དབུ་མའི་བགྲོ་གླེང་དང་ཏཱའི་སི་ཏུ་རིན་པོ་ཆེའི་བཀའ་སློབ།

རྩོམ་ཡིག་འདི་ཐེངས། 3111 བཀླགས་འདུག

IMG_0675ཕྱི་ལོ་ ༢༠༡༦ ཟླ་བ་ ༣ ཚེས་ ༢༡ ནས་ཉིན་གསུམ་རིང་དཔལ་ལྡན་ཆོས་རིག་ལས་ཁུངས་དང་གདན་ས་ཆེན་པོ་དཔལ་སྤུངས་ཤེས་རབ་གླིང་གཉིས་ཀྱིས་བཀོད་སྒྲིག་འོག་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་མའི་བགྲོ་གླེང་ཐེངས་གཉིས་པ་དཔལ་སྤུངས་ཤེས་རབ་གླིང་དུ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཐོག་དེར་བོད་ཀྱི་ཆོད་རྒྱུད་ཁག་ནས་ཕེབས་པའི་མཁས་དབང་བཅོ་ལྔ་ཙམ་དང་། རྒྱ་བལ་འབྲུག་གསུམ་ནས་གྲྭ་བཙུན་ཉིས་བརྒྱ་ལྷག་འཛོམས་ཡོད་པ་རེད།

ཚོགས་ཐོག་དེར་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་གསུང་བཤད་སློབ་དཔོན་དུ་སྨན་རིའི་དགེ་བཤེས་ཤེས་རབ་བློ་གྲོས་དང་། དགེ་བཤེས་ཤེས་རབ་ཉི་མ། སྤུ་བླ་གཡུང་དྲུང་སྐལ་བཟང་བཅས་གསུམ་དང་གཞན་ཡང་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གཉིས་ནས་ཕེབས་པའི་སློབ་གཉེར་བ་བཅུ་གཉིས་བཅས་མཉམ་ཞུགས་གནང་ཡོད།

IMG_0674ཚེས་ ༢༡ ཉིན་བགྲོ་གླེང་དབུ་འཛིན་གཏམ་བཤད་སྐབས་ཆོས་རིག་བཀའ་བློན་ལགས་ནས་གསུང་དོན་བགྲོ་གླེང་འདི་འདྲ་ཞིག་འཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཆོས་རྒྱུད་ཁག་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཐོག་ཆོས་ལུགས་སོ་སོའི་ལྟ་གྲུབ་ཀྱི་རྣམ་བཞག་གོ་རྟོགས་ཡོང་ཐབས་དང་། གཙོ་བོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་རྒྱུར་ཆོས་ལུགས་ཆོས་རྒྱུད་ཕན་ཚུན་གྱི་ལྟ་གྲུབ་ཀྱི་རྣམ་བཞག་གང་དང་གང་ཡིན་དངོས་སུ་རྟོགས་དགོས་པ་དང་། དེའང་ཕན་ཚུན་དག་སྣང་ནོར་བུའི་ལམ་ནས་གོ་སྡུར་ཡང་ཡང་གནང་རྒྱུ་སོགས་གཙོ་བོ་ཡིན་ཞེས་བརྗོད་འདུག

IMG_0676གཞན་ཡང་བགྲོ་གླེང་ཚོགས་ཐོག་དུ་ཆེད་ཕེབས་གནང་བའི་སྐྱབས་རྗེ་༧ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་གསུང་དོན་“ནང་པ་སངས་རྒྱས་པ་ལབ་དུས་ཁ་ཤས་ཤིག་གིས་བོན་ནང་དུ་མ་འདུས་པ་ལྟར་མཐོང་ཡང་ངས་དེ་ལྟར་མཐོང་གི་མེད། ངས་བོན་ནས་ཆོས་ཞུ་མ་མྱོང་ལ་བོན་དང་འབྲེལ་བ་མེད། འོན་ཏེ་བོན་གྱི་དཔེ་ཆ་ལ་མཇལ་མྱོང་། བོན་དང་ཆོས་ཟེར་བ་ཙམ་ལས་གཅིག་པ་རེད། བོན་ལ་དབུ་མ་ནི་འདུག དེ་དང་དེ་བཞིན་དུ་བོན་ལ་རྫོགས་ཆེན་ནི་འདུག ངས་བོན་པོ་ལ་སྤྲེལ་ཀླད་འཁྲབ་ཀྱི་མེད། འཁྲབ་དགོས་དོན་ཡང་མེད། ངས་སྤྲེལ་ཀླད་འཁྲབ་ན་བན་ལ་འཁྲབ་དགོས་པ་རེད་ང་བན་དེ་རེད། ངས་ནི་བོན་ནང་པ་སངས་རྒྱས་པའི་ཁུངས་སུ་བཞག་གི་ཡོད་”གསུངས་སོ།།

དེ་ནས་རིམ་བཞིན་ཆོས་རྒྱུད་རང་རང་གི་གསུང་བཤད་སློབ་དཔོན་རྣམས་པས་ཟབ་མོ་དབུ་མའི་དཀའ་གནད་རྣམས་བརྗོད་གཞི་གཙོ་བོར་བྱས་ཏེ་བགྲོ་གླེང་ལྷུག་པོར་གནང་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་འདི་རྔ་རང་རིག་གིས་ཟླ་ ༣ ཚེས་ ༢༤ ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *