འཆམ་གསུམ་གྱི་སྐོར་རགས་ཙམ་གླེང་བ།

རྩོམ་ཡིག་འདི་ཐེངས། 1024 བཀླགས་འདུག

 12729080_958507074256841_7397111680069332037_nསྤྱི་ལོ་༡༩༦༩ལོར་མཁན་པོ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་རྒྱ་གར་དུ་བོན་དགོན་ཞིག་ཕྱག་བཏབ་གནང་ཡོད། ཁོང་ནི་སྤྱི་ལོ་༡༩༢༩ལོར་ཨ་མདོའི་ཤར་བྱང་ཤར་ཁོག་ཡུལ་དུ་སྐུ་འཁྲུངས་ཤིང་སྐྱང་ཚང་དགོན་དུ་རིག་པའི་གནས་བཅུ་ལ་སྦྱངས་པ་མཛད། སྤྱི་ལོ་༡༩༥༤ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་ཐོབ་རྗེས་ཁོང་གི་ཡོངས་འཛིན་གྱིས་རྒྱལ་རོང་ཁྲོ་སྐྱབས་སུ་བསྟན་པ་སྤེལ་བར་མངགས། ཁོང་གི་དགེ་བའི་བཤེས་གཉེན་བསྟན་འཛིན་བློ་གྲོས་རྒྱ་མཚོ་(༡༨༨༩—༡༩༧༥)ཡི་དགོངས་འདོད་ལྟར་བོན་གྱི་བཀའ་འགྱུར་ཆ་ཚང་རང་དགོན་དུ་གདན་དྲངས། ཁོང་ཉིད་རྒྱལ་རོང་ཡུལ་ནས་ཚུར་ལོག་ཕེབས་རྗེས། ཡོངས་འཛིན་བསྟན་འཛིན་བློ་གྲོས་ཀྱི་བཀའ་སློབ་ལྟར་དབུས་གཙང་དུ་ཕེབས་ནས། བོན་གྱི་མ་དགོན་སྨན་རི་དང༌། གཡུང་དྲུང་གླིང༌། དེ་བཞིན་རི་བོ་དགེ་ལྡན་པའི་ལུགས་ཀྱི་དགོན་འབྲས་སྤུངས་སོགས་སུ་སློབ་གཉེར་རྒྱ་ཆེར་མཛད། དེ་རྗེས་ཁོང་རྒྱ་གར་དུ་ཕེབས་པ་དང༌། སྤྱི་ལོ་༡༩༦༠ལོ་ནས་བཟུང་འཆད་རྩོད་རྩོམ་གསུམ་ལས་རྩོམ་གྱི་ལས་ལ་ཞུགས། སྤྱི་ལོ་༡༩༦༡ ལོར་ལུང་རྟོགས་བསྟན་པའི་ཉི་མ་དང༌། སློབ་དཔོན་བསྟན་འཛིན་རྣམ་དག དེ་བཞིན་རང་ཉིད་བཅས་སློབ་དཔོན་ཆེན་མོ་སེ་ནེ་མུ་རུབ་(Sneiigrove)ཀྱིས་ལུན་ཏུན་སློབ་གྲྭ་ཆེན་མོར་གདན་ཞུ་གནང༌། ལུང་རྟོགས་བསྟན་པའི་ཉི་མ་མཆོག་ལུན་ཏུན་དུ་བཞུགས་རིང༌། ཡེ་ཤུའི་ཆོས་ལུགས་ལ་ཞིབ་འཇུག་གནང་རྒྱུའི་སྤྲོ་སྣང་འཕེལ་ཞིང་ཞིབ་འཇུག་དང་སློབ་ཁྲིད་གནང་ཞོར་དུ་ཡེ་ཤུའི་ཆོས་ལུགས་སྐོར་ལ་བསམ་ཞིབ་གནང་གི་ཡོད། ཁོང་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཡེ་ཤུའི་ཆོས་ཁང་མང་པོར་གདན་ཞུ་བྱས་ཡོད་ལ། ཨོ་སེ་ཕོ་རྡ་(Oxford)ཡི་གནའ་བོའི་ཕོ་བྲང་སོགས་ཡེ་ཤུའི་ཆོས་ལུགས་ཀྱི་གནས་མཆོག་དུ་མར་བཞུགས་མྱོང་ཡོད། རྗེས་སུ་ཁོང་ཡོ་རོབ་ཀྱི་ཤེས་རིག་འབྱུང་གནས་ཀེ་རི་སི་(Greece)རུ་ཕེབས་ནས་དེར་ཡོད་ཀྱི་ཆོས་ཁང་མང་པོར་ལྟ་སྐོར་མཛད་པ་དང༌། སྤྱི་ལོ་༡༩༦༤ལོར་ཁོང་དང་ཡེ་ཤུའི་ཆོས་ལུགས་ཀྱི་དབུ་འཛིན་(འདས་ཟིན་)གཉིས་དབྱི་ཐ་ལིའི་རྒྱལ་ས་རོ་མ་རུ་ཞལ་མཇལ་གླེང་མོལ་གནང་རྒྱུའི་གོ་སྐབས་ཐོབ། སྤྱི་ལོ་༡༩༦༨ལོར་ཁོང་སྨན་རིའི་ཁྲི་ཐོག་༣༣པར་བཀོད། འོན་ཀྱང༌། སྐབས་དེ་དུས་ཁོང་ནོ་ཝེར་རྒྱལ་ཁབ་ཀྱི་ཨོ་སེ་ལོ་སློབ་གྲྭ་ཆེན་མོར་ཞིབ་འཇུག་གི་ལས་དོན་མཛད་བཞིན་ཡོད་པས་ཁོང་གིས་རང་ཉིད་སྨན་རིའི་ཁྲི་པར་བཀོད་པའི་གནས་ཚུལ་མཁྱེན་མེད།

/
ཁོང་ནོ་ཝེར་ནས་ཕྱིར་ལོག་ཕེབས་རྗེས། རྒྱ་གར་དུ་བོན་བསྟན་རྒྱུན་འཛིན་དར་སྤེལ་གཏོང་རྒྱུའི་ལས་འགན་ལྗིད་པོ་དེ་ཉིད་ཕྲག་ཐོག་ཏུ་འཁུར་གནང་མཛད་པ་དང༌། ལོ་ངོ་བཅུ་བཞི་ལྷག་ཙམ་རིང་འབད་བརྩོན་ཧུར་ཐག་གནང་བ་བརྒྱུད། གྲྭ་བཙུན་བསྡོམས་བརྒྱ་དང་ཉི་ཤུ་དང༌། བོན་གྱི་གཞུང་དང་བོད་ཀྱི་རིག་གནས་སྤྱི་བྱེ་བྲག་གང་སར་སློབ་གཉེར་བྱ་ཡུལ་གྱིདགོན་པ་ཞིག་བཞེངས་གནང་མཛད་ཡོད།

/
གཤམ་དུ་ངོ་སྤྲོད་ཞུ་རྒྱུའི་བོན་ལུགས་ཀྱི་གར་འཆམ་དེ་ཡང་སྤྱི་ལོ་༡༩༧༡ལོར་ལུང་རྟོགས་བསྟན་པའི་ཉི་མ་སྐུ་ངོ་མས་མྱུར་སྐྱོབ་མཛད་པ་ཞིག་ཡིན། ཁོང་ནི་འཆམ་དེ་ཉིད་ལ་སླར་ཡང་བླ་སྲོག་འབྱིན་མཁན་གྱི་བྱེད་པོ་འབའ་ཞིག་ལགས། དེ་ཡང་ཁོང་ཨ་མདོ་ཁུལ་གྱི་རང་དགོན་དུ་སློབ་གཉེར་མཛད་སྐབས། ལོ་ངོ་དྲུག་ཏག་ཏག་གར་འཆམ་གྱི་འགན་འཁྲི་བཞེས་མྱོང་ཡོད་པ་སྟེ། ལོ་གསུམ་རིང་འཆམ་མཇུག་ཅེས་འཆམ་འཁྲབ་སྐབས་གྲལ་མཇུག་ཏུ་བཞུགས་པ་དང༌། ཕྱིས་ཀྱི་ལོ་གསུམ་རིང་འཆམ་དཔོན་ཞེས་འཆམ་འཁྲབ་སྐབས་གྲལ་འགོར་བཞུགས། འཆམ་དཔོན་དང་འཆམ་མཇུག་གཉིས་ནི་གཞོན་སྐྱེས་གྲྭ་བཙུན་རྣམས་ལ་འཆམ་འཁྲབ་སྟངས་སློབ་རྒྱུ་དང་འཆམ་ཁྲིམས་ལག་བསྟར་བྱེད་མཁན་ཞིག་ཡིན།འཆམ་དངོས་སུ་འཁྲབ་སྐབས་འཆམ་དཔོན་དེ་འཆམ་འཁྲབ་མཁན་རྣམས་ཀྱི་གྲལ་འགོར་ཕེབས་ནས་འཆམ་འཁྲབ་ཅིང༌། འཆམ་མཇུག་གིས་གྲལ་མཇུག་ཏུ་བསྡད་ནས་འཆམ་གྱི་གྲལ་ཡག་པོ་སྲུང་ཐབས་བྱེད་ཀྱི་ཡོད། བོད་དུ་དར་བའི་འཆམ་ལ་ཡུལ་དུས་མི་འདྲ་བར་སོ་སོ་རང་གི་ཁྱད་ཆོས་ལྡན་ཞིང༌། གཤམ་དུ་ངོ་སྤྲོད་ཞུ་རྒྱུའི་འཆམ་གསུམ་པོ་དེ་ནི་བོན་ལུགས་ཀྱི་གལ་ཆེའི་འཆམ་རིགས་གསུམ་ཡིན།
དང་པོ། མ་རྒྱུད་ཚོགས་འཆམ།

/
འཆམ་དེ་ལ་མ་རྒྱུད་ཚོགས་འཆམ་ཞེས་བརྗོད་དགོས་དོན་ནི། འཆམ་དེ་ཉིད་འཁྲབ་སྐབས་མ་རྒྱུད་ཀྱི་དཀྱིལ་འཁོར་བཟོས་རྗེས། བོན་ལུགས་ཀྱི་ཆོ་ག་གཞན་དང་འདྲ་བར་རྣལ་འབྱོར་གྱི་ཆོ་གའི་ལམ་ནས་ཐར་པའི་ལམ་ལ་བགྲོད་པའི་ཚུལ་བསྟན་པས་སོ། འཆམ་དེ་འཁྲབ་སྐབས་འཁྲབ་མཁན་ཚོས་ཞྭ་ནག་གྱོན་པའི་སྲོལ་ཡོད་པ་དང༌། ཞྭ་ནག་པོ་དེའི་འབྱུང་ཁུངས་སྐོར་ད་ལྟ་གསལ་པོ་མ་ཤེས་ནའང༌། མིག་སྔར་ཞྭ་དེ་རིགས་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཚང་མས་བེད་སྤྱོད་བྱེད་བཞིན་ཡོད།

/
མ་རྒྱུད་ཚོགས་འཆམ་ཞེས་པའི་འཆམ་དེ་ནི་འཆམ་མིང་ཁྲོད་ཚོགས་ཞེས་པའི་མིང་བརྡ་ཡོད་པ་ལྟར་དེ་ནི་ཚོགས་སིལ་བ་དང་འབྲེལ་བ་ལྡན་པ་ཞིག་ཡིན། ཚོགས་ཞེས་པ་ནི་ཡི་དམ་གྱི་མཆོད་རྫས་ལ་གོ་ལ། འདུ་ཚོགས་ལའང་གོ་བ་ཡིན། མཆོད་རྫས་ལ་གོ་བའི་ཚོགས་ནི་རྩམ་པ་དང༌། མར། ཕྱུར་བ། ཤིང་འབྲས་སྐམ་པོ། ཆང་བཅས་མཉམ་བསྲེས་བྱས་ནས་གྲུབ་པའི་མཆོད་རྫས་ཤིག་ཡིན།

/
སྔར་འཆམ་དེ་འཁྲབ་སྐབས་ལྟད་མོ་བ་ཡོང་མི་ཆོག་ལ་འཆམ་ལ་ཞུགས་མཁན་ཡང་ཆོ་ག་དེ་དག་སྤེལ་མཁན་གྱི་གྲྭ་བཙུན་ཤ་སྟག་ཡིན་དགོས། དེར་བརྟེན་འཆམ་དེ་ནི་གསང་བའི་རང་བཞིན་ལྡན་པའི་ཆོ་ག་ཞིག་ཡིན། འོན་ཀྱང༌། དུས་རབས་བཅོ་ལྔ་པ་ནས་བཟུང༌། འཆམ་དེ་རིམ་བཞིན་སྐྱེ་བོ་ཕལ་པའི་མིག་ཡིད་རྣ་བའི་དགའ་སྟོན་ཏུ་འགྱུར་འགོ་ཚུགས་ཤིང༌། དེ་ཡང་སྲོལ་རྒྱུན་གྱི་འཆམ་གཞན་དང་འདྲ་བར་ལོ་ལྟར་དུས་ཆེན་སྐབས་ཀྱི་སྟོན་མོའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།

/
ཆོ་ག་དེའི་ནང་བེད་སྤྱོད་པའི་དཔེ་ཆ་ནི་མ་རྒྱུད་རྒྱུད་གསུམ་ཞེས་པའི་དཔེ་ཆའི་ནང་ནས་དྲངས་པར་གྲགས། དེ་ཡང་བོན་གྱི་ལོ་རྒྱུས་ལྟར་ན། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་(༧༤༢—༧༩༧)གྱིས་དུས་རབས་བརྒྱད་པའི་སྐབས་བོན་སྣུབ་སྐབས། བོན་གྱི་གལ་ཆེའི་དཔེ་ཆ་གསུམ་པོ་དེ་དག་གཙང་གི་རྟ་ནག་དུང་ཕོར་གྱི་བྲག་ཕུག་ནང་སྦས་པ་དང༌། དུས་རབས་བཅུ་གཉིས་པའི་ནང་དུ་གུ་རུ་རྣོན་རྩེ་(༡༡༣༦ལོར་འཁྲུངས་)ཡིས་དཔེ་ཆ་དེ་དག་གཏེར་ནས་བཏོན་ཏེ་དེའི་ནང་དོན་ཁྱབ་གདལ་གཏོང་འགོ་ཚུགས། མཐའ་མ་དཔེ་ཆ་དེ་དག་གཙང་དར་སྡིང་ཁུལ་དུ་གནས་བཅའ་བའི་གཤེན་ཚང་གི་ལག་ཏུ་སོན། ཤོད་སྲོལ་ལྟར་ན། གཤེན་ཉི་མ་རྒྱལ་མཚན་(༡༣༦༠ལོར་འཁྲུངས་)གྱིས་འཆམ་དེ་ཐོག་མར་སྲོལ་བཏོད་ཅིང་ཁྱབ་གདལ་དུ་བཏང་བར་གྲགས། མ་རྒྱུད་ཚོགས་འཆམ་གྱི་འདོན་པ་དང༌། དབྱངས་རྟ། འཁྲབ་ཚུལ་བཅས་ནི་བོན་ཀྱི་གྲུབ་མཐའ་འཛིན་པ་རྣམས་ཀྱི་ཁྲོད་དུ་དམིགས་བསལ་རང་བཞིན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་ལ། དེ་ནི་གཤེན་ཚང་གིས་འཕེལ་རྒྱས་བཏང་བའི་འཆམ་ཞིག་ཡིན་པས་ན་གཤེན་ལུགས་ཞེས་གྲགས།

/
འཆམ་དེ་འཁྲབ་པའི་ལེ་ཚན་བང་རིམ་ཁག་གསུམ་དུ་དབྱེ་ནས་ཡོད་པ་དེ་དག་ཀ་ཁ་ག་བཅས་གསལ་བྱེད་ཡི་གེ་གསུམ་གྱིས་མཚོན་པར་བྱས་ཡོད་ལ། དེའི་ཁྲོད་དུ་རོལ་ཆ་དཀྲོལ་གཏོང་བྱེད་མཁན་དང་འཆམ་འཁྲབ་མཁན་གྱིས་འདོན་པའི་མན་ངག་ཀྱང་ཚུད་ཡོད། དེ་ཡང༌།
  ཀ། ཚོགས་རྔ་ཆེན་མོ། བདེ་ལེགས་སུ། ཧེ་ཡེ་ཞེས་ཁྲོ་ཚོགས་ཚོགས་ལ་བྱོན་ཅིག་དབལ་མོ་མ་ཚོགས། ཚོགས་ལ་བྱོན་ཅིག་དབལ་མོ་མ་ཚོགས། ༥ཚོགས་ལ་དགོངས་ཤིག་ཇ་ཧུམ་ཇ་ཧུམ། སར་བུ་ཕུ་ཇ། ཧེ་རུ་ཧེ་རུ། བྱམས་བརྩེའི་ཞལ་ཁར།༡༠གདང་བའི་དབྱིངས་སུ། སྣང་སྲིད་བསྒྲལ་བའི། ཚོགས་མཆོད་འབུལ་ལོ། ཤར་ཏྲུཾམ་བྷུ་དཧའི། ཕུ་ཙེ་ཕུ་ཙེ། ཤ་ཏྲུམ་བྷུ་དཧའི། ཕུ་ཙེ་ཕུ་ཙེ། ཁྱུང་ལྟར་ལྡིང་བས། བྱིན་རླབས་ནས། སེང་ལྟར་མཆོངས་བས། ༢༠ད་སྒྲོལ་ཅིག སྟག་ལྟར་རྔམ་པས། ཁ་རམ་ཁ་ཧི། རྔམ་བརྗིད་དྲག་པོ། མངོན་སྤྱོད་ཀྱིས། ༢༥འཕིན་ལས་ཀུན། དེང་འདིར་སྒྲུབ་ཅིག། དབྱིངས་ཀྱི་ལྷ་མཆོག་མཁའ་ལ་སྐུར་བཞེངས། ཀློང་དུ་ལས་བཞིའི། ༣༠འཕིན་ལས་མཛོད་ཅིག ཨེ་མ་ཧོ། བདེར་གཤེགས་རྣམས་ཀྱིས། བག་ཆགས་བྱང་བར་མཛོད།
  ཁ། སྲིད་རྒྱལ་དྲུག་རྒྱག བདེ་ལེགས་སུ། ༣༥དབྱིངས་ཀྱིལྷ་མཆོག ཀློང་དུ་ལས་བཞིའི། འཕྲིན་ལས་མཛོད་ཅིག ཕུ་ཙེ་ཕུ་ཙེ། ༤༠ཞི་ཁྲོ་འབར་བའི། ལྷ་ཚོགས། དམ་ཅན་དཔལ་མོ། མ་ ཚོགས། བོན་སྐྱོང་སྲུང་མ། ༤༥རྣམས་ཀྱིས། སྨན་རག་གཏོར་ཚོགས། བཞེས་ནས། མཆོག་དང་ ཐུན་མོང༌། དངོས་གྲུབ། ༥༠དེང་འདིར་བདག་ལ། སྩོལ་ཅིག
  ག གཏོར་རྔ་ཆེན་མོ། བདེ་ལེགས་སུ། དབྱིངས་ཀྱི་ལྷ་མཆོག མཁའ་ལ་སྐུར་བཞེངས། ༥༥ཀློང་དུ་ལས་བཞིའི། འཕྲིན་ལས་མཛོད་ཅིག ཀྱེ། ཞི་ཁྲོའི་ལྷ། དཔལ་མོ་ཚོགས། ༦༠བོན་སྐྱོང་རྣམས། སྨན་རག་དཔལ་གཏོར་བཞེས་བཅས་སོ།

/
གཉིས་པ། གཟེ་མ་དགུ་འཆམ། བོན་ལུགས་ཀྱི་འཇིག་རྟེན་ཆགས་ལུགས་ཀྱི་ལྟ་ཚུལ་ལྟར་ན། འཇིག་རྟེན་ནམ་སའི་གོ་ལ་འདི་བཞིན་སྒོ་ང་ལས་སྐྱེས་ཤིང་བུ་མོ་སྤུན་མཆེད་དགུ་པོ་ཚུད་པའི་སྐྱེ་འགྲོ་ཐམས་ཅད་སྒོ་ང་ལས་སྐྱེས་པར་འདོད། སྒོ་ང་ལས་སྐྱེས་ཞེས་པའི་ལྟ་བ་དེ་ནི་བོད་ཀྱི་གནའ་བོའི་ཤོད་སྲོལ་ཞིག་ཡིན་པ་དེ་དང་བོན་ཆོས་དབར་འབྲེལ་བ་གཏིང་ཟབ་ལྡན་ཡོད།
གོང་གསལ་འཇིག་རྟེན་ཁམས་ཆགས་ཚུལ་གྱི་ལྟ་ཚུལ་དེ་དང་ཆ་འདྲ་བ་ཞིག་ཡོད་པ་ནི་སྲིད་པ་སངས་པོ་འབུམ་ཁྲི་ཞེས་པའི་ལྷ་དེ་ས་ཡི་གོ་ལ་འདིའི་ཕ་རུ་འདོད་ལ། ལྷ་མོ་ཆུ་ལྕམ་རྒྱལ་མོ་དང་སྲིད་པ་སངས་པོ་འབུམ་ཁྲི་གཉིས་འགྲོ་བ་མི་ཡི་ཡབ་མེས་ཡིན་པར་འདོད། ལྷ་མོ་ཆུ་ལྕམ་རྒྱལ་མོས་བོན་གྱི་ལྷ་ཚོགས་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད་ལ། མ་རྒྱུད་ཀྱི་ལྷ་དེ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟར་མ་ཡིན་པར། ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་དད་མོས་དང་འབྲེལ་བའི་ཕུན་སུམ་ཆོགས་པའི་ལྷ་སྒྲུང་ཁྲོད་དུ་རྐང་པ་བརྟན་པོར་ཚུགས་ནས་གནས་ཡོད།

/
ལྷ་མོ་ཆུ་ལྕམ་ནི་མཚན་རྟགས་དང་ཁྱད་ནུས་མི་འདྲ་བ་དུ་མའི་རྣམ་པའི་འོག་མངོན་པར་བྱེད་ཅིང༌། དེས་ཞི་ཁྲོ་ཅི་རིགས་ཀྱི་ལམ་ནས་བོན་གྱི་གསང་བ་དང་གསང་བ་མ་ཡིན་པའི་ཆོས་ལུགས་ཆོ་གའི་ཁྲོད་དུ་གལ་ཆེའི་གོ་གནས་བཟུང་ཡོད། ལར་ལྷ་མོ་དེ་ནི་འཇིག་རྟེན་ལས་འདས་པའི་ལྷ་ཞིག་རེད་ནའང༌། དེའི་བྱེད་ལས་ནི་མིང་མཚན་མི་འདྲ་བའི་ཐོག་ནས་གསང་བའི་ལྷ་ཡི་ཟླ་བོར་སྡོད་པ་དེའོ། ལྷ་དེ་ཉིད་ཀྱི་ཆོས་སྐྱོང་སྲུང་མའི་སྐབས་ཀྱི་མཚན་ནི་སྲིད་པ་རྒྱལ་མོ་ཞེས་འཇིག་རྟེན་གྱི་རྒྱལ་མོར་བརྩི་བ་ཡིན།

/
ཤོད་སྲོལ་ལྟར་ན། ལྷ་མོ་ཆུ་ལྕམ་དེ་ཉིད་རེ་ཞིག་ལྷ་ཡི་ཡུལ་དུ་ལྷ་རྒོད་ཐོག་པ་ཡི་ཟླ་བོར་བཞུགས། ཁོང་གཉིས་བཤོས་པ་ལས་སྒོ་ང་ཉི་ཤུ་རྩ་བདུན་འཁྲུངས། ཐོག་མའི་སྒོ་ང་དགུ་པོ་རེ་རེ་ལས་གཟུགས་མི་ཡིན་ལ་མགོ་བོ་དུད་འགྲོའི་རྣམ་པ་ཅན་གྱི་བུ་མོ་སྤུན་དགུ་སྐྱེས། བུ་མོ་སྤུན་མཆེད་དགུ་པོ་རྣམས་སྟག་ལ་མེ་འབར་གྱིས་ཆོས་སྐྱོང་སྲུང་མར་བཀོད། དེ་རྗེས་ཀྱི་ཚོན་སྣ་ཅན་གྱི་སྒོ་ང་དགུ་པོ་ལས་སླར་ཡང་དུད་འགྲོའི་མགོ་བོ་ཅན་གྱི་ལྟ་མོ་དགུ་འཁྲུངས་པ་ཐམས་ཅད་ཆོས་སྐྱོང་སྲུང་མར་བཞག་མཐའ་མའི་སྒོ་ང་དགུ་པོ་ལས་བརྒྱད་ནི་རིན་ཆེན་རྫས་ཀྱིས་གྲུབ་པ་ཡིན་ལ། སྒོ་ང་མཐའ་མ་ཉི་ཤུ་རྩ་བདུན་པ་དེ་ནི་རྡོ་ཡི་སྒོ་ང་ཡིན། རིན་ཆེན་ལྕགས་རིགས་སོགས་ལས་གྲུབ་པའི་སྒོ་ང་རྣམས་ནི་འཇིག་རྟེན་ཁམས་ཀྱི་ཕྱོགས་བཞིར་གནས་བཅའ་བའི་ལྟར་ཕུལ་ཞིང༌། བར་དུ་འཁྲུངས་པའི་སྒོ་ང་ལས་བྱུང་བའི་བུ་མོ་སྤུན་དགུ་ནི་ཁོང་ཚོའི་གཅེན་མོ་རྣམས་ལས་ཀྱང་མཚར་ཞིང་དེ་རྣམས་འཇིག་རྟེན་ཁམས་ཀྱི་གསང་ཡུམ་གཙོ་ཆེར་གྱུར་ཡོད། ལྷ་མོ་དེ་དག་གི་ཡབ་ཡུམ་གཉིས་ཀྱིས་རྡོ་ཡི་སྒོ་ང་དེ་ལ་འགྲོ་སྟངས་བཟོ་མ་ཐུབ་པས་བྱང་ཤར་ཕྱོགས་སུ་དབྱུགས་སོ། དེ་ནས་རྡོ་ཡི་སྒོ་ང་དེ་འདྲེ་རྒྱལ་གྱི་ལག་ཐོག་ཏུ་བབས་པ་དང༌། རྒྱལ་པོ་དེའི་ཞལ་ནས་“ཨ། རྡོ་ཡི་སྒོ་ང། ཁྱེད་གང་ནས་ཡོང་བ་ཡིན་”ཞེས་དྲིས་པར། རྡོ་སྒོང་གི་དབྱིངས་ནས་སྒྲ་འདི་ལྟར་ཕྱུང་བ་སྟེ། “ང་ནི་སྲིད་པ་རྒྱལ་མོའི་བུ་མོ་ཡིན། གལ་ཏེ་ཁྱེད་ཀྱིས་རོགས་བྱས་ནས་ང་རྡོའི་ནང་ནས་བཏོན་ན། ངས་ལུས་ངག་གཉིས་ཀྱིས་ཁྱེད་ཀྱི་བྲན་བྱེད་ཅེས་ལན་བཏབ། དེའི་ལན་དུ་འདྲེ་རྒྱལ་གྱིས་“སྲིད་པ་རྒྱལ་མོས་བྱ་མ་ནུས་པའི་ལས་ཅི་ཡང་མེད། ཁོང་དང་ཟླ་བོ་མི་གཅིག་པ་མང་པོར་ཕྲུ་གུ་ཤིན་ཏུ་མང་ངོ་”ཞེས་བརྗོད་རྗེས། སྒོ་ང་དེ་བཅག་པ་ལས་དེའི་དབུས་ནས་གྱོན་པ་དམར་ནག་དང་སྐྲ་ལོ་ལྕགས་ལས་བྱས་པའི་བུ་མོ་ཞིག་ཐོན། དེ་རྗེས་མོ་འདྲེ་རྒྱལ་གྱི་བཙུན་མོར་ཉར་རོ།

/
དེང་དུས་འཁྲབ་པའི་འཆམ་ནང་དུ་བུ་མོ་ཉི་ཤུ་རྩ་བདུན་ཁྲོད་ལས་ཐོག་མའི་བུ་མོ་དགུ་པོ་དེ་མཚོན་པར་བྱེད་ལ། དེ་དགུ་པོའི་མིང་དུ་གཟེ་མ་དགུ་ཞེས་འབོད། དེ་འཁྲབ་མཁན་གྱིས་སེམས་ཅན་མི་འདྲ་བ་དགུ་ཡི་རྣམ་པ་ཅན་གྱི་འབག་གྱོན་ནས་གཟེ་མ་དགུ་མཚོན་པར་བྱེད། འོན་ཀྱང༌། དེ་སྔོན་བོད་ཀྱི་དགོན་པ་ཁག་ནང་མ་ཡུམ་སྲིད་པ་རྒྱལ་མོ་ཚུད་པའི་བུ་མོ་ཉི་ཤུ་རྩ་བདུན་ཡོངས་རྫོགས་འཁྲབ་སྲོལ་ཡོད། དེ་ཡང་འཆམ་དེའི་ནང་མ་དེས་འགོ་བརྩམས་ཤིང་བུ་མོ་རྣམས་ལོགས་ཤིག་ཏུ་བསྡད་ནས་ལྟད་མོར་རོལ་བ་དེ་ནི་མ་ཡིས་བུ་མོར་འཆམ་འཁྲབ་སྟངས་བསླབ་པའི་ཚུལ་དུ་མཐོང་ཞིང༌། དེ་རྗེས་ཁོང་ཚོ་ཡོངས་རྫོགས་འཆམ་གྲལ་ལ་ཞུགས་ནས་ལེ་ཚན་ཁག་འཁྲབ་སྟོན་བྱེད་སྲོལ་ཡོད།

/
འཆམ་དེའི་ཞིབ་ཕྲའི་གནས་ཚུལ་དང༌། ནུས་པ། སྒྲུང་གི་ནང་དོན་བཅས་༼ཁྲོ་བོ་དབང་ཆེན་༽ཞེས་པའི་དཔེ་ཆའི་ནང་རྒྱས་པར་འཁོད་ཡོད། དཔེ་ཆ་དེ་ནི་སྤྱི་ལོ་༡༠༡༧ལོར་གཤེན་ཆེན་ཀླུ་དགའ་(༩༩༦—༡༠༣༥)ཡིས་གཏེར་ལས་བཞེས་པར་གྲགས་ཤིང༌། ལྷ་མོ་སྲིད་པ་རྒྱལ་མོ་ནི་གཤེན་ཚང་གིས་དམིགས་བསལ་དུ་བརྟེན་པའི་སྲུང་མ་ཞིག་ཡིན་ལ། འཆམ་དེ་ཡང་ཐོག་མར་གཤེན་ཆེན་ཀླུ་དགའ་ཡིས་སྲོལ་གཏོད་པ་ཡིན་ཞེས་བོན་ལུགས་སུ་གྲགས་སོ། གཟེ་མ་སྤུན་མཆེད་དགུ་ནི་འདི་ལྟར་ཏེ། ༡.སྔོན་མོ་འབྲུག་མགོ ༢.ལྗང་ནག་སྦྲུལ་མགོ ༣.ནག་མོ་སྐྱུང་མགོ ༤.དཀར་མོ་སེང་མགོ ༥.དམར་མོ་དྲེད་མགོ ༦.དམར་ནག་སྤྱང་མགོ ༧.སྨུག་ནག་སྟག་མགོ ༨. སེར་ལྗང་ཁྱུང་མགོ ༩.ཀླུ་མོ་ཁ་རྔམ་བཅས་སོ། འཆམ་དེ་འཁྲབ་སྐབས་གཟུགས་ཀྱི་སྟངས་སྟབས་འགྱུར་ཚུལ་སྐོར་ཁག་བཅོ་ལྔ་ཡོད་ཅིང་དེ་དག་གི་ཉམས་འགྱུར་སོ་སོའི་མིང་ཙམ་ལས་ཞིབ་ཕྲའི་གསལ་བཤད་ལྟ་བུའི་འགྲེལ་བཤད་བྱས་པའི་དཔྱད་གཞི་མ་མཐོང་ངོ། གཤམ་ལ་འཆམ་འཁྲབ་སྐབས་ཀྱི་ཉམས་འགྱུར་ཁག་རེ་རེ་བཞིན་དྲངས་ན། ༡ ལམ་འདྲེན། ༢.སྟག་འགྲོས། ༣.སེང་སྟབས། ༤.ཞི་དྲག ༥.མེ་རི། ༦.མ་བརྒྱུད། ༧.རྔམ་འགྱུ། ༨.ཆགས་ཕེབས། ༩.གློག་འགྱུ། ༡༠.མདའ་ཐེན། ༡༡.གནམ་འདུལ། ༡༢.ས་འདུལ། ༡༣.བཞི་རྒྱག ༡༤.སྲིད་པ་རྒྱལ་མོ། ༡༥.བླ་མ་བོན་སྐོར་བཅས་སོ།
གསུམ་པ། གཤེན་རབ་གཡུང་དྲུང་དགུ་འཆམ།

/
འདྲ་འབག་གྱོན་ནས་འཁྲབ་པའི་འཆམ་དེས་རྣམ་པ་མི་འདྲ་བའི་བོན་གྱི་སྲུང་མ་དགུ་མཚོན་ཞིང༌། སྲིད་པ་རྒྱལ་མོས་ཁྲོ་བོའི་རྣམ་པའི་ཐོག་ནས་འཆམ་དེའི་སྣེ་ཁྲིད་ལ། འཆམ་དེའི་ནང་གི་གཙོ་བོའི་མི་སྣ་དང་དེ་བྱིངས་ཀྱི་མི་སྣ་རྣམས་ནི་ལོ་རྒྱུས་ཀྱི་དུས་རབས་མི་འདྲ་བའི་ནང་བྱུང་བ་ཞིག་ཡིན།
དེང་སྐབས་འཁྲབ་སྟོན་བྱེད་པའི་འཆམ་དེ་ནི་དུས་རབས་བཅོ་ལྔ་པའི་ནང་སྨན་རི་དགོན་ཕྱག་འདེབས་མཁན་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་སྲོལ་བཏོད། སྨན་རི་དགོན་ནི་སྤྱི་ལོ་༡༤༠༥ལོར་ཕྱག་བཏབ་ཅིང༌། དགོན་པ་དེ་ནི་དབུས་གཙང་ཁུལ་གྱི་བོན་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན།

/
ཤོད་སྲོལ་ལྟར་ན། སློབ་དཔོན་མཉམ་མེད་ཤེས་རབ་རྒྱལ་མཚན་སྒྲུབ་ཁང་ནང་དུ་སྒོམ་ལ་བཞུགས་པའི་དུས་ཤིག་ན།ཁོང་གིས་ཆོས་སྐྱོང་སྲུང་མ་དགུ་པོ་རྣམས་རང་སོ་སོའི་གོས་རྒྱན་བཞེས་ནས་སྙན་འཇེབས་དབྱངས་རྟའི་རམ་འདེགས་འོག་མཛེས་པའི་གར་ལ་རོལ་བཞིན་ཡོད་པ་གཟིགས། རྗེས་སུ་ཁོང་གིས་གཟིགས་པའི་རྣམ་འཕྲུལ་དག་རང་གི་སློབ་མ་བྱིངས་ལ་གསུངས་ཤིང༌། དགོན་པའི་ནང་འཆམ་འཁྲབ་པའི་སྲོལ་ཡང་དུས་དེ་ནས་བཏོད། འཆམ་དེ་ནི་ལོ་ལྟར་ཐེངས་རེ་འཁྲབ་སྲོལ་ཡོད་ལ། འཁྲབ་དུས་ནི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཉིན་ཡིན་ཞིང༌། སྐབས་དེ་ཤེད་དུ་འཆམ་གཞན་དག་ཀྱང་དུས་གཅིག་ཏུ་འཁྲབ་ཀྱི་ཡོད།
བོན་གྱི་སྲུང་མ་རྣམས་ནི་ཐོག་མར་འདྲེ་སྲིན་གྱི་རིགས་ཡིན་པ་དང༌། ཕྱིས་སུ་དམ་ལ་བཏགས་ནས་བོན་གྱི་ཆོས་སྐྱོང་སྲུང་མར་བཀོད་ཅིང༌། ཆོས་སྐྱོང་སྲུང་མ་དེ་དག་གིས་མནའ་བསྐྱལ་ནས་བོན་དང་བོན་གྱི་བསྟན་པ་དེ་ཉིད་འཛིན་མཁན་ལ་གྲོགས་བྱེད་རྒྱུ་ཁས་ལེན་ཡང་བྱས་ཟེར་སྲོལ་ཡོད། ལྷ་དེ་དག་གིས་རྣམ་པ་མི་འདྲ་བའི་ལྷ་རིགས་ཁག་མཚོན་ཞིང༌། དེ་དག་ནི་འཇིག་རྟེན་ཁམས་ཀྱི་ཐོག་ཏུ་ཁག་སོ་སོར་བྱས་ནས་གནས་ཡོད་པར་འདོད། འཆམ་དེ་འཁྲབ་སྐབས་ཀྱི་ལྷ་འདྲེ་དགུ་པོ་དེ་དག་ནི།

/
༡.སྲིད་པ་རྒྱལ་མོ། འཆམ་གྱི་གཙོ་བོའི་གཟུགས་བརྙན།
༢.དམུ་བདུད། འདྲེ་སྲིན་གྱི་འགོ་པ།
༣.བཙན། བཙན་འདྲེའི་འགོ་པ།
༤.ཨ་བསེ་རྒྱལ་བ། བཙན་གྱི་འགོ་པ་གཞན་ཞིག
༥.ཉི་ཕང་སད། ཞང་ཞུང་གི་རྒྱལ་རྒྱུད་ཅིག
༦.འཛམ་སྔོན། འཛམ་ལྷ་ལྷ་སྔོན་མདོག་ཅན།
༧.ཤེལ་ཁྲབ་ཅན། ཕལ་ཆེར་པེ་ཧར་རྒྱལ་པོའི་ཆོ་འཕྲུལ་ཞིག
༨ གྲགས་པ་སེང་གེ སངས་རྒྱས་ཆོས་ལུགས་ཀྱི་བླ་མ་ཞིག
༩.སྟ་རྒོ། རི་ལྷ་ཞིག་ཡིན་པ་བཅས་སོ། གཤམ་གསལ་གྱི་འབྲེལ་ཡོད་དཔེ་ཆའི་ནང་ནས་བཏོན་པའི་འཆམ་དེ་འཁྲབ་པའི་བང་རིམ་ནི་ཁག་དགུར་དབྱེ་ནས་ཡོད་ལ། དེ་རྣམས་འཆམ་འཁྲབ་སྐབས་སུ་ཐེངས་གསུམ་རེ་སྐྱར་ཟློས་བྱ་བ་ཡིན། དེ་ཡང་ངོ་སྤྲོད་རགས་ཙམ་ཞུས་ན།
མ་མཆོག་སྲིད་པ་རྒྱལ་མོ་སྤྱན་འདྲེན་པའི་རིང་ལ་འཆམ་དཔོན་གྱིས་གཡུང་དྲུང་ལུ་གུ་རྒྱུད་དུ་ཐེངས་གསུམ་འཁོར་མཚམས་ནས་སྟག་འགྲོས་དང་སེང་སྟབས་ལ་སོགས་པ་སྟེ། ༡.གཅིག་གཅིག་ནས་བསྐྱེད། གཡོན་བཀྱག
༢.གཉིས་གཉིས་ནས་བསྐྱེད། གཡས་བརྐྱངས་གཡོན་བསྐུམ།
༣.གསུམ་གཉིས་ནས་བསྐྱེད། གཡས་འཕངས་གཡོན་འཕངས།
༤.བཞི་གསུམ་ནས་བསྐྱེད། གྲི་ཐེན།
༥.ལྔ་གསུམ་ནས་བསྐྱེད། མདའ་ཐེན།
༦དྲུག་བཞི་ནས་བསྐྱེད། གཡས་བརྐྱངས་གཡོན་བསྐུམ།
༧.བདུན་བཞི་ནས་བསྐྱེད། པད་སྐོར་དམའ་བ།
༨.བརྒྱད་ལྔ་ནས་བསྐྱེད། པད་སྐོར་དམའ་བ།
༩.དགུ་དྲུག་ནས་བསྐྱེད། དྲང་བཤད། བཅས་རིམ་པ་བཞིར་འཁྲབ་པར་བྱེད།

/
གོང་གསལ་གྱི་འཆམ་གྱི་སྟངས་སྟབས་དགུ་པོའི་ཞིབ་ཕྲའི་ནང་དོན་རྣམས་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མས་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུའོ། འདིར་བོན་གྱི་འཆམ་གསུམ་སྐོར་ངོ་སྤྲོད་བྱས་པའི་རྩོམ་ཐུང་འདི་ནི་ཁོ་བོ་རྒྱ་གར་དུ་བོན་ལ་ཞིབ་འཇུག་བྱེད་སྐབས་མཁན་ཆེན་བསྟན་པའི་ཉི་མ་མཆོག་ནས་བསྐུལ་གནང་མཛད་པ་ལྟར་བྲིས་ཁུལ་བྱས་པ་ཞིག་ལགས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *