སྨན་རིའི་སློབ་གཉེར་བ་རྒྱལ་རོང་གཡུང་དྲུང་ཚེ་རིང་།

རྩོམ་ཡིག་འདི་ཐེངས། 4331 བཀླགས་འདུག

IMG_1306སྨན་རིའི་སློབ་གཉེར་བ་གཡུང་དྲུང་ཚེ་རིང་ལགས་རྔ་ཡུལ་སྣང་ཞིག་དགོན་དང་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་ཞུགས་ཏེ་དམིགས་བསལ་ངག་རྒྱུགས་ཤོག་ངོས་ ༡༡༥༥ ཕུལ་བ་ནི་སྤྱིར་བཏང་གི་སློབ་གཉེར་བ་ཞིག་ལ་མཚོན་ན་ཤིན་ཏུ་དཀའ་བའི་གནད་ཅིག་ཡིན་པས་འདི་ག་རྩོམ་སྒྲིག་ཁང་གིས་ཁོང་གི་བྱས་རྗེས་ལ་མངོན་བསྟོད་ཡི་རངས་དང་སློབ་གཉེར་བ་གཞན་གྱིས་མིག་དཔེར་འོས་ཕྱིར་ལོ་རྒྱུས་མདོར་བསྡུས་ཞིག་འདི་ག་རྒྱལ་གཤེན་བོན་སྒྲའི་མི་སྣ་ངོ་སྤྲོད་ཅེས་པའི་ལེའུ་ཚན་དུ་བཀོད་ཡོད།

      གཡུང་དྲུང་ཚེ་རིང་ལགས་ནི་ ༡༩༩༠ ལོར་བོད་ཀྱི་ཤར་ཕྱོགས་རྒྱལ་མོ་རོང་གི་ནང་ཚན་ཁྲོ་སྐྱབས་ཞེས་པའི་ལུང་པ་དེར་སྐྱེས། ལོ་བདུན་གྱི་ཐོག་ནས་སློབ་གྲྭར་ཕྱིན་ཏེ་རྒྱ་ཡིག་སྦྱང་འགོ་ཚུགས། ལོ་དགུའི་ཐོག་རྒྱལ་རོང་ཁྲོ་སྐྱབས་ཀྱི་མངའ་ཁོངས་སུ་གཏོགས་པའི་མདོ་སྔགས་བླ་མེད་ཡིད་བཞིན་ནོར་བུ་གླིང་ཞེས་པའི་དགོན་པར་དགེ་སློང་ཡོན་ཏན་རྒྱ་མཚོ་དགེ་རྒན་དུ་བསྟེན་ཏེ་འདོན་ཆོག་སྐོར་དང་། ནག་རྩིས། དེ་བཞིན་བྲིས་གཟུགས་སོགས་ལ་ལོ་གསུམ་རིང་སྦྱང་བ་མི་ཉུང་བ་བྱས། ལོ་བཅུ་གསུམ་ཐོག་མདོ་སྨད་སྣང་ཞིག་དགོན་ཆེན་དུ་ཕྱིན་ཏེ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་དང་། རྒྱལ་ཚབ་རིན་པོ་ཆེ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་རྣམ་གཉིས་ཀྱི་སྐུ་མདུན་ནས་དག་པ་རབ་བྱུང་གི་སྡོམ་ཁྲིམས་བླངས་ཏེ་ཚོགས་གྲལ་དུ་ཞུགས། ལོ་གཅིག་ལྷག་གི་རིང་བྲིས་གཟུགས་དང་འདོན་ཆོག་སོགས་ཀྱི་སྐོར་ལ་སླར་ཡང་ཚུལ་བཞིན་སྦྱངས། ལོ་བཅུ་བཞིའི་ཐོག་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་སྒྲུབ་གྲྭའི་ཁོངས་སུ་ཞུགས་ཏེ་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་གཙོས་པའི་བླ་མ་དགེ་བཤེས་མི་ཉུང་བ་ཞིག་གི་མདུན་ནས་དབང་ལུང་གི་གདམས་པ་དུ་མ་ཞིག་ཐོབ་པ་མ་ཟད་མུན་མཚམས་དང་རྩ་རླུང་སོགས་ལོ་བཞིའི་རིང་དེ་གའི་སྒྲུབ་གྲྭ་བར་སྒྲིག་ལམ་གང་ཡོད་པ་ཚུལ་བཞིན་གཉེར་ཏེ་སྒྲུབ་གྲྭ་མཐར་ཕྱིན། ལོ་བཅོ་བརྒྱད་ཐོག་སྣང་ཞིག་བཤད་སྒྲུབ་སློབ་གླིང་གི་བཤད་གྲྭ་བའི་ཁོངས་སུ་ཞུགས་ཏེ་སྡུད་རྟགས་ཚད་གསུམ་ལོ་གསུམ་ལ་སྦྱངས། དེ་ནས་དགོངས་ཞུ་བྱས་ནས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱོར་ཏེ་སྨན་རིའི་སྒྲིག་ལམ་ལྟར་སྔར་ཐོས་བསམ་གང་བྱས་པ་དེ་དག་ཡིག་རྒྱུགས་ཕུལ། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་བཤད་སྒྲུབ་འདུས་སྡེར་ཚད་མ་ནས་འཛུལ་ཞུགས་བྱེད་ཆོག་པའི་བཀའ་གནང་བ་གཞིར་བཞག་ཐོག་ཚད་མ་ནས་འཛུལ་ཞུགས་བྱས་ཏེ་ལོ་ལྔའི་རིང་ཚད་མ་དང་། ཐེག་འགྲེལ། ས་ལམ། ཤེར་ཕྱིན་སྐབས་དང་པོ་དང་སྐབས་གཉིས་པ། དེ་བཞིན་རིག་གནས་ཆེ་ཆུང་དག་ལ་རིམ་བཞིན་ཧུར་བརྩོན་ལྷོད་མེད་གནང་བཞིན་མཆིས།

    དེའི་ནང་ནས་དམིགས་བསལ་སྔར་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞེས་བརྗོད་ནའང་མ་འགྲིག་པ་མེད་པ་ལྟ་བུའི་ངོ་མཚར་ཆེ་བ་ཞིག་ཏུ་སློབ་གཉེར་བ་གཡུང་དྲུང་ཚེ་རིང་ལགས་སྨན་རིའི་གླིང་དུ་འབྱོར་རྗེས་ལོ་རིམ་དང་པོའི་ནང་མཁན་ཆེན་ཉི་མས་མཛད་པའི་སྡུད་གྲྭ་ཤོག་གྲངས་ ༡༣༦ ཅན་ངག་རྒྱུགས་ཕུལ། ལོ་རིམ་གཉིས་པའི་ནང་རྗེ་མཉམ་མེད་ཆེན་པོས་མཛད་པའི་ཚད་མའི་འགྲེལ་བ་ཤོག་གྲངས་  ༡༣༤ ཅན་ངག་རྒྱུགས་ཕུལ་བ་མ་ཟད་༧བོན་གྱི་སྤྱན་ལྡན་ཆེན་པོས་མཛད་པའི་ཚད་འགྲེལ་ཤོག་གྲངས་ ༢༤༠ ཅན་ཆ་ཚང་ཡང་ངག་རྒྱུགས་ཕུལ། ལོ་གཅིག་གི་ནང་ཚད་མ་རྣམ་འབྱེད་འཕྲུལ་གྱི་ལྡེའུ་མིག་དང་། ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་གཉིས་བློ་འཛིན་བྱས་ཏེ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་སོགས་ཀྱི་མདུན་དུ་མ་ལྷག་མ་བཅོས་པར་ངག་རྒྱུགས་ཆ་ཚང་ཕུལ་བ་དེ་ནི་སྤྱིར་བཏང་གི་སློབ་གཉེར་བ་ཞིག་ལ་མཚོན་ན་ཧ་ཅང་དཀའ་བའི་གནས་ཞིག་རེད། རྒྱུ་མཚན་ནི་ཚད་མ་རྣམ་འབྱེད་འཕྲུལ་གྱི་ལྡེའུ་མིག་བོན་གྱི་ཡིག་ཆ་གཞན་དང་མི་འདྲ་བར་ཚིག་མཁྲེགས་ལ་བློ་འཛིན་བྱེད་རྒྱུ་ལྟ་ཞོགས་ཚར་གཅིག་འདོན་ཀློག་དགོས་ན་ཡང་དཀའ་མོ་ཞིག་ཡོད་པ་མངོན་གསལ་རེད། གང་ལྟར་ཁོང་གི་བློ་རྩལ་དང་བརྩོན་འགྲུས་ནི་བོད་ཕྱི་ནང་གི་གཡུང་དྲུང་བོན་གྱི་སློབ་གཉེར་བ་དག་གིས་མིག་དཔེར་ལྟ་འོས་པ་དང་ཡིད་རངས་བྱེད་འོས་པ་ཞིག་ཏུ་གྱུར་འདུག

