གསང་བའི་ལྡེ་མིག་དགུ་རྫོང་།
རྩོམ་ཡིག་འདི་ཐེངས། 258 བཀླགས་འདུག
།
ཡེ་ནས་རང་བྱུང་ཁྱབ་བདལ་དབྱིངས་ཆེན་འབྱམས་ཡས་ནག་པོའི་ཨེ་ཀློང་དུ་།།
སྟོང་པའི་རྩལ་ནི་འགག་མེད་སྣ་ཚོགས་སྒྱུ་མའི་གར་སྟབས་ཡང་ཡང་བྱས།།
གསལ་བའི་ངོ་བོ་སྟོང་པའི་རང་བཞིན་གསལ་ལ་འཛིན་མེད་སྟོང་ན་ཡང་།།
ཀུན་རྟོག་བཙན་པོས་རྟག་ཆད་བཟུང་བའི་ལྡེ་མིག་རིག་པའི་ཀློང་ན་ཡོད།།
།
འདི་ནས་ནུབ་ཕྱོགས་བདེ་ཆེན་ཞིང་གི་བཀོད་པ་བསམ་མཐའ་ཡས་པའི་གཤིས།།
མཁའ་སྤྱོད་འོལ་མོ་ལུང་རིང་བསམ་གཏན་དང་པོའི་ཐད་སོར་འབྲེལ་བ་ཡི།།
ཤམ་བྷ་ལྷ་ཡུལ་ཞེས་པའི་གྲོང་ཁྱེར་དེ་དང་དེ་འདྲའི་རྣམ་གྲངས་སོགས།།
ཟག་མེད་མཁའ་སྤྱོད་བདེ་བའི་གནས་ཀྱི་ལྡེ་མིག་རིག་པའི་ཀློང་ན་ཡོད།།
།
མུ་མེད་ནམ་མཁའི་ཞིང་ནས་འདུས་བྱས་རྒྱུ་མའི་རྣམ་རོལ་གྲངས་མང་བརྡལ།།
སྤྱི་ཕུད་བརྩེགས་མ་བཀྲམ་པའི་དབུས་མ་དེ་ཡི་ཡང་སྙིང་མཐིལ་གྱི་དཔལ།།
ལྷོ་གླིང་འཛིན་མའི་སྟེང་ནས་གངས་མཚོ་རི་གསུམ་ས་ཡི་ཐིག་ལེ་བརྡོལ།།
མངའ་རིས་སྟོད་ནི་ས་སྤྱོད་ཁྱད་པར་གནས་ཀྱི་ལྡེ་མིག་དོན་དམ་མདོ་རུ་ཡོད།།
།
ཕྱི་སྣོད་འཇིག་རྟེན་ཆགས་པའི་ཐོག་མར་མས་ནས་ཡར་ལ་རིམ་བཞིན་ཆགས།།
ལྷོ་རྒྱལ་འཛོམ་བུ་གླིང་འདི་སྔོ་ལ་སོག་དབྱིབས་ནོར་བུས་རྒྱན་པར་བཤད།།
འོན་ཏེ་གོ་ལ་ཟླུ་པོར་བརྗིད་ཅིང་མཐོང་བའི་སྣང་བརྙན་གསོན་པོར་གྱུར།།
ཐ་དད་དེ་འདྲར་མི་རྟག་འགྱུར་བའི་ལྡེ་མིག་རང་གི་གཤིས་སུ་ཡོད།།
།
ནང་བཅུད་སེམས་ཅན་ཡས་ནས་མར་ལ་བབས་ཏེ་བཅུད་ཀྱི་ཐོག་མ་ནི།།
འོད་གསལ་ལྷ་ཞིག་བསོད་ནམས་ཟད་དེ་ལྷུངས་བའི་གཏན་ཚིགས་དང་པོར་གྲཊ།།
བརླན་གྱི་སྲོག་ཆགས་སྐམ་སར་བསྒྱུར་ཏེ་རིམ་བཞིན་འགྱུར་ཞིང་ལྷག་པར་དུ།།
ཕ་མའི་ཡང་མེས་སྤྲེལ་སྲིན་འཚོས་པའི་ལྡེ་མིག་དགོངས་པའི་ཀློང་དུ་ཡོད།།
།
བཙན་ལྔའི་ཆེ་མཐའ་ཐོ་རི་གཉན་བཙན་ཞེས་པའི་མཚན་སྙན་ལྡིར་བ་ཡིས།།
ཙན་དན་སྐུ་ཡི་ཐུགས་རྟེན་འདོད་འབྱུང་ཟ་མ་ཏོག་གིས་གསང་སྒོར་འགྲིམས།།
ཐོལ་བྱུང་དག་ལ་གསང་བརྒྱར་བཏབ་སྟེ་གཉན་པོ་གསང་བའི་ཡུལ་དུ་བཞག།
གྲགས་པ་རྒྱལ་མཚན་སྒོ་བརྒྱར་དབྱེ་བའི་ལྡེ་མིག་ཕོ་ཉའི་ཕྱག་ན་ཡོད།།
།
སོ་གསུམ་མགོན་པོས་དོར་ཤར་འཆང་བས་རླབས་ཆེན་རིག་པའི་སྒམ་པོ་མཚན།།
མཚན་ཁའི་ལྗོངས་འདིར་གནའ་རབས་བཤད་ནས་ཐུན་གསུམ་བུ་མོའི་རུམ་དུ་ཉལ།།
ཉལ་རབས་གཏམ་གྱི་དགོངས་གཞི་བརྡོལ་བའི་ཡིག་ཚགས་རེ་འགའ་བྲག་ལ་རྒྱང་།།
རྒྱང་ཆོད་ཡི་གེ་གསར་བཟོ་མཛད་པའི་ལྡེ་མིག་བརྣག་པའི་གསེབ་ན་ཡོད།།
།
སོ་བརྒྱད་མཁའ་རུ་འཛུམ་པས་དབང་དཀར་ལས་ཀྱི་བྱེད་པོའི་མངའ་ཐང་རྫོཊ།།
སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྡུས་ནས་ས་ཆེན་དབང་ཕྱུག་གྲཊ།།
བོད་དང་བོད་ཆེན་ཞེས་པའི་མཚན་སྙན་ཐ་གྲུ་ཕྱོགས་ཀུན་ཁྱབ་ནས་ཀྱང་།།
གནམ་སྐོས་གོང་མའི་མཇུག་རྩིས་རྫོགས་པའི་ལྡེ་མིག་གྱ་འགྱུའི་ཀློང་ན་ཡོད།།
།
ཤར་ལྷོ་རྒྱ་བལ་འབྲེལ་མཐུད་བྱས་པས་དྲག་རྩལ་གངས་རི་ལྗོངས་སུ་རྫོགས།།
མཚན་གྱི་ཅོད་པན་ངོམ་བཞིན་སྣ་མང་རྒྱ་མཚོར་གསེར་གྱི་ཟམ་ཆེན་བཙུགས།།
ཕྱོགས་ཀུན་ལྷགས་རླུང་འདུས་ཏེ་འཁྱགས་རོམ་སྟུག་པོས་ཡུར་བུ་བཟུང་།།
དེ་ནས་མཁའ་དབྱིངས་རྡུལ་གྱིས་བཀང་བའི་ལྡེ་མིག་མཚོ་མོའི་འགྲམ་དུ་ཡོད།།
།
༢༠༡༦-༢-༡༠-ཉིན་རི་གཞུང་ཀླུ་མོ་ཐང་ནས་བྲིས།
བསམ་ཚུལ་ཕྲིས།