ས་མཐའི་ཨ་སྐྱོ་བ།
རྩོམ་ཡིག་འདི་ཐེངས། 821 བཀླགས་འདུག
།
སྐྱེས་པའི་ལྟེ་ཁྲག་ས་ལ་འཕོས་པའི་སྐབས། །
ངོ་མཚར་མེ་ཏོག་སྤྲིན་གྱི་ཆར་བ་དང་། །
འཇའ་ཚོན་རི་མོ་གནམ་དུ་ཟུག་པ་སོགས། །
དགེ་ལེགས་མཚན་དཔེའི་སྣང་བརྙན་རྡུལ་ཙམ་བྲལ། །
།
སྐྱེས་པའི་ལོ་ཟླ་ཡུད་ཙམ་འདས་གྱུར་ཡང་། །
འཁོར་བའི་བག་ཆགས་སྙིང་ལ་ལྕི་བ་ཡིས། །
སྐྱེ་བ་སྔ་མའི་ཡོ་བྱད་དྲན་པ་སོགས། །
རིག་སྟོང་རྗེན་པའི་འུར་གཏམ་བདག་ལ་མེད། །
།
ངེས་འབྱུང་བློ་ཡིས་རང་རྒྱུད་མ་བརླན་ཡང། །
ཡུལ་དང་དུས་སུ་བཅས་པའི་གཞན་དབང་གིས། །
ལོ་ཟླའི་མུ་ཁྱུད་བརྩེགས་པའི་ནང་མོ་ཞིག །
ངུར་སྨྲིག་འོད་ཀྱི་རྫིང་བུར་ཁྲུས་སུ་ཞུགས། །
།
དབྱངས་གསལ་སོ་བཞིའི་གླུ་དབྱངས་དགུང་ནས་བླངས། །
རིག་བཅུའི་མེ་ཏོག་ཐང་ཆེན་ཐད་ཀྱིས་བརྒལ། །
ལེགས་ཚོགས་བསྒྲུབ་པའི་བྱ་བཞག་མདུན་དུ་བསྐྱོད། །
རྒྱལ་ཁམས་འགྲིམས་པའི་ཨ་སྐྱོ་ཉམས་རེ་དགའ། །
།
ཨ་སྔོན་ནམ་མཁའི་དཀྱིལ་འཁོར་ཐོད་དུ་ཡངས། །
དོག་མོ་ས་ཡི་འདབ་མ་གདན་དུ་མཛེས། །
རིན་ཆེན་རང་དབང་གཙང་མའི་ལྡེའུ་མིག་དེ། །
དལ་འབྱོར་རྟེན་དུ་སྤྱོད་པ་བསྐལ་བ་བཟང་། །
།
བསམ་ཚུལ་ཕྲིས།