སྐུ་གཟུགས་ཧ་ཅང་གསལ་ཐང་རེད་འདུག

རྩོམ་ཡིག་འདི་ཐེངས། 2968 བཀླགས་འདུག

Screen Shot 2016-03-15 at 12.34.04 PMརང་ཅག་བོན་འབངས་ཡོངས་ཀྱི་སྤྱི་གཙུག་གི་ནོར་བུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་གཟུགས་ཉི་མའི་དཀྱིལ་འཁོར་ཟླ་ཤས་གོང་ནས་བཟུང་དེ་ཙམ་གསལ་ཐང་མེད་པའི་རྐྱེན་གྱིས་ཨ་རིའི་བོན་གཤེན་གླིང་གི་བླ་མ་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེས་གཙོས་འབྲེལ་ཡོད་སློབ་མ་འགས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་སྨན་བཅོས་ཆེད་གདན་འདྲེན་ཞུས་ཡོད་པ་དང་། བོད་གཙོས་རྒྱལ་ཁབ་ཕྱི་ནང་གི་བོན་འབངས་ཁྲི་ཕྲག་མང་པོས་འདི་ཕྱི་གཏན་གྱི་སྐྱབས་གནས་དམ་པ་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་ཆེད་དུ་བོན་སྐྱོང་དམ་ཅན་རྒྱ་མཚོར་སྐང་གསོལ་འཕྲིན་བཅོལ་དང་སྐུའི་ཞབས་བརྟན་གསོལ་འདེབས་གྲངས་ལས་བརྒལ་བ་བསགས་དང་གསོག་བཞིན་པ་ཚང་མས་མཁྱེན་གསལ་ལྟར་རེད། དེ་རིང་ཁུངས་ལྡན་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་ཐོས་གསལ་ལྟར་ན་ད་ཆར་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཉི་མའི་དཀྱིལ་འཁོར་སྔར་བས་ཧ་ཅང་གསལ་ཐང་ཡིན་པ་དང་ལྷག་པར་དུ་སྐུའི་དགུང་ལོ་དགུ་བཅུར་ཉེ་ཡང་འབྱུང་ཁམས་དོན་སྣོད་སོགས་ལ་སྐྱོན་ཆེན་པོ་གང་ཡང་མི་འདུག་ཅེས་སྐུའི་བླ་སྨན་པ་དག་གིས་གསུངས་འདུག  ཚང་མས་མཁྱེན་གསལ་ལྟར། སྐུ་གཟུགས་ལ་སྨན་དཔྱད་མ་གནང་བའི་སྔོན་དུ་ཇི་དགེའི་ཞབས་རིམ་རིན་པོ་ཆེ་སྐུ་ཉིད་ལ་བཀའ་འདྲི་དགོངས་སྐོར་ཞུས་སྐབས་ཡེ་ཤེས་དབྱིངས་དཔྱད་ཀྱི་ལམ་ནས་བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ་འབུམ་གཅིག་དང་། ཕུར་པའི་སྟོང་ཚོགས། ཕུར་པའི་བསྙེན་པ་འབུམ་གཅིག དྲན་པའི་ཚེ་བསྙེན་འབུམ་གཅིག བོན་སྐྱོང་སྐོང་གསོལ་གང་མང་འདོན་དགོས་གསུངས་པ་ལྟར་རྒྱ་ཆེའི་བོན་འབངས་ཡོངས་ཀྱིས་དེ་ལུགས་མུ་མཐུད་ནས་འབད་བརྩོན་གནང་དགོས་པ་སྨྲོས་མེད་དང་། སྐུའི་གཟི་བྱིན་ཉི་མའི་དཀྱིལ་འཁོར་༧གདན་ས་སྨན་རིའི་གླིང་གི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་མི་འགྱངས་པར་མགྱོགས་ནས་མྱུར་དུ་འཁོད་པའི་སྨོན་འདུན་དང་བཅས། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *