༓ ༧རྒྱལ་བ་སྨན་རི་བའི་སློབ་དཔོན་ཆེན་མོ་མཆོག་འཁྲུངས་གཞིས་དོལ་པོར་ཆིབས་བསྒྱུར་བསྐྱངས་པ།
རྩོམ་ཡིག་འདི་ཐེངས། 1620 བཀླགས་འདུག
དེ་ཡང་ཕྱི་ལོ་༢༠༡༥ཟླ་བ་༨པའི་ཚེས་༡༧ཉིན། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་པ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་གླིང་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༩ ཉིན་མཁའ་བརྒྱུད་ནས་བལ་ཡུལ་རྒྱལ་ས་ཡམ་བུ་རུ་འབྱོར། གནམ་ཐང་ནས་ས་གནས་དེ་གར་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་པའི་ལས་གཉེར་དང་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་དྲུང་ཆེ་སོགས་ལས་བྱེད་པ་ཕེབས་བསུར་བཅར་བ་དག་གིས་སྐྱབས་རྗེ་མཆོག་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གདན་དྲངས་ཏེ་འདུས་མང་ནས་སེར་སྦྲེངས་ཀྱི་ཕེབས་བསུ་རྒྱས་པར་ཞུས།
ཕྱི་ཚེས་ ༢༤ ཉིན་ཐད་ཕུར་གནམ་གྲུ་བརྒྱུད་དོལ་པོ་བྱི་གཅེར་ཡུལ་དུ་ཞལ་ཁ་བསྒྱུར། དེ་གར་གདན་ཞུའི་གཙོ་བོ་རྒྱལ་གཤེན་ཡ་ངལ་གྱི་གདན་ས་བདེ་ལྡན་བསམ་གླིང་དགོན་གྱི་དབུ་བླ་ཡང་སྟོན་ཤེས་རབ་བསྟན་འཛིན་རིན་པོ་ཆེ་དང་ཆོས་པ་གནས་གསར་དགོན་གྱི་དབུ་བླ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་གཙོས་བྱི་གཅེར་ཡུལ་དགོན་བཞིའི་སྔགས་བཙུན་ཡོངས་དང་མི་མང་ལྷན་རྒྱས་ནས་སྐྱབས་རྗེ་རིན་པོ་ཆེར་ཕེབས་བསུའི་སེར་སྦྲེངས་གྱ་ནོམ་པ་ཞུས། བྱི་གཅེར་བོན་པོ་ལྷ་ཁང་༼ཟུར་དཀར་དགོན་༽ནི། ཡ་ངལ་གྱི་གདུང་འཛིན་བླ་མ་སྔགས་པས་ཕྱག་བཏབ་ནས་ད་བར་མི་ལོ་དགུ་བརྒྱ་ལ་ཉེ་བར་འདས། འདི་ནི་ཡ་ངལ་གདུང་འཛིན་གྱི་དོལ་པོར་ཕྱག་བཏབ་པའི་གསས་ཁང་ཐོག་མ་དེ་ཡིན་པས། ཡ་ལ་གྱི་གདན་ས་བསམ་གླིང་དགོན་པའི་སྔོན་དུ་ཡོད་པའི་གལ་འགངས་ཆེ་བའི་ཡུལ་དགོན་ཞིག་ཀྱང་ཡིན།
གསས་ཁང་འདི་ལ་ཟུར་དཀར་དགོན་ཞེས་འབོད་དོན་ནི། བདག་ཅག་གི་སྟོན་པའི་ཚེམས་བཞི་ལས་གྲུབ་པའི་དུང་འཕར་ཆེན་བཞི་ནི་ཞང་ཞུང་གི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཀྱིས་ཞང་ཞུང་ནས་བོད་དུ་གདན་དྲངས་རྗེས་བོད་དུ་ཆོས་ལུགས་ཕན་ཚུན་མངའ་དབང་བསྒྱུར་རེས་བྱེད་པའི་སྐབས་དུང་འཕར་ཆེན་གཅིག་ནི་ས་སྐྱས་བདག་དབང་བྱས་ཏེ་ས་སྐྱའི་སྐར་མ་རྒྱང་གྲགས་སུ་འབོད། གཅིག་ནི་སྤ་ལ་ཕུག་ཕྱོགས་སུ་བཞུགས། གཅིག་ནི་བྱི་གཅེར་ཡུལ་དུ་བཞུགས་པ་དེ་གློ་དང་འཛུམ་ལང་དབར་དམག་འཁྲུག་བྱུང་བའི་དུས་འཛུམ་ལང་གི་དམག་ཚོ་བྱི་གཅེར་དུ་སླེབས་ཏེ་དུང་འཕར་ཆེན་དེ་དམག་དུང་ཆེད་དུ་ཁྱེར། གློ་བོ་ཚོ་དཀར་ཞེས་པའི་སར་ཉིན་མོ་ལྟོ་ཟ་སྐབས་ཕོང་རྒན་སྟེང་དུ་བཞག དམག་རྣམས་རིམ་པས་ཐོན་ཕྱིན་པས་དུང་འཕར་ཆེན་དེ་གར་ལྷག རྗེས་སུ་བརྩད་གཅོད་དུ་སླེབས་སྐབས་ས་དེར་ཁྱི་ཤ་དཀར་གཅིག་ཉལ་བ་མཐོང་། དེ་བཞིན་བྱི་གཅེར་གྱི་རི་ཟུར་དུ་འགའ་ཞིག་གིས་ཁྱི་ཤ་དཀར་ཡོང་བ་མཐོང་ལ་རེ་འགས་དུང་འཕར་ཆེན་རང་དུ་ཡོང་བར་མཇལ་བས། གསས་ཁང་འདི་ཉིད་རི་ཟུར་དེ་རང་དུ་ཆགས་ཡོད་སྟབས་ཟུར་དཀར་དགོན་ཞེས་སུའང་འབོད། ད་ལན་ཡང་སྟོན་བླ་མ་ཤེས་རབ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ལོ་མང་རིང་སྐུ་ལས་བསྐྱོན་པའི་གྲུབ་འབྲས་སུ་དགོན་འདི་ཉིད་བསྐྱར་བཞེངས་ལེགས་པར་གྲུབ་པ་བྱུང་།
ཕྱི་ཚེས་ ༢༥ ཉིན་སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་བསྐྱར་བཞེངས་ལེགས་པར་གྲུབ་པའི་བྱི་གཅེར་ཡུལ་དགོན་བོན་པོ་ལྷ་ཁང་དང་བྱི་གཅེར་ཡུལ་གྱི་གངས་ཅན་སྨུག་པོ་རོང་གཞི་རིམ་སློབ་གྲྭ་བཅས་ལ་གཟིགས་ཞིབ་མཛད། ཞོར་དུ་དད་ལྡན་ཁག་ལ་མཇལ་བཅར་གྱི་རེ་འདོད་ཡོངས་སུ་བསྐངས་པར་མཛད་ཅིང་། དེ་གའི་འདུས་མང་ཀྱིས་རབ་གནས་དངོས་གཞི་རྣམ་རྒྱལ་དང་ཀློང་རྒྱས་གཉིས་ཀྱི་གཏོར་བཟོ་དང་བཅའ་སྒྲིག་ལེགས་པར་བྱས།
ཕྱི་ཚེས་ ༢༦ ཉིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཡང་སྟོན་བླ་མ་ཤེས་རབ་བསྟན་འཛིན་རིན་པོ་ཆེ་དང་། སྙེལ་སྟོན་གཡུང་དྲུང་དར་རྒྱས་རིན་པོ་ཆེ། ཡང་སྟོན་སྤྲུལ་སྐུ་གཡུང་དྲུང་ཕུན་ཚོགས་དབང་རྒྱལ་སོགས་བླ་སྤྲུལ་དགེ་བཤེས་དང་སྔགས་བཙུན་བཅས་ནས་རབ་གནས་ཀྱི་ཆོ་ག་དབུ་འཛུགས་ཀྱིས་ས་བསླངས་གྲུབ་རྗེས་གླིང་སྐོར་དུ་ཕེབས། དེ་མཚམས་དཔལ་ལྡན་སྨན་རིའི་བླ་བྲང་དང་། སྨན་རིའི་གྲྭ་ཚང་། དེ་བཞིན་སྐྱབས་རྗེ་རིན་པོ་ཆེ་མཆོག་སྐུ་སྒེར་བཅས་ནས་དེར་འཛོམས་གྲྭ་སྔགས་ཡོངས་ལ་མང་ཇ་དང་སྐུ་འགྱེད་བསྩལ། བསམ་གླིང་གོང་མའི་བླ་བྲང་ནས་ཀྱང་མང་ཇ་དང་སྐུ་འགྱེད་འབྲས་སིལ་བཅས་འབུལ་ལམ་ཞུས།
ཕྱི་ཚེས་ ༢༧ ཉིན་རབ་གནས་ཀྱི་ཆོ་ག་རྣམ་རྒྱལ་དང་ཀློང་རྒྱས་གཉིས་མུ་མཐུད་ནས་གསུངས་པ་དང་བར་གསེང་དུ་བྱི་གཅེར་ཡུལ་གྱི་གནས་གསར་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་གཙོས་པའི་ཆོས་ཚང་ཡོངས་ཀྱིས་ཕེབས་བསུ་དང་སྦྲགས་བྱི་གཅེར་ཡུལ་གྱི་གནས་གསར་དགོན་ནམ་ཆོས་པ་ལྷ་ཁང་དུ་གདན་འདྲེན་ཞུས་ཤིང་། དེ་མཚམས་བྱི་གཅེར་ཡུལ་གྱི་གནའ་དེང་ཟུང་འབྲེལ་ཅན་གྱི་ཀུན་ཕན་སྲོག་འཚོ་སྨན་ཁང་སོགས་སུའང་གཟིགས་སྐོར་རབ་གནས་བཅས་མཛད།
ཕྱི་ཚེས་ ༢༨ ཉིན་རབ་གནས་ཀྱི་ཆོ་ག་མུ་མཐུད་པ་དང་ཁྱུང་པོ་བཀྲས་ཁང་ཟླ་བ་བསམ་འགྲུབ་ཀྱིས་གཙོས་ཡུལ་མི་ཚོས་གསར་དུ་བཞེངས་པའི་སྲོལ་རྒྱུན་གྱི་མཆོད་རྟེན་“ཀཀྣི་”ལ་རབ་གནས་མཛད། ཟླ་བ་བསམ་འགྲུབ་ཉིད་ནས་སྔགས་གྲྭ་ཡོངས་ལ་མང་ཇ་དང་སྐུ་འགྱེད་ཕུལ་ཞིང་མང་ཚོགས་ལ་གསོལ་ཇ་དང་འབྲས་སིལ་ཞུས། སྐྱབས་རྗེ་མཆོག་གིས་བཀའ་སློབ་གནང་དོན་དོལ་པོ་བྱི་གཅེར་ཡུལ་འདི་ནི་ཡུལ་མི་རྣམས་ཕན་ཚུན་མཐུན་འབྲེལ་དང་ལྷག་པར་དུ་བན་བོན་གྱི་ཆགས་སྡང་མེད་པར་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་གནས་ཡོད་པར་མ་ཟད། སྐྱབས་རྗེ་མཆོག་ཉིད་རྒྱལ་ཕྱི་ནང་གང་དུ་ཕེབས་ཀྱང་ཆེས་མཆོག་ཏུ་གྱུར་པའི་བན་བོན་གཉིས་འབྲེལ་བ་དམ་ཚིག་འོ་ཆུ་གཅིག་འདྲེས་དང་ཆོས་ལུགས་རིས་མེད་ཀྱི་དཔེ་མཚོན་ཡག་ཤོས་ནི་དོལ་པོ་བྱི་གཅེར་ལྟ་བུ་ཡིན་སྐོར་གསུང་བཞིན་ཡོད་པ་དང་། ད་ལྟའི་གསར་དུ་བཞེངས་པའི་མཆོད་རྟེན་“ཀཀྣི་”འདི་ཉིད་ཀྱང་༼བན་བོན་གཟུངས་གཞུག་ལྷན་གཅིག་ཏུ་བཞུགས་པ་༽འདི་ལྟ་བུ་དང་དེ་བཞིན་མ་ནི་རྡོ་འབུམ་༼བོན་ཆོས་རྡོ་འབུམ་སྤེལ་མ་༽སོགས་ཡིན་པ་དང་། གཞན་ཡང་སྔར་དོལ་པོ་ཚྭ་དགའ་སོགས་ཡུལ་ལུང་གཞན་དུའང་བན་བོན་གཉིས་ཚོགས་ཁང་གཅིག་ཏུ་ཚོགས། འཚོགས་ཟངས་གཅིག་ལས་བཞེས་ལག་མཆོད་ཀྱིན་ཡོད་ཀྱང་ད་ལྟའི་ཆར་བྱི་གཅེར་ཡུལ་འདི་ཉིད་གཅིག་པུས་སྔར་གྱི་སྲོལ་རྒྱུན་མ་ཉམས་པར་རང་སོར་གནས་པ་སོགས་ཕ་མེས་ཀྱི་རིག་གཞུང་མ་ཉམས་པར་རྒྱུན་སྐྱོང་གནང་བར་སྔགས་བརྗོད་བསྩལ།
༼ཐར་ལམ་བསམ་འགྲུབ་མཆོད་རྟེན།༽
ཉི་ཟླའི་སྒྲོན་གྱིས་འཇིག་རྟེན་སྨག་གི་མུན། །
བོན་ཆོས་རྒྱལ་བསྟན་སྙིང་པོས་དུག་ལྔའི་ཚོགས། །
ཀུན་ནས་སེལ་ཞེས་རྒྱལ་བ་འཕགས་པ་ཡི། །
ལུང་ལས་གསལ་བས་ཀུན་གྱིས་ཡིད་ཆེས་མཛོད། །
༧རྒྱལ་བསྟན་སྙིང་པོ་དཔེའུ་ཙེ་རྣམ་གསུམ་ལས། །
ཐུགས་ཀྱི་རྟེན་གྱུར་མཆོད་པའི་རྟེན་མཆོག་ལ། །
སྒོ་གསུམ་གུས་པས་མཆོད་ཅིང་བཀུར་བ་ན། །
སྡིག་སྒྲིབ་བྱང་ཞིང་བར་ཆོད་ཞི་བ་སོགས། །
ཡོན་ཏན་བསམ་ལས་འདས་པར་རྒྱལ་བས་གསུངས། །
འདི་ལྟར་ཐུགས་ཀྱི་རྟེན་མཆོག་བཞེངས་པ་ཡིས། །
ཡུལ་ཁམས་བཀྲ་ཤིས་སྦྱིན་པའི་བདག་པོ་ཡི། །
ཚེ་བསོད་དབང་ཐང་ཆུ་གཏེར་ཇི་བཞིན་དུ། །
འཕེལ་ཞིང་གནས་སྐབས་ཀུན་ཏུ་བཀྲ་ཤིས་ཤོག །
