འབྱམས་སུ་ཀླས་པའི་ངག (ཕྱི་དུམ།)
རྩོམ་ཡིག་འདི་ཐེངས། 554 བཀླགས་འདུག
ཕྲན་ལ་དེ་ཡི་རྡོག་སྒྲ་དང་ནི་གྲིབ་མར་རོལ་བའི་དུས་ཤིག་བསྩལ་བས།།
སྡིག་པའི་ལྗོན་པ་རླུང་གིས་བསྐྱོད་དེ་སྒྲ་དབྱངས་སྙན་གྱི་བུ་གར་སིམ་ཚེ།།
རབ་ཏུ་ཚ་བའི་འདོད་པ་འཕྱོ་སའི་སྨད་འཚོང་མ་རྣམས་གཅིག་ཏུ་བསྡུས་འདྲའི།།
བདག་གི་མདུན་གྱི་གོང་བུ་འདི་ལ་མིག་གི་རྒྱལ་མོས་ཟིལ་བ་ཕབས་པར།།
ལམ་དང་ཉི་མའི་ཐ་གུར་ཁེན་པའི་རྒན་མོ་དག་ཀྱང་ཀུན་ཏུ་ཁྲོས་ནས།།
རྔམ་ཞིང་འཇིགས་པའི་མེ་ཏོག་སྣ་ཚོགས་ཡིད་གྱི་ཨི་ཁུང་དབུས་སུ་གཏོར་ཚེ།།
ཡུལ་གྱི་རྡོག་ཁྲེས་རྒྱབ་ཏུ་ཁུར་བའི་ཉམ་ངའི་ལྷན་ཐབས་ཅན་གྱི་ཁོ་བོའི།།
ངག་གི་གཙང་བོ་དཀྲུག་ཙམ་བྱས་ཤིང་སེམས་ཀྱི་ལོ་མ་སྒུལ་ཙམ་གནང་སྐབས།།
སིམ་གདུང་བར་མའི་ནང་དུ་བྲིས་པའི་ཐ་སྙད་མཐའ་དག་ཕྱི་རུ་འཕོས་པས།།
ཕྱོགས་དང་དུས་ཀྱི་པད་མོ་གཏོར་བའི་ཡིད་ཀྱི་ལྷ་ཚོགས་འདི་རུ་གཤེགས་ཤིང་།།
གར་གྱི་སྟངས་སྟབས་ཤིན་ཏུ་བསྒྱུར་བར་སོར་མོས་རྩེ་མོ་འགུམས་པར་བྱེད་པའི།།
སྲང་གི་མི་རྣམས་རྟ་ཁྱུ་ཅི་བཞིན་འཁོར་བའི་གཡས་དང་གཡོན་ལ་འབྲོ་འམ།།
ཀྱེ་ཀྱེ་རབ་ཡངས་ས་གཞིའི་ཁྱོན་གྱི་སྡུག་གི་རྒྱ་མཚོ་བརྒལ་བའི་མགྲོན་པོ།།
སྐྱོ་བའི་གྲུ་ཤན་དབུས་ལ་སྡོད་ཅིང་མཛེས་པ་མཐའ་དག་མགུར་ལ་འདྲེན་སྒང་།།
སེམས་ཀྱི་མེ་ལོང་ཁུད་དུ་ཤར་བའི་འགྱུ་བ་མ་ལུས་རྫོགས་པར་མཛོད་དང་།།
རང་ལུས་གླང་ཆེན་སྨྱོན་པ་ཅི་བཞིན་འཆི་བའི་རི་རབ་ལྷུན་པོའི་གམ་གྱི།།
ཕྱི་སའི་ཁང་བཟང་མལ་དུ་ལྟ་ཞིང་དུར་ཁྲོད་བཙོག་པོར་གནས་སུ་བཟུང་ནས།།
མིག་གི་སྐྱི་པགས་དང་ནི་ལྗགས་སོགས་དེ་རུ་ཀུན་ནས་ལྷན་པར་བྲེལ་ལ།།
འདོམས་ཀྱི་རྩིབ་མར་བཞད་པའི་ནགས་ཚལ་མེ་ཡི་རལ་གྲིའི་ཁ་རུ་བསྟབས་པས།།
འོག་གི་ཁུང་བུའི་མཐའ་ལ་བྲིས་པའི་རི་མོའི་མཐིལ་དུ་དྲི་ངད་འཕྱུར་བར།།
སྦྲང་མོ་ཆེ་དག་འཁོར་བར་བྱེད་ཅིང་ཞལ་ནས་ཆབ་ཀྱི་ཟེགས་མ་འབབ་སྐབས།།
སྟེ་བའི་དཀྱིལ་འཁོར་མཐོང་བར་རེ་བའི་མཁའ་འགྲོ་མ་རྣམས་འདི་རུ་འདུས་ཏེ།།
སྣང་བའི་ཕོ་བྲང་ཐང་དུ་བཀོད་ནས་ཡིད་ཀྱི་སྟ་གོན་ལྷང་ངེར་འབྲི་བའི།།
ཞལ་སྐྱིན་ཀུན་ནས་འཛོམས་པའི་དུས་སུ་ཆགས་པའི་སྲད་བུ་གང་སར་འཐེན་ཡོང་།།
བསམ་ཚུལ་ཕྲིས།