དགེ་བཤེས་བརྒྱ་དང་ཉེར་གཉིས་ཀྱི་མཚན་རྟགས་བཞེས་པ།

རྩོམ་ཡིག་འདི་ཐེངས། 1226 བཀླགས་འདུག

12733362_1694549090822457_5475060921216783945_n

སྐབས་བཅོ་བརྒྱད་པའི་དགེ་བའི་བཤེས་གཉེན་རྣམས་པ། ༢༠༡༦

   རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་སྣོད་བཅུད་ཀྱི་སྙིང་པོར་སྨིན་པའི་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚུན་བོད་རྒྱལ་ལོ་ ༣༡༥༣བོད་མེ་ཕོ་སྤྲེལ་ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༣ ཉིན་༧རྣམ་འདྲེན་རྒྱལ་བ་གཉིས་པ་༧རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ་ ༦༦༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་དང་སྟབས་བསྟུན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་བཅོ་བརྒྱད་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དབུ་འཛུགས་གནང་ཡོད་པ་དང་ཐེངས་འདིར་དགེ་བཤེས་དྲུག་ཡོད་ཅིང་ཁོང་རྣམ་པ་ཡང་བོད་དང་སོག་པོ་བལ་ཡུལ་དོལ་པོ་དང་རྒྱ་གར་ཁུ་ནུ་སོགས་མདོར་ན་རྒྱལ་ཁབ་མི་འདྲ་བ་བཞི་ནས་ཕེབས་པའི་དགེ་འདུན་པ་ཁག་ཅིག་ཡིན།

  དེ་ཡང་༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་ཕྱི་ལོ་༡༩༧༨ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་འཛུགས་གནང་རྒྱུའི་དགོངས་བཞེད་རྨད་དུ་བྱུང་བ་ཐུགས་ལ་འཁྲུངས་ཏེ་༧སྨན་རིའི་ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་མཆོག་ལ་དགོངས་གཞི་སྙན་གསན་ཞུས་པས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ལྷ་དར་དང་བཅས་”དེ་འདྲ་ཐུགས་ལ་འཁྲུངས་པ་བཀའ་དྲིན་ཆེ་སྐལ་པ་བཟང་”ལ་སོགས་པའི་བསྔགས་བརྗོད་གནང་ཞིང་དེ་ནས་བཟུང་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དབུ་འཛུགས་གནང་ཞིང་བཤད་གྲྭའི་སྒྲིག་ལམ་གང་དགོས་འཐུས་ཚང་གསར་བཟོའི་མཛད་འཕྲིན་བསྐྱངས་ནས་༧སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་དང་ལུང་རྟོགས་བོན་གྱི་མཛོད་འཛིན་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་ལམ་དགེ་བཤེས་གཡུང་དྲུང་རྣམ་རྒྱལ་མཆོག་གཙོས་པའི་བཤད་སྒྲུབ་མཁན་སློབ་རིམ་བྱོན་རྣམས་པས་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་རྣམས་དང་ཐ་སྙད་རིག་གནས་དང་བཅས་པའི་འཆད་ཁྲིད་ཟབ་རྒྱས་གནང་པས་ཕྱོགས་ཀྱི་སློབ་བུའི་ཚོགས་ཀྱང་སྦྲང་རྩིའི་ཚལ་དུ་ར་ཡིག་གཉིས་པ་མ་བོས་ངང་གིས་འདུ་བ་བཞིན།

     དཔེར་ན། བོད་གངས་ཅན་ལྗོངས་ཀྱི་སྟོད་གངས་རི་མན་ཆད། སྨད་ཨ་མདོའི་རྒྱལ་རོང་ཡན་ཆད་ཞེས་མདོ་དབུས་ཁམས་གསུམ་གཙོས་པས་བལ་ཡུལ་ཁུལ་དང་། དེ་བཞིན་ཁུ་ནུ་སོགས་རྒྱ་གར་ཕྱོགས་ནས་ཀྱང་གྲྭ་རྒྱུན་མུ་མཐུད་དེ་ཕེབས་ཡོད་ལ།  ༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམས་པའི་དྲུང་དུ་རབ་ཏུ་བྱུང་ཞིང་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ། གཞུང་ལུགས་ཆེད་སྦྱང་ལ་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་ལས་གཡས་རུ་སྟོན་པ་བརྒྱད་པ་བོན་གྱི་སྤྱན་ལྡན་ཆེན་པོ་༧འགྲོ་མགོན་བློ་གྲོས་རྒྱལ་མཚན་(1198-1263)དང་༧རྒྱལ་བ་གཉིས་པ་རྗེ་བཙུན་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་(1356-1415)དང་སྨན་རིའི་མཁན་རབས་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་(1813-1870)གསུམ་གྱིས་མཛད་པའི་གཞུང་ལུགས་རྣམས་ཡིག་ཆ་གོང་འོག་བར་གསུམ་དུ་རྩ་བར་ངོས་འཛིན་ཞུས་ནས་དེ་ལ་རྒྱལ་བའི་བཀའ་དང་བྱང་འཕགས་རིག་འཛིན་རྣམས་ཀྱི་ལུང་གིས་རྒྱབ་བརྟེན་བྱས་ནས་འགོ་འཛིན་རིམ་དང་པོ་སྡུད་གྲྭ་ནས་བཟུང་མཚན་ཉིད་པོད་ཆེན་དྲུག་ཏུ་གྲགས་པའི་ཚད་མའི་གཞུང་དང་། ཕར་ཕྱིན། མཛོད། འདུལ་བ། དབུ་མ། གསང་སྔགས་ཀྱི་གཞུང་ཆེན་རྣམས་ལས་ཀྱང་ཁྱད་པར་དུ་གབ་མཛོད་ས་གསུམ་ཆེད་སྦྱོང་གཙོ་བོར་གནང་ཞིང་ཞོར་དུ་ཐ་སྙད་རིག་གནས་བརྡ་དག་སྙན་གསུམ་དང་སྒྲ་རྩིས་སྨན་གསུམ་ལ་སོགས་པ་ཁམས་དང་མོས་པ་ཅི་ཡོད་ཀྱིས་འཛིན་རིམ་བཅུ་གསུམ་པ་རྫོགས་ཆེན་འཛིན་གྲྭའི་བར་མ་མཐའ་ཡང་མི་ལོ་བཅུ་གསུམ་ལྷག་གི་རིང་ལ་སྦྱང་བ་ལྷོད་མེད་གནང་མཐར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་དགོས་ལ་སང་ལོར་དགེ་བཤེས་གཏོང་དགོས་རྣམས་ཀྱིས་ལོ་གཅིག་གི་སྔོན་ནས་འཆར་ཅན་ལྟར་༧རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཀྱི་ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རི་བ་མཆོག་གི་སྐུ་མདུན་ནས་དགེ་བཤེས་གཏོང་འཐུས་ཀྱི་བཀའ་འཁྲོལ་དང་བཀའ་རམས་པའི་མིང་གི་ཅོད་པན་ཐོབ་དགོས་ལ། དེ་ནས་ལོ་འཁོར་གཅིག་ལ་ཆུ་ཚོད་སྔར་བས་དམ་འཛིན་གནང་ནས་ཚོགས་དང་འཆད་ར་རྩོད་སྦྱོང་ཆགས་མེད་གནང་ཞིང་ཟླ་དྲུག་སྔ་མར་རིག་གནས་ཀྱི་སྦྱང་འབྲས་རྣམས་དཔེར་ན་སྒྲ་འཁོར་དཀྱིལ་འཁོར་སོགས་ཀྱིས་མཚོན་རིག་གནས་འགན་འཛིན་ལགས་ལ་ཕུལ་ནས་ཟླ་དྲུག་ཕྱི་མར་མཆོད་ཚིག་དང་ཚིག་བཀྲ་དམ་བཅའ་སོགས་དཔལ་ལྡན་སྨན་རིའི་བླ་བྲང་དུ་རྒྱུགས་འབུལ་ཞུ་དགོས་པ་སོགས་དགེ་བཤེས་ཀྱི་སྔོན་འགྲོའི་ཆ་རྐྱེན་རིམ་པ་དང་། དངོས་གཞིའི་མཛད་སྒོའི་སྐབས་སུའང་སྔོན་འགྲོའི་གཞུང་བཤད་གྱེར་རྒྱུགས་དང་དངོས་གཞིའི་རྩོད་རྒྱུགས་དམ་བཅའ་ཆེན་མོ་རྗེས་བྱ་སྐལ་བཟང་བཀྲ་ཤིས་ཁྲི་བཞེངས་དང་བཅས་པའི་མཐར་བརྒྱན་ནས་དགེ་བའི་བཤེས་གཉེན་གྱི་ཁྲི་རུ་མངོན་པར་བཞེངས་པའོ།

    ཕྱི་ལོ་༡༩༨༦ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་དང་པོའི་དགེ་བཤེས་མཛད་སྒོ་ཆེན་མོ་སྤེལ་བ་ནས་ད་ལོ་༢༠༡༦ལོའི་བར་མི་ལོ་སུམ་ཅུའི་ནང་དུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགེ་བཤེས་བརྒྱ་དང་ཉེར་གཉིས་ཀྱིས་མཚན་རྟགས་བཞེས་ཡོད་ཅིང་ཁོང་རྣམས་པས་གཙོ་བོ་མདོ་དབུས་ཁམས་གསུམ་དུ་ཡོད་པའི་བོན་གྱི་དགོན་སྡེ་ཁག་གི་མཁན་པོ་དང་སློབ་དཔོན་སོགས་ཀྱི་མཚན་གནས་བཞེས་ཏེ་བཀའ་ཁྲིད་གསུང་བཞིན་པ་དང་། (སྤྱིར་བོད་དུ་གཡུང་དྲུང་བོན་གྱི་དགོན་པ་བཞི་བརྒྱ་མ་ཟིན་ཙམ་ཡོད་འདུག) དེ་བཞིན་རྒྱ་དཀར་ནག བལ་ཡུལ། འབྲུག སོག་པོ། ཨུ་རུ་སུ། དབྱིན་ཇི། ཡོ་རོབ་ཁུལ། མེག་སི་ཀོ། ལྷོ་བྱང་གཉིས་ཀྱི་ཨ་རི་ཁུལ་སོགས་སྐད་རིགས་མི་འདྲ་བའི་རྒྱལ་ཁབ་མང་པོའི་ནང་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་འཆད་ཁྲིད་གནང་བཞིན་ཡོད་པས་མདོར་ན་དགེ་བའི་བཤེས་གཉེན་རྣམས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཆེད་མཛད་རྗེས་རླབས་ཆེན་འཇོག་དང་འཇོག་མུས་སུ་བཞུགས་པའོ་ཞེས་ཁྲི་བདེ་མཆོག་ཏུ་འབོད་པས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་ཕྱི་ལོ་༢༠༡༦ཟླ་༠༣ཚེས་༠༣ལ་སྦྱར་བ་དགེའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *