང་ནས་ཡར་ལང་མ་ཐུབ་པ་ལྷག་བསྡད་པ་མང་པོ་མཐོང་།
དེར་བརྟེན། བོད་པའི་སྤྱི་ཚོགས་ནང་ལ་ལོག་ལམ་དུ་ཕྱིན་པའི་ཆོས་ལུགས་ཀྱི་སློབ་གསོ་དང་ལོག་ལམ་དུ་ཕྱིན་པའི་ཕུགས་བརྟན་གྱི་དམིགས་ཡུལ་གྱི་འོག་ནས་ཕྱོགས་མང་པོར་སྣང་ཚུལ་དང་གནས་ཚུལ་མི་མཐུན་པར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་དང་ཐེབས་བཞིན་ཡོད་དོ།
།།
མཇུག་གཏམ་སེམས་ཀྱི་རེ་འབོད།
།
གསར་གཏོད་དང་རྣམ་དཔྱོད་ལྡན་པའི་གངས་རིའི་ན་གཞོན་ཚོ། གནའ་དེང་ཕྱི་ནང་གི་ཤེས་ཡོན་བཟང་བའི་མི་རབས་གསར་པ་ཚོ། འདི་ལྟར་བསམ་གཞིག་རེ་དང་ཚོར་རླབས་རེ་རེ་ནས་སྨྱུ་གུ་ལག་ཏུ་འཆང་དུས་བརྗོད་འདོད་པའི་སེམས་གཏམ་མང་དྲགས་པས། རང་དབང་མེད་པར་ཤོར་འགྲོ། བསམ་དབང་མེད་པར་བཞུར་འགྲོ། ཡང་ཅིག་བཤད་ན་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབས་ངོས་ལ་བལྟས་ན། བོད་མི་རིགས་ཀྱི་ཆོས་ལུགས་རིག་གནས་དང་ལོ་རྒྱུས་རིག་གནས། རྩོམ་རིག་སྒྱུ་རྩལ་རིག་གནས། བཟོ་སྐྲུན་རིག་གནས། རང་བྱུང་སྐྱེ་ཁམས་རིག་གནས། གསོ་རིག་སྐར་རྩིས་རིག་གནས། གོས་རྒྱན་རིག་གནས། བཟའ་བཏུང་རིག་གནས་ལ་སོགས་པའི་རིགས་གནས་གལ་ཆེན་དག་ལ་མ་འོངས་པར་དམིགས་བསལ་གྱི་དོ་སྣང་བྱེད་རྒྱུ་དང་གཅིག གཉིས་ནི་དེ་རིང་འཐུས་ཚང་གི་མི་རབས་གསར་པའི་གྲ་སྒྲིག་འདི། སང་ཉིན་གྱི་འོད་སྟོང་བོད་མི་རིགས་ཀྱི་མདུན་ལམ་ཡིན་པ་དང་། མི་རིགས་ཤིག་གི་སང་ཉིན་གྱི་རྒྱལ་ཁ་འདོད་ན། མི་རིགས་འདིའི་ཁ་སང་གི་ཕམ་ཁའི་འབྱུང་རྐྱེན་འཚོལ་དགོས། དེ་དག་ཡོད་ཚད་ནི་དེ་རིང་གི་བོད་ཀྱི་མི་རབས་དག་གི་ལས་འགན་ཞིག་ཡིན་དུས། ངའི་སྨྱུ་ཁ་ནས་རང་དབང་མེད་པར་ཤོར་འགྲོ། ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཚོ། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱི་ཁ་བའི་ན་གཞོན་དག་ཚོར་མེད་བག་འཁུམ་གྱི་འདུ་ཤེས་སྤངས་ནས། གངས་ཅན་པའི་དཀའ་སྡུག་གི་ལོ་ཟླ་ཡོད་ཚད་སེམས་ལ་བརྣག་དགོས། ང་ཚོ་ཚང་མས་མི་རིགས་ཞིག་གི་བསམ་བློ་ལྡན་པའི་ཐོག་ལ་སྔར་ལས་ལྷག་པའི་གསར་གཏོད་དང་རྣམ་དཔྱོད་ཀྱི་ནུས་པ་མཐོ་རུ་བཏེགས་ཏེ་མི་རིགས་འདི་སྐྱོབ་པའི་དུས་ལ་བབ་ཡོད་པ་མ་བརྗེད་ཨང་།
གངས་རིའི་ན་གཞོན་ཚོ། ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་དང་བཅོས་མིན་གྱི་གནས་ལུགས་ལ་འཇུས་ནས་ཡར་ལང་དགོས། ཁ་དཔེ་ལ། ཐེངས་བརྒྱར་འགྱེལ་སོང་རུང་། ཐེངས་བརྒྱ་ལ་ངེས་པར་དུ་ལང་དགོས། དེ་བས་ཀྱང་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་རིག་གནས་ཀྱི་ཕམ་ཁ་ལ་བསམ་བློ་བཏང་ནས་བརྗོད་ན། ད་ལྟའི་དུས་སུ་སྲོལ་རྒྱུན་དང་དེང་རབས་གཉིས་ཟུང་དུ་འབྲེལ་བའི་ཤེས་ཡོན་པ་དང་། ཤེས་ལྡན་པ་གསོ་སྐྱོང་ཐོག་ལ་སྔར་མེད་ཀྱི་འགྱུར་བ་ཤུགས་ཆེ་ཞིག་བཏང་དགོས་འདུག སྔར་མེད་ཀྱི་འགྱུར་ལྡོག་འདིའི་ཁྲོད་ནས་དྲང་བདེན་དང་གནས་ལུགས་ཁྲོད་ནས་བོད་ཀྱི་མ་འོངས་བའི་མདུན་ལམ་འཚོལ་དགོས་ལ། གསར་གཏོད་དང་རྣམ་དཔྱོད་ཀྱི་སྟོབས་ཤུགས་ལས་བོད་མི་རིགས་ཀྱི་མདུན་ལམ་སྐྱོང་ཐབས་ལ་འབད་དགོས། མདོར་ན། བོད་རྒྱལ་ཁབ་ནི་བོད་མི་ཚང་མའི་ཡིན། མདུན་ལམ་ནི་བོད་མིའི་མ་འོངས་བའི་བདེ་སྐྱིད་ཡིན། བོད་པའི་ས་ཐོག་ཏུ་སྐྱེས་ཤིང་། བོད་པའི་འབྲུ་རིགས་སྣ་ལྔ་ཟ་བ། བོད་པའི་གོས་ལྭ་གྱོན། སྐྱེས་ཕོ་མོ་རྒན་གཞོན་སུ་ཡིན་རུང་། ཚང་མ་བོད་མི་རིགས་ལ་དགའ་ཞེན་ཡོད་པའི་ཡིད་ཆས་ཡོད་ལ་ཕྲན་གྱི་དཔྱད་རྩོམ་འདི་རང་གི་སེམས་ཀྱི་དམར་དམར་རྗེན་རྗེན་པོ་སྨྱུག་ཁ་ནས་ཤོར་བའི་སེམས་གཏམ་ཡང་ཡིན། མ་ཟད་བདག་གིས་བོད་མི་རིགས་ཀྱི་ད་ལྟའི་མི་རབས་ཚོ་ལ་བཅོལ་བའི་ཆེས་མཐའ་མའི་རེ་བ་ཡང་ཡིན་ནོ།། །།
།
བསམ་ཚུལ་ཕྲིས།