དགའ་སླ་ངུ་སླ།།
རྩོམ་ཡིག་འདི་ཐེངས། 546 བཀླགས་འདུག
།
གྲོང་གི་སྲང་ལམ་འགྲོགས་ན་དགའ་ཡང་སླ།
དྲག་ཆར་རླུང་གིས་སྦུད་དུས་ངུ་ཡང་སླ།།
རྫི་གླུ་སྙན་པོ་བྲག་གི་ཁོངས་སུ་འཁོར།།
བྱིས་དུས་སེམས་ནི་དབྱར་གྱི་འཇའ་ཚོན་འདྲ།།
།
ཁོད་ཡངས་ལྗོན་པས་བྱིས་པའི་བདེ་སྣང་ཁྱེར།།
རྫ་ཆུ་འབབ་སྒྲས་རེ་འདུན་དབྱངས་སུ་འགུགས།།
མེ་ཏོག་སྣ་ཚོགས་བརྫིས་པའི་གོམ་སྟབས་དེ།།
བྱིས་པས་དབྱར་དུས་མྱོང་བའི་གཏམ་རྒྱུད་དོ།།
།
འོ་མ་ཁོལ་མའི་རླངས་པ་རླུང་གིས་ཁུར།།
འབྲི་མོ་ངུར་སྒྲ་སྦྲ་ཁྱིམ་ཁོངས་སུ་འཁོར།།
རྩ་རྩེར་ཟིལ་པ་ཆགས་པའི་ཞོགས་པ་དེར།།
ཟོག་རྫིར་གོམ་ཁ་རྒྱུ་བའི་ཐོག་མ་དྲན།
།
རྟོལ་བུ་ལོ་རེར་འཚར་བའི་མདུན་ལམ་གླེངས།།
ཆུ་མོ་བཞུར་སྒྲས་མདུན་སྐྱོད་ལམ་ཁ་འཚོལ།།
རི་བོ་གཏོས་ཀྱིས་སྙིང་གི་སྤོབས་པ་བཏེགས།།
ན་ཚོད་དར་བས་ལས་ལ་སྤྲོ་དགའ་སྦྱིན།།
།
གྲུང་རིག་མཚོ་མོ་སྐྱོམ་པའི་རྦ་རླབས་ངོས།།
གསེར་བྱ་ངང་པ་མ་མཐོང་འགྱོད་པ་ལྕི།།
ཁེར་རྐྱང་ས་མཐར་འགྲིམས་པའི་དཀྱུས་ལམ་དུ།།
ནོངས་པའི་རྡོག་ཁྲེས་ལྕི་བས་གོམ་ཁ་ཁྱོར།།
།
མི་བསྡད་རྒྱང་ལ་སྙེག་པའི་ལོ་ཟླའི་ཁྲོད།།
བརྩེ་སེམས་ཆུ་དང་འོ་མ་འདྲེས་བྱས་ཏེ།།
ང་ཡི་སེམས་ན་འཕྱོ་བའི་རེ་འདུན་ཉིད།།
མངར་སྐྱུར་འཚོ་བའི་སྣང་བརྙན་དབྱངས་ལ་གྱེར།།
།
བསམ་ཚུལ་ཕྲིས།