༓ སློབ་དཔོན་བསྐལ་བཟང་ཟླ་བ། (Dr.Krisadawan Metavikul)
རྩོམ་ཡིག་འདི་ཐེངས། 3417 བཀླགས་འདུག
སློབ་དཔོན་བསྐལ་བཟང་ཟླ་བའམ་(Dr.Krisadawan Metavikul)མཆོག་ནི། ཡ་གླིང་ལྷོ་ཤར་ཐེ་ལན་ཌིའི་རྒྱལ་ཁབ་ཀྱི་ཧོ་ཧན་དུ་ཕྱི་ལོ ༡༩༦༢ སྐུ་འཁྲུངས་ཤིང་། སྐུ་གཞོན་ནུའི་དུས་ནས་སློབ་གྲྭ་ཆུང་འབྲིང་རིམ་པར་བརྒྱུད་ཏེ་རྒྱལ་ས་བྷན་ཁོག་ཏུ་གཏན་གཞི་བྱས་པའི་ཕྱོགས་བསྡུས་སློབ་གྲྭ་ཆེན་མོ་ཅོས་ལ་ལུང་ཀོན་ (Chulalongkorn University) ནས་སློབ་མཐར་ཕྱིན། ལོ་ཉེར་གཅིག་ཐོག་(ནང་བསྟན་དང་ཞི་བདེ།)ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཏེ་ཤར་ཕྱོགས་ཀྱི་རྒྱལ་ཁབ་བདུན་ལྷག་གི་ནང་དུ་ཐེ་ལན་གྱི་འཐུས་ཚབ་གནང་ནས་ནང་བསྟན་རིག་པའི་བགྲོ་གླེང་གི་ཚོགས་འདུ་ལ་ཞུགས་པའི་གོ་སྐབས་བྱུང་ཞིང་། འཛམ་གླིང་སྤྱི་འགྲོས་ཀྱི་ཤེས་རིག་སྤྱི་དང་ཁྱད་པར་ནང་བསྟན་རིག་པའི་འཕེལ་ཕྱོགས་ཐད་ཉམས་མྱོང་དང་བློ་བསྐྱེད་ཕུན་སུམ་ཚོགས་པ་ཐོབ།
དེ་རྗེས་ནུབ་ཕྱོགས་ཨ་རིར་གཏན་གཞི་བྱས་པའི་ལྗོར་ལྗི་མ་སོན་སློབ་ཆེན་ (George Mason University) ནས་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན། རིམ་བཞིན་ཨིན་ཌི་ཡ་ན་སློབ་ཆེན་(Indiana University)ནས་བོད་ཀྱི་སྐད་བརྡ་རིག་པ་དང་མིའི་རིག་པ་སོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ཤིང་། མཐར་པན་ཊི་ཏ་ཆེན་མོ་སྟེ་ཡོངས་གྲགས་སུ་འབུམ་རམས་པའི་མཚན་རྟགས་བཞེས། དེ་རྗེས་ཁོང་བལ་ཡུལ་དུ་ཕེབས་ཏེ་ལོ་གཅིག་ལྷག་རིང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམས་སུ་གཞི་ཆགས་པའི་བོད་ཁྱིམ་དཀྱུས་མ་ཞིག་ཏུ་བཞུགས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐོར་ལ་ཞིབ་འཇུག་དང་དམིགས་བསལ་དུ་ཧི་མ་ལ་ཡི་ཤེས་རིག་ལ་རྒྱུས་ལོན་ལེགས་པར་གནང་།
དེ་རྗེས་ཕྱིར་རང་རྒྱལ་ཐེ་ལན་ཌིའི་རྒྱལ་ཁབ་ཀྱི་ཅོས་ལ་ལོང་ཀོན་སློབ་གྲྭ་ཆེན་མོས་ (Chulalongkorn University) གདན་ཞུས་ལྟར་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་ཞིང་། ལས་ཞོར་དུ་བོད་ཤར་ཕྱོགས་བདེ་ཆེན་བོད་རིགས་ས་ཁུལ་དང་ཁམས་ཀྱི་ཡུལ་གྲུ་འགར་ཕྱིན་ནས་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་བོད་ཤར་ཕྱོགས་ཀྱི་སྐད་བརྡ་རིག་པའི་སྐོར་ལ་ཞིབ་འཇུག་གནང་ཞིང་སློབ་མཐར་ཕྱིན། དེ་རྗེས་ཨོག་སི་ཧྥོར་(Oxford)སློབ་གྲྭ་ཆེན་མོ་རུ་བོད་ཀྱི་ཤེས་རིག་སྐོར་ལ་ཞིབ་འཇུག་དང་རྩོམ་ཡིག་སྤེལ། ལས་ཞོར་དུ་བོད་ཀྱི་ཤར་ཕྱོགས་བདེ་ཆེན་བོད་རིགས་རྒྱལ་ཐང་ས་ཁུལ་དུ་ཐེངས་མང་ཕེབས་ཏེ་བོད་རིགས་སློབ་ཆེན་པ་དང་མང་ཚོགས་དཀྱུས་མའི་གཤིས་ཁམས་ལ་རྒྱུས་ལོན་དང་། བོད་ཀྱི་ཤེས་རིག་དང་ཁྱད་པར་སྐད་བརྡ་རིག་པ་སོགས་ལ་ཞིབ་འཇུག་མི་མཐུད་དུ་གནང་།
དེ་རྗེས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གཏན་གཞི་བྱས་པའི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་ (Southwest Nationalities University) ཕྱིན་ནས་བོད་ཀྱི་སྐད་ཡིག་ཞིབ་འཇུག་གནང་སྐབས་སུ་རྩོམ་པ་པོ་རྨེའུ་ཡོན་ཏན་མཐོང་གྲོལ་ལགས་དང་འཕྲད་ནས་ཁོང་གིས་བོད་ཁུལ་གང་སར་བསྐྱོད་ཏེ་ཞིབ་འཇུག་ཆེད་ཕྱག་རོགས་གནང་ཞིང་གསང་ཆེན་གཡུང་དྲུང་བོན་གྱི་རིག་འཛིན་ཀུན་གྲོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་མཆོག་ངོ་སྤྲོད་ཞུས་པ་ལྟར་ཞལ་མཇལ་བྱུང་ཞིང་ཁོང་གི་མདུན་ནས་སྔོན་འགྲོ་ལམ་གྱི་རིམ་པ་དང་། བར་དོའི་ངོ་སྤྲོད། སེམས་ཁྲིད། གསུར་དམིགས་དང་གཅོད་དམིགས། རིག་འཛིན་དང་མཁའ་འགྲོ་དགོངས་འདུས་སོགས་ཀྱི་ཁྲིད་ལུང་སོགས་མཉམ་དུ་སྦྱོང་བའི་སྐལ་བ་ཐོབ། དཔལ་ལྡན་ལྷ་མོ་ལས་ཀྱི་སྲུང་མར་མོས་ཚུལ་ཞུས་པ་ལྟར་ཀུན་གྲོལ་ལྷ་སྲས་རིན་པོ་ཆེ་ནས་རྟེན་འབྲེལ་ལེགས་གསུངས་ནས་ཐང་ཀ་བྱིན་ཅན་དང་དཔེ་ལུང་གནང་བ་སོགས་ཀྱི་བཀའ་དྲིན་བསྩལ།
དེ་རྗེས་རྒྱ་ནག་པེ་ཅན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་(Central Nationalities University)རུ་བོད་ཀྱི་སྐད་ཡིག་ལ་ཞིབ་འཇུག་དང་རྒྱའི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱས། སྐབས་དེར་སློབ་དཔོན་ཆེན་མོ་སྐལ་བཟང་ཟླ་བ་མཆོག་བོད་རྒྱུད་ནང་བསྟན་ས་སྐྱའི་མཁན་ཆེན་ཀུན་དགའ་བཟང་བོ་རིན་པོ་ཆེ་མཆོག་ལ་ཞལ་མཇལ་ཞིང་། ཁོང་གི་སྐུ་མདུན་ནས་རྗེ་བཙུན་འཕགས་མ་སྒྲོལ་མའི་དབང་ལུང་ཆ་ཚང་ཐོབ་ཅིང་རྗེ་བཙུན་འཕགས་མ་སྒྲོལ་མ་ཡི་དམ་གྱི་ལྷ་རུ་བསྟེན།
སྐབས་དེར་སྐུ་ཞབས་རྨེའུ་ཡོན་ཏན་མཐོང་གྲོལ་ལགས་དང་མཉམ་དུ་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་གང་སར་ཕྱིན་ནས་བོད་ཤར་ཕྱོགས་ཀྱི་སྐད་ཡིག་དང་ཆོས་ལུགས་ལོ་རྒྱུས་སོགས་ལ་ཞིབ་འཇུག་གནང་ཞིང་། མདོར་ན་ཁོང་གིས་བོད་ཀྱི་ཤེས་རིག་དང་ཁྱད་པར་སྐད་བརྡ་རིག་པ་དང་འབྲེལ་བའི་དཔྱད་རྩོམ་ལྔ་བཅུ་ལྷག་དང་། ཆེད་རྩོམ་སྙན་དེབ་ (ཟླ་བའི་བོད།) དང་། (བོད་ཀྱི་ནམ་མཁའི་སྐྱ་ཐིག) (བོད་ཀྱི་རིག་གནས་སྤྱི་བཤད།) (བོད་ཤར་ཕྱོགས་པའི་སྐད་བརྡ།) (ཐེ་སྐད་བརྡ་སྤྲོད་རིག་པས་གྲངས་ཉུང་མི་རིགས་ལ་རྟོག་འཆར།) (སྤྱི་ཚོགས་བརྡ་སྤྲོད་རིག་པའི་རྟོག་འཆར།) (བོད་ཀྱི་བརྡ་སྤྲོད་བེད་སྤྱོད་ཀྱི་འགྱུར་བ།)སོགས་པར་བསྐྲུན་གནང་གྲུབ་པས་ཞིབ་འཇུག་གྲུབ་འབྲས་དང་ལྡན་པ་ཕྱོགས་སུ་སྤེལ།
ཕྱི་ལོ་ ༢༠༠༥ ལོར་ཁོང་གིས་བོད་ཀྱི་རིག་གནས་འདི་ནི་སྤྱིར་བཏང་གི་རིག་གནས་ཙམ་མ་ཡིན་པར། འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་པའི་རླབས་ཆེན་གྱི་རིག་གནས་ཤིག་དང་། རིག་གནས་འདི་རྒྱུད་འཛིན་དང་དར་སྤེལ་བྱེད་ཐུབ་ན། དེས་ནི་འགྲོ་བ་མིའི་སེམས་ཀྱི་བདེ་སྐྱིད་ལ་ཕན་ཐོག་པ་དང་། དམིགས་བསལ་སྤྱི་ཚོགས་བདེ་འཇགས། འཛམ་གླིང་ཞི་བདེ་སོགས་ལ་ཕན་ཡོན་ཡོད་པ་གཟིགས་ནས་ཐེ་ལན་ཌིའི་རྒྱལ་ཁབ་ཏུ་སྟོང་སྐར་ཚོགས་པ་ཞེས་པ་འདི་
ཁྲིམས་མཐུན་ངང་གསར་འཛུགས་གནང་། སྟོང་སྐར་ཚོགས་པ་(Thousand Stars Foundation)འདི་གཏན་གཞི་བྱེད་ས་དེར་ཀུན་སྒྲོལ་གླིང་(Kundrol Ling)ཞེས་འབོད་ལ། དེ་ནི་ཆོས་ལུགས་དང་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་དམ་པ་དག་གིས་ཆོས་འཁོར་བསྐོར་སའི་ལྟེ་གནས་སམ། ཡང་ན་ཕོ་མོ་རིས་སུ་མ་ཆད་པར་བྱམས་དང་སྙིང་རྗེའི་རྩ་བ་ལྟ་བུར་གྱུར་བའི་བོད་ཀྱི་རིག་གནས་དང་། ལྷག་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་གསུམ་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་སའི་འདུ་གནས་ཆེན་པོ་ཞིག་ཏུ་བསྐྲུན་ཡོད། ཕྱི་ལོ་ ༢༠༠༧ ལོར་སློབ་དཔོན་མཆོག་གིས་ཞིབ་འཇུག་གི་ཕྱག་ལས་མཚམས་བཞག་པ་དང་སློབ་གྲྭ་ཆེན་མོ་ནས་དགོངས་པ་ཞུས་ནས་སྟོང་སྐར་ཚོགས་པའི་ཚོགས་གཙོ་དང་དུས་མཚུངས་སུ་རང་གིས་ཉམས་ལེན་དང་སློབ་མ་ཚོར་བོན་ཁྲིད་ཉམས་ལེན་སོགས་གནང་བཞིན་བཞུགས།
སྔ་རྗེས་སུ་ཆོས་ལུགས་རིས་སུ་མ་མཆིས་པའི་སྐྱེས་བུ་དམ་པ་མང་པོ་ཀུན་སྒྲོལ་གླིང་དུ་གདན་ཞུས་གནང་བའི་མདུན་ནས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་མང་པོ་གསན་སྦྱོང་གནང་བ་དང་། ཡང་ཁྱད་ཀུན་གྲོལ་ལྷ་སྲས་རིན་པོ་ཆེ་དང་ཁོང་གི་སྐུ་སྲས་གཏེར་ཆེན་རིག་འཛིན་གསང་སྔགས་འཆི་མེད་གླིང་བ་བཅས་སྐུ་འཁོར་ཐེངས་གཉིས་སུ་གདན་འདྲེན་ཞུས་ཤིང་། ལྷ་སྲས་རིན་པོ་ཆེ་ཁོང་གིས་གཡུང་དྲུང་བཀོད་ལེགས་ཀུན་སྒྲོལ་ཞི་བདེའི་མཆོད་རྟེན་ཆེན་མོ་བཞེངས་པར་ས་དཔྱད་གནང་ཞིང་རྩ་གསུམ་ཡི་དམ་ཀུན་འདུས་གུ་རུ་ཞི་བའི་དཀྱིལ་འཁོར་གྱི་སྒོ་ནས་ས་འདུལ་དང་མཇུག་ཏུ་དབང་སོགས་གནང་ནས་ཀུན་སྒྲོལ་གླིང་གནས་བྱིན་ལྡན་དུ་བསྐྲུན། ཡང་ཁྱད་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་ལོ་རེ་བཞིན་གདན་ཞུས་གནང་བ་དང་དབང་ལུང་ཁྲིད་གསུམ་མང་དུ་བསྩལ། ཁོང་གིས་གསུངས་པའི་བོན་གྱི་སྒོ་ཞེས་པའི་དེབ་ཐེ་སྐད་དུ་བསྒྱུར་བ་དང་སྔོན་འགྲོ་དང་རྫོགས་ཆེན་སྐུ་གསུམ་རང་ཤར་སོགས་ཁྲིད་སྦྱང་གི་རྒྱུན་སྐྱོང་གནང་། དེ་བཞིན་མཁན་པོ་ཀུན་དགའ་བཟང་པོ་ཡང་ལོ་རེ་བཞིན་གདན་ཞུས་གནང་ཞིང་རྗེ་བཙུན་སྒྲོལ་མ་དང་སྤྱན་རིས་གཟིགས་སོགས་ཀྱི་དབང་ལུང་གི་ཁྲིད་གསུམ་མང་དུ་ཐོབ་པ་དང་། མཁས་དབང་རི་མགུལ་སྤྲུལ་སྐུ་རིན་ཆེན་ཀུན་སྒྲོལ་གླིང་དུ་ཐེངས་གཉིས་ལ་ཕེབས་ནས་རྗེ་བཙུན་སྒྲོལ་མ་དཀར་མོའི་དབང་ལུང་ཞུ་བའི་སྐལ་བ་ཐོབ། དེ་མིན་ཁམས་མི་ཉག་དམ་པ་རང་གྲོལ་དགོན་གྱི་སྤྲུལ་སྐུ་བསྟན་པ་གོང་འཕེལ་ཡང་ལོ་རེ་བཞིན་གདན་ཞུས་གནང་ནས་དབང་ལུང་གནང་བ་དང་ཚོགས་པར་ཞབས་རིམ་གང་དགོས་རྣམས་བསྒྲུབ། ཀུན་སྒྲོལ་གླིང་དུ་ལོ་རེ་བཞིན་དུས་ཆེན་ནི། རྣམ་ལྔ་ཁྲི་མཆོད་དུས་ཆེན་དང་། རྒྱལ་ཡུམ་བྱམས་མའི་དུས་མཆོད། གུ་རུ་རིན་པོ་ཆེའི་སྒྲུབ་མཆོད། རྗེ་བཙུན་སྒྲོལ་མའི་དུས་མཆོད། བདེར་གཤེགས་སྟོང་གི་མཚན་བརྗོད་དུས་ཆེན་སོགས་སྤེལ་བཞིན་ཡོད།
དུས་མཚུངས་སུ་༧སྐྱབས་རྗེ་སྨན་རིའི་སློབ་དཔོན་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལས་གཟིམ་ཆུང་མཇལ་ཁ་ཐོབ་ཅིང་སེམས་ཁྲིད་དང་རྒྱལ་ཡུམ་བྱམས་མའི་ལྗགས་ལུང་ཐོབ། ཁོང་གིས་ཀྱང་མཆོད་རྟེན་ཆེན་མོའི་འཛུགས་བསྐྲུན་གྱི་ཐིག་རྩ་ལ་གཟིགས་ནས་ལེགས་འགྲུབ་འབྱུང་བའི་ཐུགས་སྨོན་རྒྱ་ཆེན་གནང་། རྟོགས་ལྡན་ཁྲི་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་སྐུ་མདུན་ནས་ཤེས་རབ་བྱམས་མའི་ལུང་ཐོབ་ཅིང་ཚེ་གཅིག་ལུས་གཅིག་ལ་ཤ་མི་བཟའ་བའི་སྡོམ་པ་བླངས། དེ་བཞིན་རྟོགས་ལྡན་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་རྫོགས་ཆེན་དངོས་གཞི་སྐུ་གསུམ་རང་ཤར། རྒྱལ་ཡུམ་བྱམས་མའི་དབང་དང་རྫོགས་ཆེན་དབང་བཞི་སོགས་ཐོབ་ནས་རྫོགས་ཆེན་རྩ་རླུང་འཕྲུལ་འཁོར་སོགས་སྦྱང་བ་ལེགས་པར་མཛད་། དེ་བཞིན་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕྱིན་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་མཇལ་ཞིང་བྱིན་རླབས་ཐོབ་པ་དང་། ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ་དང་མཇལ་ནས་ཐུགས་དགྱེས་པ་ཆེན་པོས་བྱིན་རླབས་དང་ཁོང་གིས་བསྟན་འགྲོར་ཕན་བའི་འཕྲིན་བཟང་སྤེལ་བར་བསྟོད་སྔགས་གནང་། དེ་བཞིན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་བཅས་ལ་མཇལ་ནས་ཕན་ཚུན་གསུང་གླེང་གི་གོ་སྐབས་བྱུང་།
དེ་བཞིན་ལྷ་སའི་སྣེ་ཐང་སྒྲོལ་མ་ལྷ་ཁང་ནས་བསམ་ཡས་བར་རྐྱང་ཕྱག་འཚལ་བཞིན་གནས་མཇལ་བྱས་པའི་ཉམས་མྱོང་གིས་བརྩམ་ཆོས་དེབ་གཅིག་པར་བསྐྲུན་གནང་། དེ་རྗེས་སླར་ཡང་ཀོང་པོ་བོན་རི་ལ་རྐྱང་ཕྱག་འཚལ་ཏེ་གནས་སྐོར་བྱས་པ་མ་ཟད། གངས་རིན་པོ་ཆེར་གནས་བསྐོར་ཐེངས་བཞི་དང་ཞང་ཞུང་ཁྱུང་ལུང་དངུལ་མཁར་དང་གུ་གེ། སྨད་རྒྱལ་མོ་དམུ་རྡོ་སོགས་བོད་མདོ་དབུས་ཁམས་གསུམ་དུ་བཞུགས་པའི་གནས་ཆེན་ཁག་མང་བོ་ཞིག་ལ་གནས་མཇལ་དང་ཕྱག་སྐོར་སྒྲིབ་སྦྱང་གི་རིམ་པ་མང་དུ་གནང་།
ད་རུང་གནས་མཆོག་ཀུན་སྒྲོལ་གླིང་དང་ཅོས་ལ་ལུང་ཀོན་སློབ་ཆེན་སོགས་སུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་མཁས་པའི་བགྲོ་གླེང་མང་པོ་ལོ་རེར་ཐེངས་གཉིས་ལས་མང་བ་གཙོ་སྐྱོང་གནང་བཞིན་ཡོད་པ་དང་བརྗོད་གཞིའི་ཐད་ནས་ཀྱང་། བྱམས་དང་སྙིང་རྗེ། ཤི་བ་དང་བར་དོའི་གནས་ལུགས། སེམས་ཀྱི་ཞི་བདེ་སོགས་ཡིན་ལ། བགྲོ་གླེང་དུ་ཚོགས་ཞུགས་བྱེད་མཁན་རྣམས་ཀྱང་མཁས་དབང་དང་། སྤྱི་ཚོགས་ལས་རིགས་མི་འདྲ་བའི་ཁྲོད་ཀྱི་ཉམས་མྱོང་ལྡན་པ་དང་། མཚན་ཉིད་རིག་པ་བ། ཆོས་ལུགས་རིག་པ་བ། ཆོས་ཉམས་ལེན་བྱེད་མཁན་སོགས་ཕྱོགས་མང་བོ་ནས་གདན་འདྲེན་བྱས་ནས་འགྲོ་བ་མིའི་སེམས་ཁམས་ལ་སྨན་པའི་ཕྱག་ལས་སྣ་མང་གནང་། ད་ཆར་ཐེ་ལན་ཌིའི་མ་ཧེ་དྷོ་སློབ་ཆེན (Mahidol University)སེམས་ཁམས་རིག་པའི་སློབ་གླིང་གི་གདན་ཞུས་སློབ་དཔོན་ཆེན་མོ་གནང་བཞིན་ཡོད།
ཁོང་གིས་ཀུན་སྒྲོལ་གླིང་དུ་རྒྱལ་ཡུམ་བྱམས་མ་དང་རྗེ་བཙུན་སྒྲོལ་མའི་ཟླ་མཚམས་བཅད་རྒྱར་མང་དུ་བཞུགས་ནས་བསྙེན་ཚད་རྟགས་ཐོན་བྱུང་བ་དང་། དཔལ་ལྡན་ལྷ་མོའི་ཚེ་སྒྲུབ་ཤེས་རབ་ཕར་ཕྱིན་བཅད་རྒྱར་བསྙེན་ཚད་རྫོགས་པ་སོགས་རང་རྒྱུད་སྨིན་གྲོལ་གྱི་ཉམས་ལེན་ལ་བརྩོན་ཞིང་། སློབ་མ་རྣམས་ལ་གཙོ་བོ་བོད་ཀྱི་ཆོས་རིག་སྤྱི་དང་། ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་མཁས་དབང་འགྲན་ཟླ་དང་བྲལ་བ་ཀུན་མཁྱེན་ཤར་རྫ་བ་དང་ཀུན་གྲོལ་གྲགས་པའི་སྔོན་འགྲོའི་ཁྲིད་རིམ་བཞིན་བསགས་སྦྱང་སྤེལ་ཏུ་འཇུག་པ་དང་། ཞི་ཁྲོ་དགོངས་པ་ཀུན་འདུས་ལྟར་བར་དོ་གསུམ་གྱི་གནས་ལུགས་ངོ་སྤྲོད་གནང་བ་དང་། ཚུལ་ཆེན་བྱང་ཆུབ་ལམ་རིམ་ལྟར་བདེ་སྡུག་གཏོང་ལེན་གྱི་ཉམས་ལེན་དང་རྗེ་བཙུན་སྒྲོལ་མ་དང་རྒྱལ་ཡུམ་བྱམས་མའི་ཉམས་ལེན་སོགས་ངོ་སྤྲོད་གནང་བཞིན་ཡོད། ཁོང་གིས་བརྩམ་རྩོམ་ཐེ་སྐད་དུ་བཞུགས་པ་ (མཐོ་སྒང་གི་ས་རྡུལ་སྤྱི་བོས་མཆོད།)དང་། (མི་ཚེ་དང་བདེ་བ།) (ཐེག་ཆེན་སེམས་དང་བདེ་སྡུག་གཏོང་ལེན།) (སྐྱེ་འཆིའི་གནས་ལུགས་དང་བར་དོའི་ངོ་སྤྲོད།) (རྗེ་བཙུན་སྒྲོལ་མ་ངོ་སྤྲོད་དང་བསྒྲུབ་ཐབས་ལག་ལེན།) (འཆི་མེད་ཡབ་སྲས་རྣམ་གསུམ་ངོ་སྤྲོད་དང་གུ་རུ་ཞི་བའི་བསྒྲུབ་ཐབས་ལག་ལེན།།) སོགས་ཀྱང་པར་སྐྲུན་ཞུས་ཡོད་ལ། སྟོང་སྐར་ཚོགས་པའི་ངོས་ནས་ཧེ་ལ་ལ་ཡ་དང་། བོད་ཀྱི་རིག་གནས་སྲུང་སྐྱོབས་ལ་རོགས་འདེགས་དང་། སློབ་གྲྭ་དང་དགོན་སྡེ་སོགས་སུ་སློབ་སྦྱོང་གི་མཐུན་རྐྱེན་གང་ནུས་ཅི་ལྕོགས་ཀྱིས་སྒྲུབ་བཞིན་པ་དང་། ས་ཕྱོགས་གང་དུ་ཡང་ས་ཡོམ་དང་ཆུ་ལོག་མེ་སྐྱོན་སོགས་འབྱུང་བཞིའི་གནོད་པ་ཤུགས་ཆེན་བྱུང་བའི་ས་གནས་སུ་སྐུ་དངོས་སུ་ཕེབས་ནས་གང་ནུས་མྱུར་སྐྱོབས་ཀྱི་རོགས་འདེགས་ལས་གཞི་མང་དུ་སྤེལ་བཞིན་ཡོད། ཚོགས་པའི་གཞན་ཕན་གྱི་ཁ་ཕྱོགས་ཀྱང་ཁྱད་པར་ཧི་མ་ལ་ཡའི་རིག་གནས་དང་ཆོས་ལུགས་རིག་གནས་སློབ་སྦྱོང་སྲུང་སྐྱོབ་སྐོར་ཡིན་པས་ཆེད་དུ་ཕྱག་ལས་སྣ་མང་ཞིག་གནང་བཞིན་ཡོད།
ཡང་སྒོས་སུ་ཁོང་གིས་སྟོང་སྐར་ཚོགས་པའི་ལས་གཞི་གཙོ་བོ་ཀུན་སྒྲོལ་གླིང་དུ་སྤྱིར་སྐྱེ་འགྲོ་སྤྱི་དང་ཁྱད་པར་མི་རིགས་ཀྱི་འདི་ཕྱི་དགེ་བའི་རྟེན་དུ་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་གྱི་ཡོན་ཏན་ཟད་མི་ཤེས་པའི་བྱིན་རླབས་མཚོན་བྱེད་དུ་མཆོད་པའི་རྟེན་དང་། དེ་བཞིན་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་ཆེད་དུ་གཡུང་དྲུང་བཀོད་ལེགས་ཀུན་སྒྲོལ་ཞི་བདེའི་མཆོད་རྟེན་ཆེན་མོ་མཐོ་ཚད་ལ་སྨི་ ༧༣ ཅན་ཞིག་གསར་བཞེངས་ཀྱི་ལས་རིམ་མིག་སྔར་འགྲོ་བཞིན་པ་མ་ཟད་མཆོད་རྟེན་ཆེན་མོའི་ནང་རྟེན་དུ་རང་རེ་བོད་དང་ཧི་མ་ལ་ཡའི་རིག་གནས་ཀྱིས་མཚོན་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་གཙོ་བོ་བོད་རྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་མོ་དྲུག་གིས་གཙོས། རྒྱ་རྒྱུད་དང་ལྷོ་རྒྱུད་བཅས་ཀྱིས་མཚོན་པའི་གྲུབ་མཐའ་དང་ཆོས་ལུགས་རིས་སུ་མ་མཆིས་པའི་སྐུ་གསུང་ཐུགས་རྟེན་མང་བོ་བཅས་འཇིག་རྟེན་བདེ་ཞིང་ཕྱི་མར་སྐྱིད་པའི་རྟེན་དུ་གསར་བཞེངས་ཕུན་སུམ་ཚོགས་པ་བྱེད་མུས་སུ་ཡོད་པ་སོགས་ཀྱིས་མཚོན་རྣམ་དཀར་ཚོགས་གཉིས་ཀྱི་དགེ་བ་བསགས་ཤིང་དོན་གཉིས་གཞན་ཕན་གྱི་སྣང་བའི་འཕྲིན་བཟང་སྤེལ་བས་དོན་ལ་བསྔགས་ཆོག་པ་སློབ་དཔོན་ཆེན་མོ་བསྐལ་བཟང་ཟླ་བ་ལགས་ཀྱི་མི་ཚེའི་སློབ་སྦྱོང་དང་ཉམས་ལེན་གྱི་རྒྱུད་རིམ་སོགས་ངོ་སྤྲོད་མདོ་ཙམ་ཞུས་པ་ཡིན་པས་བཀྲ་ཤིས་པར་དགེའོ། །
བསམ་ཚུལ་ཕྲིས།