༓ ཀེའུ་ཟེར་ཤེས་རབ་རྒྱལ་མཚན། (Prof. Kurt Keutzer)

རྩོམ་ཡིག་འདི་ཐེངས། 1870 བཀླགས་འདུག

Screen Shot 2015-09-23 at 7.01.00 AMཀེའུ་ཟེར་ཤེས་རབ་རྒྱལ་མཚན་ནམ་ Kurt Keutzer ལགས་ནི་ UC Berkeley མཐོ་རིམ་སློབ་གྲྭ་ཆེན་མོའི་གློག་ཀླད་ཚན་རྩལ་གྱི་སློབ་དཔོན་ཆེན་མོ་ཞིག་ཡིན་ཞིང་། མི་ལོ་བཞི་བཅུ་ལྷག་གི་རིང་ཞང་བོད་ཀྱི་ནང་པའི་གཞུང་ལུགས་ལ་སློབ་གཉེར་གནང་བ་མ་ཟད། གསུང་དེབ་དང་སྒྱུར་རྩོམ་མང་པོ་བྲིས་ཡོད། འདི་ག་རྒྱལ་གཤེན་བོན་སྒྲས་ཁོང་གིས་ནང་པའི་གཞུང་ལུགས་ལ་དོན་སྣང་ཅི་ལྟར་བྱུང་བའི་སྐོར་བཀའ་འདྲི་ཞུས་ཏེ་བོན་སྒྲས་བོད་ཡིག་ཏུ་བཀོད།

ཁོང་གིས་གསུང་ན་”ཕྲན་བོད་ཀྱི་ནང་ཆོས་དང་འཕྲད་པའི་སྐོར་ངོ་སྤྲོད་རགས་ཙམ་བྱས་ན། རང་ལོ་ ༡༨ ཡིན་སྐབས་ནུབ་ཕྱོགས་སུ་མཚན་དང་སྙན་གྲགས་ཆེ་བའི་དགེ་ལུགས་པའི་བླ་མ་ཡེ་ཤེས་དང་བླ་མ་བཟོད་པ་རིན་པོ་ཆེ་རྣམ་གཉིས་ལ་མཇལ་ཞིང་། དེ་རྗེས་བོད་སྐད་དང་བོད་ཡིག་སྦྱོང་བར་དོ་སྣང་ཆེན་པོ་བྱུང་བ་མ་ཟད། Indiana University ཨེན་སྒྲི་ཡ་ན་སློབ་ཆེན་ནས་༧རྒྱལ་བ་རིན་པོ་ཆེའི་སྐུ་མཆེད་ཐུབ་བསྟན་ནོར་བུའམ་ཡོངས་གྲགས་སུ་སྟག་འཚེར་རིན་པོ་ཆེའི་མདུན་ནས་བོད་ཡིག་སྦྱོང་བའི་འགོ་བཙུགས་པ་ཡིན། མི་ལོ་ཉེར་ལྔའི་རིང་བྱམས་བརྩེ་དང་བཟོད་སྒོམ་གྱིས་ཕྱུག་པའི་དགེ་ལུགས་པ་དང་ས་སྐྱའི་བླ་མ་མང་པོར་མཇལ་བའི་སྐལ་བ་ཐོབ་ཅིང་། དམིགས་བསལ་དུ་དགེ་ལུགས་པའི་དགེ་བཤེས་ལ་དྭགས་བློ་བཟང་འཇམ་དཔལ་དང་། ས་སྐྱའི་བླ་མ་ངོར་ཐར་རྩེ་བླ་མ་ཀུན་དགའ་རིན་པོ་སོགས་ལས་དཔེ་ཁྲིད་མང་པོ་ཐོབ།

     ལོ་ཤས་རྗེས་ནས་བཟུང་བོད་ཡིག་ཐོག་བྲིས་པའི་བོད་ཀྱི་ནང་བསྟན་ཆོས་གཞུང་ཕྱག་རྒྱ་ཆེན་པོ་དང་རྫོགས་ཆེན་གཉིས་ཀྱི་གཞུང་མང་པོ་བཀླགས་ཤིང་། དམིགས་བསལ་ས་དགེའི་གཞུང་ལུགས་ནང་ཕན་ཚུན་དགག་བཞག་རྩོད་སྤོང་སྐོར་བཀླགས་སྐབས་ཕྲན་ལ་དོགས་སློང་ཡང་འབྱུང་བའི་འགོ་ཚུགས། མ་གཞི་ངས་འདི་རེད་དང་དེ་མ་རེད་ཅེས་བཤད་མི་ཐུབ་ཀྱང་། གང་ལྟར་ཕྱག་རྒྱ་ཆེན་པོ་དང་བླ་མེད་རྫོགས་པ་ཆེན་པོ་གཉིས་ཀྱིས་རང་ཉིད་ཀྱི་ཉམས་ལེན་ལ་བོག་འདོན་ནམ་ཕན་ཐོག་རྒྱ་ཆེན་པོ་ཞིག་བྱུང་བས་དུས་དེ་ནས་བཟུང་ཕྱག་རྫོགས་ཉམས་ལེན་བྱ་རྒྱུ་ཐག་བཅད་པ་ཡིན། །

དེ་བཞིན་བསྐྱེད་རྫོགས་སྐོར་ལའང་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ་མི་ལོ་ཉེར་ལྔའི་རྗེས་སུ་འདི་གའི་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་ནས་བོན་གྱི་རྫོགས་ཆེན་གཟེར་བུ་ཉེར་གཅིག་གི་དཔེ་ཆ་ཞིག་མཇལ་ཡུལ་དུ་གྱུར་བ་མ་ཟད་འགྲེལ་བཤད་རྣམས་ཚིག་སྦྱོར་བདེ་ཞིང་གོ་སླ་བ་ཞིག་འདུག དེ་ནས་བཟུང་གཟེར་བུ་ཉེར་གཅིག་དབྱིན་སྐད་དུ་བསྒྱུར་རྒྱུ་ཐག་བཅད་བྱས། ཆེས་སྟབས་ལེགས་པ་ཤིག་ཏུ་དགེ་བཤེས་བསྟན་འཛིན་རིན་པོ་ཆེ་ང་ཚོའི་ས་གནས་སུ་དཔེ་ཁྲིད་ལ་ཕེབས་པའི་སྐབས་ཞིག་དང་ཁེལ་ཞིང་ཁོང་ལ་གཟེར་བུ་ཉེར་གཅིག་དབྱིན་སྐད་དུ་བསྒྱུར་གྱི་ཡིན་ཞེས་ཞུས་པར་ཁོང་གིས་བགད་མོ་ཤོར་གནང་སོང་། ཡིན་ན་ཡང་། ཟླ་བ་དྲུག་གི་རྗེས་སུ་གཟེར་བུ་ཉེར་གཅིག་དབྱིན་བསྒྱུར་རོབ་ཙམ་གྲུབ་ཡོད་པས་ཁོང་ལ་བསྟན་སྐབས་ཐིག་ཕྲེང་གཅིག་རྗེས་གཉིས་མཐུད་ཀྱིས་བཀླགས་ཞིང་། ཁོང་གིས་”ང་སྨྱོན་པ་མང་པོར་ཐུག་མྱོང་། ཁྱོད་ཀྱིས་འདི་འདྲ་ཞིག་བསྒྱུར་རྒྱུ་ཡིན་པ་ངས་ཤེས་མ་སོང།” ཅེས་བཤད་རྗེས་གང་ལྟར་ཁོང་གིས་ངས་བསྒྱུར་བའི་གཟེར་བུ་ཉེར་གཅིག་གི་གཞུང་ལ་དགའ་སྣང་ཆེན་པོ་བྱས་སོང་། །

དེ་རྗེས་ལོ་བཅོ་ལྔའི་རྗེས་སུ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེའི་མདུན་ནས་དཔེ་ཁྲིད་མང་པོ་ཐོབ་ཅིང་།  བྱ་འཕུར་རིན་པོ་ཆེ་དང་ལྷན་དུ་སྔགས་རྫོགས་སྐོར་གྱི་གཞུང་དང་ཆ་ལག་མང་པོ་ཞིག་ཡིག་སྒྱུར་ཞུ་བའི་གོ་སྐབས་བྱུང་། དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ལས་ཞང་ཞུང་སྙན་རྒྱུད་དང་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་སོགས་ཀྱི་ཁྲིད་ཐོབ་ཅིང་། ཡང་སྟོན་ཆེན་པོའི་གདུང་རྒྱུད་བླ་མ་བཀྲ་ཤིས་རྒྱལ་མཚན་གྱི་མདུན་ནས་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་། ཉམས་རྒྱུད་སྨུ་གུ་རྒྱས་པ། ཞང་ཞུང་མེ་རིའི་སྒྲུབ་སྐོར་ཆ་ཚང་གི་ལུང་ཐོབ། ད་དུང་བོན་གྱི་སྒྲུབ་གཞུང་དང་འབྲེལ་བའི་དཔེ་ཆ་མང་པོ་ཞིག་དགེ་བཤེས་དྲང་སྲོང་རྣམ་རྒྱལ་དང་། དགེ་བཤེས་བསྟན་འཛིན་ཡང་སྟོན་དང་ལྷན་ཡིག་སྒྱུར་དང་ལྗགས་ལུང་ཐོབ་བྱུང་། །

ང་རང་གི་བསམ་བློར་ང་ཤིན་ཏུ་བསོད་ནམས་ཆེན་པོ་ཞིག་ཡིན་བསམ་བསྡད་ཡོད། གང་ཡིན་ཟེར་ན། ད་བར་ཞང་ཞུང་སྙན་རྒྱུད་ལས་གཟེར་བུ་ཉེར་གཅིག་དང་། སྒྲོན་མ་དྲུག ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད། ཀུན་མཁྱེན་ཤར་རྫ་བའི་གཏུམ་མོའི་ཁྲིད་སོགས་ཡིག་སྒྱུར་བྱས་པ་མ་ཟད། དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་སོགས་བོན་གྱི་བླ་མ་རྣམས་ཀྱིས་དཔེ་ཁྲིད་སྐབས་ངས་བསྒྱུར་བ་རྣམས་བེད་སྤྱོད་ཡང་ཡང་གཏོང་བཞིན་ཡོད་པ་རེད། ད་དུང་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། བྱ་འཕུར་རིན་པོ་ཆེ་རྣམ་གཉིས་ལྷན་ནུབ་ཕྱོགས་པ་རྣམས་ལ་མཁོ་བའི་གཡུང་དྲུང་བོན་གྱི་ཞལ་འདོན་ཕྱོགས་སྒྲིག་ཡིག་སྒྱུར་ཐད་ལས་ཀ་བྱས་ཤིང་། ད་ཆར་དུས་ཚོད་གང་ཁོམ་གྱིས་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། བྱ་འཕུར་རིན་པོ་ཆེ། དགེ་བཤེས་དྲང་སྲོང་རྣམ་རྒྱལ་བཅས་ཀྱི་ལྷན་ཤར་རྫ་བའི་ཀུན་བཟང་སྙིང་ཏིག་དབྱིན་སྒྱུར་འགོ་ཚུགས་པའི་རྒྱུན་རང་ཉིད་ཀྱིས་སྐྱོང་བཞིན་ཡོད།

ངའི་བསམ་བློར་ནུབ་ཕྱོགས་ཀྱི་སློབ་མ་རྣམས་ཀྱིས་གཡུང་དྲུང་བོན་གྱི་གཞུང་ལུགས་གནའ་བོའི་སྲོལ་རྒྱུན་བཞིན་སྦྱོང་རྒྱུ་གལ་ཆེ་བ་དང་། ད་ཆར་དགེ་བཤེས་དྲང་སྲོང་རྣམ་རྒྱལ་དང་ལྷན་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་གཏན་འབེབས་གནང་བའི་ལི་ཤུ་སློབ་གཉེར་ཁང་གི་སློབ་ཚན་སྐོར་ལ་ལས་ཀ་བྱེད་བཞིན་ཡོད་ལ། དེའང་ལོ་གསུམ་གྱི་སློབ་ཚན་ཞིག་ཡིན་ཞིང་། ལོ་གཅིག་ལ་ཐེག་རིམ་དང་། ལོ་གཅིག་ལ་མ་རྒྱུད། ལོ་གཅིག་ལ་ཞང་ཞུང་སྙན་རྒྱུད་བཅས་རེད། སློབ་ཚན་འདི་དག་གལ་ཧ་ཅང་ཆེ་བས་ནུབ་ཕྱོགས་པ་མང་པོར་ཕན་ཐོག་ངེས་ཅན་ལྡན་པའི་རེ་བ་ཆེན་པོ་ཡོད། །

སྤྱིར་ངའི་རང་གཤིས་དཔེ་ཀློག་བྱེད་རྒྱུར་ཤིན་ཏུ་དགའ་བས་ལོ་མང་པོའི་སྔོན་དུ་ལིག་མིན་རྐྱའི་དབྱར་ཁའི་བསྙེན་སྒྲུབ་སྐབས་ཤིག་ལ་ཀེ་ཝན་ Kevin O’Neill དང་ལྷན་དུ་བོན་གྱི་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་ཅིག་བསྒྲིགས་ཡོད། དེར་མ་ཟད་ད་ཆར་བོད་ཀྱི་ནང་བསྟན་དཔེ་ཚོགས་དང་ལྷན་གཡུང་དྲུང་བོན་གྱི་དཔེ་ཆ་མང་པོ་བསྐྱར་པར་ཆེད་ཕྱག་རོགས་དང་། ཉེ་ཆར་རང་ལ་ཕྲན་གྱིས་བོན་གྱི་བཀའ་འགྱུར་དཀར་ཆག་གློག་ཀླད་ནང་ལས་སླ་བོའི་ངང་འཚོལ་ཐབས་ཞིག་བཟོས་ཡོད་ཅིང་། མ་འོངས་པར་བོན་གྱི་བརྟེན་འགྱུར་དཀར་ཆག་ཀྱང་དེ་བཞིན་བསྒྲིག་འཆར་ཡིན། །

ངའི་ངོས་ནས་སྲོལ་རྒྱུན་དང་འབྲེལ་བའི་ཉམས་ལེན་གང་ཞིག་འདི་ཡག་དང་དེ་སྡུག་རེད་ཟེར་མི་ཐུབ་ཀྱང་། བོན་གྱི་རྫོགས་ཆེན་གྱི་གཞུང་ཞང་ཞུང་སྙན་རྒྱུད་དང་། ཨ་ཁྲིད། བསྒྲགས་པ་སྐོར་གསུམ། ཀུན་བཟང་སྙིང་ཏིག སྐུ་གསུམ་རང་ཤར་སོགས་ཚང་མ་གཏེར་མ་ཞིག་གི་རྒྱུད་པ་ཙམ་མིན་པར་འགྲེལ་བཤད་གནང་སྟངས་སྣ་ཚོགས་ཕན་ཚུན་འབྲེལ་ནས་ཡོད་ཅིང་རང་གིས་གང་འདམས་པ་དེས་རང་ཉིད་ཀྱི་སེམས་ལ་ཕན་ཐོགས་ཡོད་པ་བཤད་མ་དགོས། །

ད་དུང་ཕྲན་སྒེར་ལ་མཚོན་ན། ངས་བོན་པོའི་སྔགས་རྫོགས་ཀྱི་སྐོར་ལ་བསམ་བློ་གཏོང་དུས་དཔེ་ཁྲིད་ཀྱི་ཡང་སྙིང་གཙོ་བོ་ལྟ་བ་མ་བཅོས་པའི་ངོ་བོ་ཡིན་པ་མ་ཟད། གསང་སྔགས་ཉམས་ལེན་དང་། སྒོམ་དང་ལྟ་བ། རྩ་རླུང་འཕྲུལ་འཁོར་སོགས་ཉམས་ལེན་ཡོད་ཚད་ལྟ་བ་མ་བཅོས་པ་དང་ཕན་ཚུན་འབྲེལ་བ་གཅིག་ལ་གཅིག་ཏུ་བརྟེན་འདུག་པས་ང་ལ་མཚོན་ན་ཉམས་ལེན་འདིའི་རིགས་ཏག་ཏག་བློ་ལ་འཚམས་པོ་འདུག ང་རང་ཆེས་བསོད་ནམས་ཆེ་བ་ཞིག་ཏུ་གཏིང་ཟབ་པའི་གཡུང་དྲུང་བོན་གྱི་དཔེ་ཁྲིད་སོགས་བོན་གྱི་བླ་མ་མང་པོ་ལས་ཐོབ་པ་དང་ཕྲན་གྱིས་ཀྱང་རང་ངོས་ནས་ཡིག་སྒྱུར་སོགས་ཀྱི་ངོས་ནས་གཡུང་དྲུང་བོན་གྱི་བསྟན་པར་ཞབས་ཞུ་གང་འཚམས་ཞུ་ཐུབ་པའི་རེ་བ་ཆེན་པོ་ཡོད། མུ་ཙུག་སྨར་རོ། །”ཞེས་གསུངས་བྱུང་།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *