བརྟན་བཞུགས་ཞབས་བརྟན་རྒྱས་པ་ཞིག་འགྱངས་མེད་ན་སྔ་མེད།

རྩོམ་ཡིག་འདི་ཐེངས། 1368 བཀླགས་འདུག

548430_3574425692598_1919489491_nསངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱིས་སྐུ་ཚེ་གང་བོར་རྒྱལ་བའི་བསྟན་པ་སྤྱི་དང་སྒོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ས་སྟེང་འདིར་མི་ནུབ་རྒྱལ་མཚན་གཡུལ་ལས་རྒྱལ་བར་ཞབས་འདེགས་བཀའ་དྲིན་གཞལ་མཐའ་བྲལ་བ་ཞིག་གནང་བར་འཛམ་གླིང་ཤར་ནུབ་བོན་འབངས་ཡོངས་ཀྱིས་ཐུགས་རྗེའི་ལེགས་མཚོན་དང་༧སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ཞབས་རྡུལ་གསེར་གྱི་འཁོར་ལོ་ཚེ་རབས་ནས་ཚེ་རབས་སུ་མི་ཤིག་གཡུང་དྲུང་གི་ཁྲི་འཕང་མཐོན་པོར་དུས་གཏན་དུ་བཞུགས་ཕྱིར་མནྡལ་སྐུ་གསུང་ཐུགས་གསུམ་འདེགས་འབུལ་དང་བོན་སྐྱོང་དམ་ཅན་རྒྱ་མཚོར་ཚོགས་མཆོད་རྒྱས་འབུལ་སོགས་བོན་སྤྱོད་བསོད་ནམས་ཀྱི་བྱ་བ་རླབས་ཆེན་ཞིག་ལེགས་པར་འགྲུབ་ཕྱིར་ཟུར་འཛུགས་མནྡལ་བརྟན་བཞུགས་གོ་སྒྲིག་ཚོགས་པས་དུས་བྱ་བ་ལས་ཀྱི་འཁོར་ལོར་འབད་པ་བརྒྱ་ཡིས་གཉེར་བཞིན་པ་དང་། ཁྱད་པར་དུ་མནྡལ་བརྟན་བཞུགས་འབུལ་ཆེད་དུ་”ཡོད་པོས་མཛོ་འབུལ་རྟ་འབུལ། མེད་པོས་ཁབ་དང་སྐུད་པ་”ཟེར་བའི་དཔེ་བཞིན་ཚོགས་བསགས་མཆོད་འབུལ་ཆེད་ཞལ་འདེབས་ཀྱང་འཛམ་གླིང་ཕྱོགས་གང་ས་ནས་འབྱོར་དང་འབྱོར་བཞིན་ཡོད་འདུག

ཉེ་བའི་ཟླ་ཤས་སྔོན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཅུང་ཙམ་དྭངས་མིན་ལ་བརྟེན་ནས་ཨ་རིར་སྨན་བཅོས་ཆེད་ཞབས་སོར་བཀོད་པའི་གནས་ཚུལ་བྱུང་རྗེས་གཞིས་བྱེས་བོན་འབངས་ཡོངས་ཀྱིས་སྐུའི་ཞབས་བརྟན་ཆེད་བོན་སྐྱོང་དམ་ཅན་རྒྱ་མཚོར་གནད་བསྐུལ་འཕྲིན་བཅོལ་སོགས་རྒྱས་འབུལ་ཞུས་ཤིང་མཆོག་གསུམ་གྱི་ཐུགས་རྗེའི་བྱིན་རླབས་དང་བླ་སློབ་ཀྱི་དམ་ཚིག་གསེར་གྱི་ཕྲེང་བ་ལ་བརྟེན་ནས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་སྐུ་གཟུགས་ཉི་མའི་དཀྱིལ་འཁོར་ད་ཆར་སྔར་བས་ཇེ་ཐང་དུ་ཕྱིན་ཡོད་ཅིང་། སྐུའི་བླ་སྨན་སོགས་ཀྱིས་གནས་སྐབས་རིང་ཕྱོགས་བསྐྱོད་རིང་པོར་མི་གནང་བར་སྐུ་ངལ་གསོ་དགོས་པའི་འབོད་བསྐུལ་གནང་བ་སོགས་རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས་མནྡལ་བརྟན་བཞུགས་ཀྱི་དངོས་གཞིའི་མཆོད་འབུལ་རྣམས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་༧གདན་ས་སྨན་རིའི་གླིང་དུ་ནམ་ཞིག་སྐུ་དངོས་སུ་ཞབས་སོར་འཁོད་པ་དང་བསྟུན་ནས་མནྡལ་སོགས་འདེགས་འབུལ་ཞུ་རྒྱུ་ཡིན་འདུག་པ་དང་། ༧དཔལ་ལྡན་རྩ་བའི་བླ་མའི་སྐུ་གཟུགས་ལ་བསྙུང་གཞི་བཞེས་པའི་དུས་སྐབས་འདརི་དམིགས་བསལ་དུ་བརྟན་བཞུགས་ཞབས་བརྟན་རྒྱ་ཆེན་པོ་ཞིག་བསྒྲུབ་རྒྱུ་དུས་ཚོད་ཀྱིས་འགྱངས་མེད་ན་སྔ་མེད་པའི་གནས་བབ་གལ་ཆེན་དུ་བཟུང་སྟེ་མནྡལ་བརྟན་བཞུགས་གོ་སྒྲིག་ཚོགས་པས་ཀྱང་དུས་ཡུན་རིང་མོ་ནས་གཏན་འཁེལ་བྱས་པའི་དུས་ཚེས་ལ་འགྱུར་བ་གང་ཡང་མ་བཏང་བར་མུ་མཐུད་ནས་བརྟན་བཞུགས་ཀྱི་སྔོན་འགྲོའི་མཛད་རིམ་ཁག་གྲ་སྒྲིག་བྱེད་བཞིན་ཡོད་འདུག

དེས་ན་ཕྱི་ཟླ་༤ཚེས་༧ནས་༩བར་གཡུང་དྲུང་བོན་གྱི་གདན་ས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་བརྟན་བཞུགས་ཞབས་བརྟན་ཚོགས་མཆོད་སོགས་རྒྱས་འབུལ་དང་འབྲེལ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་དེ་འབྲེལ་བཀའ་ལུང་ཞལ་གདམས་གནང་རྒྱུ་དང་། ཕྱི་ཟླ་༤ཚེས་༢༠ནས་༢༢བར་བལ་ཡུལ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེར་མནྡལ་བརྟན་བཞུགས་རྒྱས་འབུལ་ཞུ་རྒྱུའི་དུས་ཚེས་རང་སོར་གནས་ཡོད་འདུག ད་ཆར་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བརྟན་བཞུགས་ཞབས་རིམ་གྱི་མཛད་སྒོའི་ཆེད་འཛམ་གླིང་ཤར་ནུབ་རྒྱལ་ཁབ་མང་པོ་ནས་བོན་འབངས་མི་ཉུང་བ་ཞིག་གིས་ཚོགས་བཅར་ཆེད་གྲ་སྒྲིག་བྱེད་བཞིན་ཡོད་འདུག །

རྒྱལ་གཤེན་བོན་སྒྲས་བརྟན་བཞུགས་ཞབས་བརྟན་སྔོན་འགྲོའི་སྐབས་ཀྱི་གནས་ཚུལ་རིམ་པས་འགོད་འཆར། 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *