ཨ་གནམ་རྒན་མ།
རྩོམ་ཡིག་འདི་ཐེངས། 1171 བཀླགས་འདུག
རྟ་དམག་བྱེ་བའི་རུ་དཔུང་མེ་རི་འཕྱུར།།
དཔའ་བོའི་ཀི་སྒྲས་བྲག་གི་རི་བོ་བསྙིལ།།
དགྲ་དཔུང་རྩྭ་ཕུང་མེ་ལྕེས་བཅོམ་བཅོམ་བྱས།།
ང་ཡི་མེས་པོས་ས་ཆེན་གཏིང་ནས་བསྒུལ།།
།
དགྲ་ཁྲག་ཧུབ་ཀྱིས་འདྲེན་པའི་མདུང་རིང་བཅག།།
དགྲ་སྐེ་གཏུབ་པའི་དཔའ་དམ་རྡོ་ལ་བརྡབ།།
དགྲ་སྙིང་གཏོར་བའི་ཉག་ཕྲན་གཞུ་རྒྱུན་བཅད།།
ཤཱཀྱའི་དམག་གིས་བོད་ཁམས་ཕུང་ལ་སྦྱར།།
།
ཚ་བའི་མེ་ལྕེ་འཁྱག་པའི་ཡུལ་དུ་དྲངས།།
གངས་དཀར་ལྷུན་པོའི་དབུ་འཕང་རྨང་ནས་བཞུས།།
མེས་པོའི་ཟུང་ཁྲག་དྲོན་མོའི་བཞུར་རྒྱུན་བསྐམས།།
ཀ་ཅོག་ཞང་གི་ནག་ཉེས་བསྐལ་བར་བསྲིངས།།
།
མ་ཞང་བློན་ཆེན་གསོན་དུར་ནག་པོར་བཙུད།།
བཙན་པོའི་བཙུན་མོ་གཡོ་དང་ཐབས་ཀྱིས་ཕྲོགས།།
དཔའ་མཛངས་སྟག་ར་ཀླུ་གོང་བས་མཐར་བསྐྲད།།
པདྨ་སམ་བྷས་བན་བོན་ཁྲག་བཞིན་དཀྲུགས།།
།
ཐར་བར་བགྲོད་པའི་ལམ་སྣེ་མ་ཟིན་ཅིང་།།
འཁོར་བ་སྒྲུབ་པའི་ནུས་པ་དྲུངས་ཕྱུང་བའི།།
སྲིན་པོ་ངོ་དམར་སྟག་གི་དཔའ་སྙིང་ཅན།།
དུས་ཀྱི་གད་སྙིགས་ཁྲོད་ནས་ཁྱི་རུ་གྱུར།།
།
འདྲ་མཉམ་འགྲོ་བའི་ཁྲོད་ན་མ་སྟོང་ཙམ།།
གླེན་རྟགས་ཁྲི་འབུམ་ཁྲོད་ན་མ་ཉུང་ཙམ།།
གཉའ་ཁྲིའི་རིགས་རྒྱུད་རྩམ་ཟན་གངས་ཅན་པ།།
དུས་འགྱུར་ཚན་རྩལ་ཁྲོད་ན་མ་ཡལ་ཙམ།།
།
གཞན་དོན་ཁ་ལ་འབྱར་བའི་རང་དོན་དང་།།
རང་དོན་ཁོག་ལ་སྤས་པའི་གཞན་དོན་སྟེ།།
དྷར་མའི་སྡར་རྟགས་སྟོན་པའི་བསྟན་པ་ལ།།
གཡམ་རྒྱུག་ཁྲོད་ནས་ཕ་ས་དགྲ་ལ་ཤོར།།
།
ལྟེ་ཁྲག་གངས་རིའི་སུལ་ལ་གཏོར་ཙམ་ལས།།
ས་ཆུང་ལག་མཐིལ་ཙམ་ཞིག་ང་ཚོར་མེད།།
གཞན་གྱིས་བརྙས་ཤིང་རྡེག་པའི་ངང་ཚུལ་འདིའི།།
འབྱུང་ཁུངས་ནག་པོ་དེད་ན་ཤཱཀྱར་ཐུག །
།
ཡུམ་སྐད་རྫ་ཆུ་བསིལ་མའི་བཞུར་རྒྱུན་སྐམ།།
དཔའ་རྟུལ་གྲངས་མེད་མེ་མཆོད་ཀློང་དུ་ཐིམ།།
སྤྱི་བོའི་གཙུག་རྒྱན་བས་མཐའི་ཡུལ་ནས་རྒས།།
ད་ནི་གསོན་ཡང་སྙིང་པོ་ཡོད་དམ་ཅི།།
།
ཉེས་མེད་སྤུན་མཆེད་ཁྲི་མུན་བཙོན་དུ་ལྷུང་།།
བདག་མེད་མཁལ་སྙིང་རྒྱ་ནག་ཁྲོམ་རར་ཁྱབ།།
མགོན་མེད་སྐྱབས་མེད་གངས་ཅན་སྣོད་བཅུད་ལ།།
ཆོས་སྐྱོང་སྲུང་མ་ཡོད་ན་རྒྱུག་རན་རེད།།
།
མེ་ཏོག་སྣ་བརྒྱའི་སྤང་ཐང་རྡུལ་དུ་འཐགས།།
གཏེར་སྣ་སྦྲུམ་པའི་ལྷུན་པོ་ཁུངས་ནས་བྲུས།།
དྭངས་གཙང་བརྙན་འཆར་ཆུ་བོ་དུག་ཏུ་བསྒྱུར།།
ཡུལ་ལྷ་གཞི་བདག་ཡོད་ན་རྦད་རན་རེད།།
།
གངས་ཅན་འགྲོ་བས་བགྲང་བྱ་སྟོང་ཕྲག་ལ།།
བརྔན་བརྔན་སྒྲུབ་པའི་ཡུལ་ལྷ་མཐུ་བོ་ཆེ།།
མཐུ་དང་ནུས་པ་ཡོད་ན་ད་སྟོན་ཅིག།
མེད་ན་གཅིན་སྐྱག་བཏུང་ལ་བཙུམ་ནས་སྡོད།།
།
ཐོ་རི་གཉན་བཙན་ནས་བཟུང་ད་ལྟའི་བར།།
འཛེམས་ཤིང་བསྲུང་བའི་ལས་འབྲས་གཉན་པོ་དེ།།
སྨིན་པའི་དུས་ཤིག་ཡོད་ན་སྨིན་ཚོད་ཡིན།།
སུ་ཡི་ཆོག་མཆན་སྒུག་ཡོད་གནམ་རྒན་མ།།
།
ནང་རེ་དགོང་རེ་བོད་ལ་ཡོང་ཟེར་མཁན།།
དད་པ་ཅན་ལ་པད་འབྱུང་སྒོ་ཉལ་བའི།།
གཏམ་དེ་བདེན་ན་ད་ནི་ཡོང་རན་རེད།།
མེད་ན་ཁྲམ་པའི་གཏམ་ལས་གཞན་དུ་ཅི།།
།
ས་མཐའི་ཡུལ་ནས་གནམ་ལ་གྱེར་བའི་ཚིག །
ཨ་ཆད་ཨུ་ཐུག་གངས་ལྗོངས་ལས་དབང་ལ།།
བསམ་ཞིང་འབད་པའི་བུ་ལོར་ཏ་དུ་སྦྱིན།།
ལྟོ་ཆོས་གཉེར་བའི་སྙིང་ལ་ཟུག་པར་ཤོག །
།
བསམ་ཚུལ་ཕྲིས།