     ལོ་རིམ་གསུམ་པའི་ནང་སྟོན་པ་སངས་རྒྱས་ཀྱིས་མཛད་པའི་ཐེག་འགྲེལ་ཤོག་གྲངས་ ༤༨ ཅན་ངག་རྒྱུགས་ཕུལ་བ་དང་མཉམ་དུ་ལོ་དེར་རྗེ་མཉམ་མེད་ཆེན་པོས་མཛད་པའི་ས་ལམ་བསྡུས་དོན་ཤོག་གྲངས་ ༢༩ ཅན་དང་། ལོ་རིམ་བཞི་བའི་ནང་༧བོན་གྱི་སྤྱན་ལྡན་ཆེན་པོས་མཛད་པའི་ས་ལམ་འཕྲུལ་གྱི་ལྡེའུ་མིག་ཤོག་གྲངས་ ༢༩༢ ཅན་ཆ་ཚང་ངག་རྒྱུགས་ཕུལ། གོང་སྨོས་ལྟར་འགྲོ་མགོན་བླ་མས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་ལྡེའུ་མིག་བློ་འཛིན་གནང་རྒྱུ་ཤིན་ཏུ་དཀའ་བ་བཞིན་ས་ལམ་འཕྲུལ་གྱི་ལྡེའུ་མིག་ཡང་དེ་བཞིན་བློ་འཛིན་ཆ་ཚང་དུས་གཅིག་ལ་བློ་རྒྱུགས་ཕུལ་ཐུབ་པ་ནི་བསྔགས་པར་འོས་པའི་གནས་ཞིག་ཅིའི་ཕྱིར་མིན། ལོ་རིམ་ལྔ་པའི་ནང་མཁན་ཆེན་ཉི་མས་མཛད་པའི་ཕར་ཕྱིན་སྐབས་དང་པོའི་རྣམ་བཤད་ཤོག་གྲངས་ ༢༤༠ དང་། ལོ་དེ་གའི་ནང་མཚོན་བྱེད་ཞེ་ལྔའི་རྣམ་བཞག་ཤོག་གྲངས་ ༣༦ ཅན་ཆ་ཚང་ངག་རྒྱུགས་ཕུལ་ཏེ་༧དཔལ་ལྡན་སྨན་རིའི་གླིང་དུ་མུ་མཐུད་ནས་སློབ་སྦྱོང་བྱེད་མུས་སུ་མཆིས། བློ་རྩལ་ལྡན་པ་རྒྱལ་རོང་གཡུང་དྲུང་ཚེ་རིང་ལགས་ལ་ཡི་རངས་ཞུ་འོས་པའི་གནས་ཚུལ་དེ་དག་གཞི་ལ་བཞག་སྟེ་བོད་ཕྱི་ནང་གི་གཡུང་དྲུང་བོན་གྱི་སློབ་གཉེར་བ་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་ཐུབ་པའི་རེ་བ་དང་སྨོན་ལམ་འདེབས་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཞིག་རེད་ཅེས་ཞུའོ།། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *