རིག་འཛིན་དྲན་པ།
རྩོམ་ཡིག་འདི་ཐེངས། 543 བཀླགས་འདུག
བྲག་གི་རི་བོ་གོས་སུ་བྱས་ཤིང་།།
འདི་སྣང་འཇའ་ཡི་སྒོམ་ཐག་བཅིངས་ཏེ།།
ཏིང་འཛིན་ཟས་ཀྱི་མངར་ཁ་ལྡག་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
སྐད་གཉིས་སྨྲ་བའི་ལྗགས་རྩེ་རྣོ་བ།།
གསང་ཆེན་རྒྱུད་སྡེ་ཐུགས་ལ་གཏམས་པ།།
ལུང་རིགས་དབྱར་གྱི་གྲུ་ཆར་འཇོ་བའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
འདི་སྣང་རྫུན་པའི་ཞབས་རྗེས་སྤར་ཞིང་།།
མ་བཅོས་གཤིས་ཀྱི་རྒྱལ་ས་མནན་ཏེ།།
སྟོང་ཆེན་དབྱིངས་ཀྱི་འགུལ་དབྱངས་འཐེན་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
མ་རིག་བདུད་དཔུང་ཞེ་ལ་བརྣགས་ཤིང་།།
ཐབས་ཤེས་ཉི་ཟླའི་གོ་ཆ་བགོས་ཏེ།།
ཤེས་རབ་འབུམ་གྱི་མདུང་སོ་བསྣུན་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
མེ་ཏོག་དག་ཀྱང་ཆུ་ཟླར་འདྲེས་ཤིང་།།
མྱོས་བྱེད་རྟོགས་པའི་གསོས་སུ་འཕེལ་ཏེ།།
ཐམས་ཅད་ཡུམ་གྱི་ཀློང་དུ་ཞུགས་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
ལྟ་བའི་གཤོག་དྲུག་རྩད་ནས་རྒྱས་ཤིང་།།
སྤྱོད་པའི་གོམ་ཆུང་ས་རུ་ཕབ་སྟེ།།
སྲིད་པའི་མེ་རི་ཞི་བས་བཏུལ་བའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
རླག་བྱེད་ཛཱོ་ལ་ཡ་ང་མེད་ཀྱང་།།
སྲིད་པའི་འཁོར་ལོར་མིག་རྒྱང་བསྲིངས་ཏེ།།
ཞི་བའི་ལྷ་ཆབ་ཁོག་ལ་འཁྱིལ་བའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
བདེན་པའི་རི་ལ་སེམས་ཀྱིས་ཁེན་ཞིང་།།
ཡང་དག་གནས་ལུགས་སྲོག་གིས་བསྲུངས་ཏེ།།
གཤེན་བསྟན་མི་ནུབ་མཐར་རུ་བསྒྲོན་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
སེམས་ཀྱི་གཤིས་ལ་སེམས་པ་གླན་པས།།
དག་པ་གཉིས་ཀྱི་ལྷ་ཞལ་གཟིགས་ཏེ།།
ཟད་པ་གསུམ་གྱི་ཕ་མཁར་བཟུང་བའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
མེ་ཡི་ཐིག་ལེ་མལ་གདན་བྱས་ཤིང་།།
རིག་པའི་ལྷ་མོར་མཛའ་བརྩེ་འདྲིས་པས།།
ཡང་གསང་ཐབས་ཀྱི་དཀྱིལ་འཁོར་རྫོགས་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
དག་པ་ཆེན་པོ་བདེ་ཆེན་ས་རུ།།
བགྲོད་བྱེད་འདོ་རིགས་རྟ་ཕོ་དོར་ཏེ།།
འཕྲུལ་གྱི་བྱ་ཕོའི་ཉེ་ལམ་བསྙེགས་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
ཐོས་བསམ་བདུད་རྩི་ཧུབ་ཀྱིས་བཞེས་ཤིང་།།
ཐིག་ལེ་ཉག་ཅིག་ཐུགས་སུ་ཆུད་པས།།
མྱང་འདས་ས་རུ་འཛུམ་ཆུང་བཞད་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
མཚན་མ་ཚིག་གི་སྨྲ་སྒོ་བསྡམས་ཏེ།།
རྒྱུད་སྡེ་དགོངས་པའི་སྲད་བུར་བརྒྱུས་པས།།
མན་ངག་དོན་གྱི་རྒྱལ་སྲས་འཁྲུངས་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
ཚན་རྩལ་བུ་མོའི་བློ་ལས་འགོངས་པའི།།
འཕོ་བ་གྲོངས་འཇུག་ཟབ་གདམ་གནད་ཀྱིས།།
ཤ་ཁྲག་གདོས་ལུས་རྗེ་པོ་རྒྱག་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
ཧཱུྃ་དང་ཕཌ་སྒྲའི་གད་རྒྱངས་རེ་རེ།།
ཉམས་དང་རྟོགས་པའི་ཀློང་ནས་བརྡོལ་ཚེ།།
ཉོན་ཤེས་བདུད་སྡེའི་ཀླད་ཁྲག་བསྲེ་བའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
ཚད་མེད་བཞི་ཡི་ལྷ་ལམ་ངོགས་ནས།།
ཐོག་ལྕེ་ལྟ་བུའི་འཇིགས་ཞལ་བསྟན་པས།།
ནུབ་ཀྱི་བྲག་སྲིན་དམ་ལ་བཏགས་པའི།།
རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
།
ཞེས་དབུ་མ་འཛིན་གྲྭའི་སློབ་གཉེར་བ་ཞིག་གིས་བྲིས་པས་སྔགས་རྫོགས་ཀྱི་ཐ་སྙད་འགའ་ཞིག་བཀོད་ཡོད་པ་དེ་དག་གཙོས་དོན་ལ་འགལ་འཁྲུལ་མཆིས་ན་རིག་པ་འཛིན་པའི་ཚོགས་ལ་མཐོལ་བཤགས་ཞུའོ།།
2016/5/9ཉིན། རང་ཤག་དབྱངས་ཅན་དགའ་ཚལ་ནས།
བསམ་ཚུལ་ཕྲིས།