ཕྱི་ལོ་ ༢༠༡༥ ཟླ་བ་ ༨ པའི་ཚེས་ ༢༨ ཉིན་སྦྱིན་པའི་བདག་པོ་བཀྲས་ཁང་ཟླ་བ་བསམ་འགྲུབ་ཀྱིས་བསྐུལ་བ་བཞིན་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མས་མཚམས་སྦྱོར་ཞུས་པ་སྨུ་ཙུག་སྨར་རོ།། །།
ཕྱི་དྲོར་སྤྱིར་དོལ་ཕྱོགས་ཡོངས་དང་སྒོས་གསལ་དྭངས་དང་ནང་ཁོངས་ཕྱོགས་སུ་གྲགས་པའི་མཚན་སྙན་འཆང་བའི་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པའི་བླ་མ་ཆོས་འཁོར་ཚང་འཇིགས་མེད་ཁྲོ་རྒྱལ་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་པ་བྱི་གཅེར་ཡུལ་དུ་ཕེབས་ཤིང་བྱི་གཅེར་བོན་ཚང་ནས་ཀྱང་ཕེབས་བསུ་ཞུས། བླ་མ་འཇིགས་མེད་ཁྲོ་རྒྱལ་མཆོག་ནས་སྐྱབས་རྗེ་རིན་པོ་ཆེར་མཇལ་བཅར་གྱིས་ཕན་ཚུན་ཐུགས་ལྷོད་ངང་སྔོན་དོལ་པོ་ཤེལ་གྱི་རི་བོ་འབྲུག་སྒྲའི་གནས་དུས་སུ་ཕན་ཚུན་མཇལ་འཕྲད་བྱུང་སྐོར་ལས་འཕྲོས་ཏེ་བཀའ་མོལ་དང་སྤྱིར་དོལ་པོ་འདིར་བསྟན་པ་རྒྱུན་སྐྱོང་གནང་ཐབས་དང་རིན་པོ་ཆེ་མཆོག་ནས་ད་བར་རང་ཡུལ་ཕྱོགས་སུ་སློབ་བུ་མང་དག་བསྐྱེད་བསྲིང་གནང་བར་བསྔགས་བསྟོད་བསྩལ།
ཕྱི་ཚེས་༢༩ ཉིན་གྱི་སྔ་དྲོར་རིག་འཛིན་བོན་སྐོར་གྱི་སྒོ་ནས་ཚོགས་འཁོར་རྒྱས་འབུལ་དང་དེ་མཚམས་སྐྱབས་རྗེ་རིན་པོ་ཆེས་གཤེན་རབ་རྣམ་པར་རྒྱལ་བའི་སྒོ་ནས་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་གནང་མཛད། དབང་ཞུའི་གྲལ་དུ་ཕྱོགས་མཐའ་ནས་ཕེབས་པའི་བླ་མ་འཇིགས་མེད་ཁྲོ་རྒྱལ་རིན་པོ་ཆེ་མཆོག་དང་། མཚོ་ཡུལ་མཐའ་བཞི་གདན་སའི་དབུ་བླ་དགེ་བཤེས་ཤེས་རབ་གོ་ཆ། རྟ་རབ་སྲིབ་ཕྱོགས་བོན་དགོན་གྱི་དབུ་བླ་དགེ་བཤེས་ཡོན་ཏན་དཔལ་བཟང་གིས་གཙོས་དོལ་པོ་ཚ་དགའ་དང་། རྟ་རབ། གསལ་དྭངས། དཀར་རང། ཉི་གསལ། སྐུ་ཡུལ། ཕོད་ཡུལ། མཚོ་དང་སྤུངས་མོ་བཅས་ཀྱི་དད་ལྡན་མང་ཚོགས་རྣམས་ཀྱང་ཕེབས་འཛོམས་བྱུང་།
ཉིན་རྒྱབ་དུས་བསམ་གླིང་དགོན་པའི་སྔགས་གྲྭ་རྣམས་ཀྱིས་གཤེན་གྱི་གར་འཆམ་ཡེ་ཤེས་དབལ་མོ་དང་། སྲིད་རྒྱལ་དུས་དྲུག ཐུན་མིན་ཨ་ལ་ཁ་འཆམ་སོགས་མཇལ་འབུལ་དང་། གངས་ཅན་སྨུག་པོ་རོང་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ནས་གནའ་དེང་གི་གཞས་སྣ་ཁག་མི་མང་ཡོངས་ལ་གཟིགས་འབུལ་ཞུས། དེ་མཚམས་མང་ཚོགས་ལས་སྲོལ་རྒྱུན་རིག་གཞུང་ཞབས་བྲོའམ་གོར་གཞས་གྲགས་ཅན་“བསམ་གླིང་དགོན་པའི་རྒྱབ་རི་”སོགས་ཀྱང་འཁྲབ་སྟོན་ཞུས།
ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོར་༧སྐྱབས་རྗེ་མཆོག་གིས་གཙུག་ལག་ཁང་ལ་དངོས་གཞི་རབ་གནས་དང་རྣམ་རྒྱལ་གཡང་སྒྲུབ་ཀྱི་སྒོ་ནས་བོན་ཚང་ཡོངས་དང་ཆོས་ཚང་དད་སྦྱིན་ཁག་བཅས་ཀྱི་གཡང་བུམ་སོགས་ལ་གཡང་སྒོ་བསྡམས་གནང་མཛད། སྐུ་གླུད་བཀར་བ་དང་མཐར་བཀྲ་ཤིས་ཕྱུང་གི་སྒོ་ནས་བོན་པོ་ལྷ་ཁང་གི་རབ་གནས་འགོ་མཇུག་བར་གསུམ་གྱི་མཛད་སྒོ་ལེགས་པར་གྲུབ།
ཕྱི་ཚེས་ ༣༡ ཉིན་གངས་ཅན་སྨུག་པོ་རོང་གཞི་རིམ་སློབ་གྲྭའི་དགེ་སློབ་ཐུན་མོང་ནས་སྐྱབས་རྗེ་མཆོག་ལ་ཕེབས་བསུ་དང་འབྲེལ་དེ་གའི་སློབ་གྲྭ་རུ་སྣང་སྲིད་ཞི་བའི་སྦྱིན་བསྲེགས་ཀྱི་སྒོ་ནས་མེ་སྤར་གྱི་སྐུ་རིམ་མཛད།
ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་གྱི་སྔ་དྲོར་སྔགས་གྲྭ་རྣམས་ཀྱིས་ཚེ་སྒྲུབ་བྱ་རི་མའི་ཚོགས་འཁོར་རྒྱས་འབུལ་དང་༧སྐྱབས་རྗེ་མཆོག་གིས་མི་མང་ཡོངས་ལ་ཚེ་སྒྲུབ་བྱ་རི་མའི་སྒོ་ནས་བཀའ་དབང་བསྩལ་གནང་མཛད་པའི་སྐབས་བྱི་གཅེར་ཡུལ་ཚོ་བཞིའི་ཁོངས་གཏོགས་སྐུ་ཡུལ་གྱི་མཁན་པོ་ཉི་མ་དོན་འགྲུབ་མཆོག་དང་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་དད་ལྡན་མང་པོ་འཛོམས་པས་དབང་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པར་མཛད། ཉིན་རྒྱབ་གངས་ཅན་སྨུག་པོ་རོང་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་དུ་གཞས་སྣ་ཁག་གཟིགས་འབུལ་ཞུས་པ་བཅས་མཛད་རིམ་གྲུབ།
སྐྱབས་རྗེ་རིན་པོ་ཆེ་མཆོག་དོལ་པོ་གསལ་དྭངས་དང་དཀར་རང་ཕྱོགས་ཀྱི་དད་ལྡན་དང་མི་དྲག་ལྷག་པར་དུ་བླ་མ་ཤཱཀྱ་རིན་པོ་ཆེ་དང་། བླ་མ་ཉི་མ་མཆོག དེ་བཞིན་རྒན་སྐར་མ་དོན་འགྲུབ་དང་། པད་མ་དགོས་འབྱོར་སོགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་རིན་པོ་ཆེ་མཆོག་དོལ་པོ་གསལ་དྭངས་དང་དཀར་རང་ཕྱོགས་སུ་ཕེབས་རེའི་གསོལ་བ་བཏབ་ཀྱང་ད་ལན་རིན་པོ་ཆེ་ཐུགས་བྲེལ་ཆེ་བའི་སྒང་ཡིན་པས་སླད་མར་ནམ་ཞིག་དེའི་ཕྱོགས་སུ་ཕེབས་རྒྱུའི་ཞལ་བཞེས་ཡང་གནང་།
ཕྱི་ཚེས ༢ ཉིན་བྱི་གཅེར་ཡུལ་ནས་ཕེབས་ཐོན་གྱིས་རྒྱལ་གཤེན་ཡ་ངལ་གྱི་གདན་ས་བདེ་ལྡན་བསམ་གླིང་དགོན་དུ་ཞལ་ཁ་བསྒྱུར་བ་དང་བསམ་གླིང་དགོན་དུ་གནས་མཇལ་དཔེ་གཟིགས་བཅས་མཛད། དགོང་དྲོར་བཀྲ་ཤིས་ན་མལ་ཡུལ་ལམ་བཀྲས་ཡུལ་དུ་ཕེབས་ཤིང་དེ་གའི་ཡང་སྟོན་སྤྲུལ་སྐུའི་བླ་བྲང་སྒེའུ་སྟེང་ཚང་དུ་བཞུགས།
ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་བཀྲ་ཤིས་ན་ལམ་ཡུལ་གྱི་གསས་ཁང་བཀྲ་ཤིས་རྣམ་རྒྱལ་དགོན་དུ་གཟིགས་མཇལ་མཛད་ཅིང་དེ་ནས་ཕེབས་ཐོན་གྱིས་བྱི་གཅེར་ཡུལ་“གྲོང་”བཀྲས་རོག་གི་འབྲོག་པ་རྣམས་ཀྱིས་ཞོ་འོ་དར་གསུམ་སོགས་དཀར་གསུམ་གྱི་མཆོད་པ་མདུན་དུ་བཤམས་ཏེ་སྐྱབས་རྗེ་མཆོག་ལ་ཕེབས་སྐྱེལ་ཞུས།
དེ་ནས་སྐྱབས་རྗེ་མཆོག་སྟོན་འཁོར་དང་བཅས་པ་བྱི་གཅེར་ཡུལ་ནས་ཕེབས་ཐོན་གྱིས་ཕེབས་སྐྱེལ་བ་མི་རྟ་བཅུ་ཚོ་ལྔ་ལས་བརྒལ་བ་བཅས་དགོང་མོ་ཤེལ་སུམ་མདོ་དགོན་དུ་བཞུགས་ཅིང་དེ་གའི་དགོན་པར་གནས་མཇལ་ཡང་མཛད། སྔོན་གྱི་འཆར་གཞི་ལྟར་ན་བཙག་ཁང་དགོན་སོགས་ལ་གནས་མཇལ་ཕེབས་རྩིས་ཡོད་ཀྱང་ཕེབས་ཁོམ་མ་བྱུང་བས་དེ་ནས་ཞབས་ཕྱི་འགའ་བཙག་ཁང་དགོན་དུ་གནས་མཇལ་དུ་མངགས་གཏོང་མཛད།
ལམ་བར་ཕེབས་ཞོར་དུ་དོལ་པོའི་ཡུལ་ལུང་འདི་རང་བཞིན་གྱི་ཁོར་ཡུག་མཛེས་གཙང་ལྡན་ལ། ཡུལ་མི་རྣམས་མི་གཤིས་ཡ་རབས་ཤ་སྟག་ཅན་ཡིན་ནའང་། དེང་སང་ཁོར་ཡུག་ལ་དོ་སྣང་མི་སྤྲད་མཁན་འགའ་ཡོད་ལུགས་དང་ཞབས་འཁོར་དག་ལ་ཆུ་ཤོག་ལྕགས་ཀྲིན་འགྱིག་དེམ་ཤེལ་རིགས་སོགས་ནམ་ཡང་གང་བྱུང་དུ་མི་གཡུག་པར་ཕྱོགས་གཅིག་ཏུ་སྤུངས་ཏེ་མེར་བསྲེགས་ནུས་པ་དག་མེར་བསྲེགས་ཤིང་དེ་མིན་ས་དོང་དུ་གཡུགས་དགོས་པ་རྒྱུན་ལྡན་ཐུགས་ལ་འཇོག་དགོས་ལུགས་ཡང་སེ་གསུང་གནང་མཛད།
ཕྱི་ཚེས་ ༥ ཉིན་སྐྱབས་རྗེ་མཆོག་སྟོན་འཁོར་དང་བཅས་པ་དེ་བཞིན་མཚོ་སྤུངས་ཡུལ་གྱི་བསུ་མ་མི་རྟ་བཅུ་ཙམ་ལ་འགོར་འབྱོར་བ་དང་དེ་དག་དང་ལྷན་དུ་ཉིན་རྒྱབ་ཙམ་དོལ་པོ་སྨད་ཕྱོགས་མཚོ་ཡུལ་དུ་བདེ་ལེགས་ངང་ཕེབས་འབྱོར་བྱུང་། མཐའ་སྲུང་མཚོ་གླིང་དགོན་གྱི་མཁན་པོ་བསམ་འགྲུབ་ཉི་མ་རིན་པོ་ཆེ་དང་མཚོ་ཡུལ་གྱི་བླ་མ་མཐའ་བཞི་དགེ་བཤེས་ཤེས་རབ་གོ་ཆ་མཆོག དེ་གའི་བླ་གྲྭ་དང་མི་མང་ཡོངས་ཀྱིས་ཕེབས་བསུའི་སེར་སྦྲེངས་བསྟར་དུ་བསྒྲིགས་ཤིང་མ་ཏྲིའི་གླུ་དབྱངས་དལ་མོའང་མཚོ་འཇིངས་སུ་བསྐུར་གྱིན་མཐའ་སྲུང་མཚོ་གླིང་དགོན་དུ་གདན་དྲངས།
ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་སྔགས་གྲྭ་རྣམས་ཀྱིས་ཚེ་སྒྲུབ་བྱ་རི་མའི་ཚོགས་འཁོར་འབུལ་གནང་མཛད་ཅིང་དེ་ནས་མི་མང་རྣམས་འཛོམས་ཐོག་སྐྱབས་རྗེ་མཆོག་གིས་ཚེ་སྒྲུབ་བྱ་རི་མའི་སྒོ་ནས་བཀའ་དབང་དང་བཀའ་སློབ་བཀའ་དྲིན་བསྩལ། བཀའ་སློབ་ཀྱི་སྙིང་དོན་ནི་ཚེ་སྒྲུབ་དབང་ཐོབ་དང་མ་ཐོབ་ལས་ལྷག་པ་ནི་རང་རང་སོ་སོའི་གཅེས་པའི་མི་ལུས་རིན་ཆེན་འདི་བདག་སྐྱོང་བྱེད་དགོས་པ་སོགས་འཕྲོད་བསྟེན་ལ་བསྟེན་ཏེ་མི་ཚེ་ཡུན་རིང་འཚོ་ཐུབ་པ་དང་རྒྱུན་དུ་ཆང་རག་སོག་ལ་འཛེམས་དགོས་པར་གསུངས། དེ་སྐབས་དཔལ་ལྡན་སྨན་རིའི་གྲྭ་ཚང་དང་། སྐྱབས་རྗེ་རིན་པོ་ཆེ་མཆོག་སྐུ་སྒེར། དེ་བཞིན་དེ་གའི་གྲྭ་ཚང་བཅས་ནས་སྔགས་གྲྭ་ཡོངས་ལ་མང་ཇ་དང་སྐུ་འགྱེད་བཅས་བསྩལ།
ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོར་མཚོ་ཡུལ་གྱིས་སྐྱེལ་མ་དང་བཅས་ཏ་པི་ཧྲི་ཙའི་མཐོ་སློབ་ཏུ་ཆིབས་ཞལ་བསྒྱུར། དེ་གའི་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཕེབས་བསུ་དང་སྦྲགས་ཡི་དམ་དབལ་ཁྱུང་དམར་པོའི་བཀའ་དབང་དང་བཀའ་སློབ་སོགས་ཞུས་ཤིང་ཕྱི་དྲོར་དེ་གའི་སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་ཡང་སྤྱན་འབུལ་ཞུས།
ཕྱི་ཚེས་ ༨ ཉིན་སྤུངས་མོ་(སྤོས་མང་)ཡུལ་དགོན་གཉིས་ནས་བསུ་མ་དང་བཅས་སྤུངས་མོ་ཡུལ་དུ་ཕེབས་ཏེ་སྤུངས་མོ་རྣམ་རྒྱལ་དགོན་དུ་སེར་སྦྲེངས་དང་བཅས་ཕེབས་བསུ་ཞུས། དེ་གར་སྨན་རིའི་གྲྭ་ཚང་དང་སྐྱབས་རྗེ་རིན་པོ་ཆེ་སྐུ་སྒེར་ནས་གྲྭ་སྔགས་རྣམས་ལ་མང་ཇ་དང་སྐུ་འགྱེད་བཅས་བསྩལ། ཉིན་རྒྱབ་ཏུ་དུ་ཏྲི་སུའི་བཀའ་དབང་བྱང་ཆོག་བཅས་གསུངས།
ཕྱི་ཚེས་ ༩ ཉིན་སྤུངས་མོ་ཡུལ་གྱི་སྐྱེལ་མ་དང་བཅས་སྐྱབས་རྗེ་མཆོག་སྟོན་འཁོར་དང་བཅས་དེ་ནས་ཕེབས་ཐོན་གྱིས་ས་གནས་བཅུད་དཀར་དུ་བཞུགས་ཤིང་། དེ་གར་བར་གླེ་ཡུལ་ནས་བསུ་མི་སྐྱ་པ་བཅུ་ཙམ་སྔ་ཚུད་ནས་འབྱོར་ཟིན་འདུག་པས། ཕྱི་ཉིན་དེ་ནས་ཕེབས་ཐོན་གྱིས་དོལ་པོའི་རྫོང་སྡེ་འདུ་གནས་སུ་ཕེབས་ནས་(Blue Sheep Hotel)“གནའ་བ་མགྲོན་ཁང་”དུ་དམུ་རིགས་དགེ་བཤེས་ཉི་མ་ཀུན་ཁྱབ་གཙོས་དོལ་པོ་བོན་ཚོགས་གླིང་ནས་གོ་སྒྲིག་གནང་བ་ལྟར་དེ་གར་ཐུགས་ལྷོད་ངང་བཞུགས་གནང་མཛད།
ཕྱི་ཚེས་ ༡༡ ཉིན་འདུ་གནས་ནས་སྐྱབས་རྗེ་མཆོག་སྟོན་འཁོར་དང་བཅས་པ་བར་གླེ་ཡུལ་གྱི་བསུ་མི་དག་གིས་གདན་དྲངས་ཏེ་བར་གླེར་འབྱོར། དེ་གར་དམུ་རིགས་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་དང་། བར་གླེ་བླ་མ་ལྷག་པ། བླ་མ་ཁྲོ་གསས་གཙོས་སྔགས་གྲྭ་རྣམས་ཀྱིས་སེར་སྦྲེངས་ཀྱི་རིམ་པ་དང་གཤེན་རབ་མཆོད་ལྔ་དང་བཅས་ཕེབས་བསུ་ཞུས། ཕྱི་ཚེས་ ༡༢ ཉིན་དེ་གའི་གྲྭ་ཚང་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཕྱྭའི་ཞབས་རིམ་དུ་སྲིད་རྒྱལ་ཁྲི་ཚོགས་འབུལ་གནང་མཛད་པ་དང་། སྐྱབས་རྗེ་མཆོག་སྟོན་འཁོར་དང་བཅས་པ་ཞིང་གཤེགས་དམ་པ་བར་གླེ་རིན་པོ་ཆེའི་མཚམས་ཁང་བྲག་དགོན་སོགས་ལ་གནས་མཇལ་མཛད།
ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་བར་གླེ་དགོན་པའི་སྔགས་གྲྭ་རྣམས་ཀྱིས་ཚེ་སྒྲུབ་བྱ་རི་མའི་ཚོགས་འཁོར་ཕུལ་བ་དང་། སྨན་རིའི་གྲྭ་ཚང་དང་སྐྱབས་རྗེ་མཆོག་སྐུ་སྒེར་བཅས་ནས་མང་ཇ་དང་སྐུ་འགྱེད་བསྩལ། དེ་ནས་སྐྱབས་རྗེ་མཆོག་ནས་ཚེ་དབང་བསྐུར་བས། དབང་ཞུའི་སྐབས་འཁན་ཡུལ་དགོན་གྱི་བླ་མ་གྷུ་རུས་གཙོས་པའི་འཁན་པ་དང་། ལ་ངུན་མདའ། བྱང་པ། སྨད་པ་དེ་བཞིན་ས་ཕྱོགས་འདྲ་མིན་བཅས་ནས་མི་མང་བཅུ་ཕྲག་ལྔ་ལས་བརྒལ་བ་འཛོམས།
སྐྱབས་རྗེ་མཆོག་དོལ་པོར་བཞུགས་རིང་དགོན་པ་དང་སློབ་གྲྭ་ཚོགས་སྡེ་སོགས་ཀྱིས་དབང་ཡོན་སོགས་འབུལ་བ་ཡོངས་སུ་རྫོགས་པ་རང་སོར་དེ་གའི་འཛིན་སྐྱོང་ཆེད་གནང་ཞིང་སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པའི་སྐུ་ཕྱྭའི་ཞབས་རིམ་དུ་དུད་འགྲོ་སེམས་ཅན་བརྒྱ་ཕྲག་གསུམ་ལས་བརྒལ་བ་ཚེ་ཐར་གཏོང་མཁན་དང་། དེར་མ་ཟད་ཡུལ་མི་མང་དག་ཅིག་ནས་ཆང་རག་ཐ་མ་ཁ་སོགས་ལོ་གཅིག་ལོ་གཉིས་ལོ་ལྔ་བཅས་སུ་སྤོང་མཁན་ཡང་གང་མང་བྱུང་།
ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་བར་གླེ་ཡུལ་དགོན་ནས་ཕེབས་ཐོན་གྱིས་རྫོང་སྡེ་འདུ་གནས་བརྒྱུད་འཛུ་ཧྥལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ནས་བལ་པོའི་རྒྱལ་ས་ཡམ་བུ་རུ་ཕེབས། རྒྱལ་ས་ཡམ་བུར་བཞུགས་རིང་དེ་གའི་གནའ་སྔ་མོ་ནས་བོན་དང་འབྲེལ་ཞིང་བོན་ལ་མོས་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ཡོལ་མོ་དང་རྟ་མང་སོགས་ཀྱི་འཐུས་མི་དང་ལྷན་གྲོས་མོལ་ཚོགས་འདུ་གནང་ཞིང་། སྐྱབས་རྗེ་མཆོག་ནས་དེ་གའི་ཡུལ་ལུང་དུ་ཉེ་ཆར་བཞི་གཉིས་ལྔ་ཡི་ས་ཡོམ་གྱིས་རྐྱེན་པའི་ཉམ་ཐག་རྣམས་ལ་སྐྱོབས་གསོའི་ཕྱག་དངུལ་རྒྱ་མི་ཆུང་བའང་བསྩལ། མཐར་ཕྱི་ཟླ་༩ པའི་ཚེས་ ༢༡ ཉིན་སྐྱབས་རྗེ་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་པ་གདན་ས་སྨན་རི་གླིང་དུ་ཞབས་སོར་བདེ་བར་འཁོད་གྲུབ་པ་བཅས་ཀྱི་གནས་བསྡུས་(༸རྒྱལ་བ་སྨན་རི་བའི་སློབ་དཔོན་ཆེན་མོ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་འཁྲུངས་གཞིས་དོལ་པོར་ཆིབས་བསྒྱུར་བསྐྱངས་པའི་མཛད་འཕྲིན་གཞན་ཕན་འོད་སྣང་)ཞེས་པ་འདི་གཏར་བ་དགེ་མིང་ཙམ་འཛིན་པ་ཡོན་ཏན་མཆོག་སྒྲུབ་ཀྱིས་བྲིས་སོ།། །།
དགེ་བཤེས་ཡོན་ཏན་མཆོག་སྒྲུབ། བཞུགས་གནས། བལ་ཡུལ། ཁྲི་བརྟན་ནོར་བུའི་རྩེ།
བསམ་ཚུལ་ཕྲིས།