རྔ་བ། སྣང་ཞིག བྱ་འཕུར།
རྩོམ་ཡིག་འདི་ཐེངས། 443 བཀླགས་འདུག
།
འདི་ནས་དཔག་ཚད་གྲངས་ཀྱིས་བརྒལ་བའི་སར།།
ཕྱོགས་བཞི་གངས་རིས་སྐོར་བའི་ཡུལ་ཆེན་པོ།
ཁ་བའི་ལྗོངས་ཞེས་གྲགས་སྙན་རྔ་ཆེན་གྱིས།།
གླིང་བཞི་སྒུལ་བའི་ཞིང་ཁམས་དེ་རིང་དྲན།།
ཤར་ཕྱོགས་མདོ་ཁམས་རྟ་ཕོའི་རྗེས་ཤུལ་དུ།།
མངའ་རིས་གུ་གེའི་ཚང་ནས་རྡོལ་བའི་དཔུང་།།
དཔའ་བོའི་རྡོ་རིང་བཞེངས་པའི་གྲོང་ཁྱེར་དེ།།
རྔ་གཡང་ཕྱུག་མོའི་སྣོད་བཅུད་དེ་རིང་དྲན།།
།
འཆད་པའི་བཞུར་རྒྱུན་རྨ་ཀླུང་ཆུ་བོར་འགྲན།།
རྩོད་པའི་རིག་པ་གནམ་ལྕགས་ཐོག་ལས་རྣོ།།
རྩོམ་གྱི་སྡེབ་སྦྱོར་འགྱུར་དྲུག་སྐུད་པར་སྡེབ།
འཆད་རྩོད་རྩོམ་གྱི་ཞིང་ཁམས་དེ་རིང་དྲན།།
།
ཚུལ་ཁྲིམས་དྲི་ངད་གཙང་མས་ས་གཞི་བརླན།།
ཏིང་འཛིན་རིག་པའི་རྩ་ལག་རབ་ཏུ་བརྟན།།
ཤེས་རབ་འབྲས་བུའི་ཁུར་ཆེན་ལྷུག་པར་གྲོལ།།
བསླབ་གསུམ་བསྟན་པའི་ཚལ་ཆེན་དེ་རིང་དྲན།།
།
བན་བོན་གྲུབ་མཐའ་རྣམ་མང་གཞུང་ཆེན་པོར།།
ལུང་རིག་ཚད་གསུམ་སྲང་ལ་གཞལ་བྱས་ནས།།
ཕན་ཚུན་རྩོད་སྒྲུབ་ལུང་རིག་མེ་ཆེན་འབར།།
དག་སྣང་ནོར་བུའི་གཟི་བྱིན་དེ་རིང་དྲན།།
།
སྐུ་བརྗིད་མཚན་དཔེའི་དཀྱིལ་འཁོར་ལྟ་ན་སྡུག།
གསུང་སྙན་བརྒྱད་ཁྲི་བཞི་སྟོང་ངག་ལ་འཁྱིལ།།
ཐུགས་ཆེན་མཁའ་དབྱིངས་ཆེན་པོ་ཀུན་ལ་སྙོམ།།
སྨྲ་སེང་མཁས་གྲུབ་ཚོགས་རྣམས་དེ་རིང་དྲན།།
།
མདོ་རྒྱུད་ཚད་གསུམ་རྒལ་རྟགས་ཐལ་མོར་སྡེབ།།
སྔགས་རྒྱུད་དམ་ཚིག་དཀྱིལ་འཁོར་ཐུགས་ལ་བཀྲ།།
རྫོགས་ཆེན་སྣང་བཞིའིི་ལྟད་མོར་ལོངས་སུ་སྤྱོད།།
མདོ་སྔགས་རྒྱ་མཚོའི་ཞིང་ཁམས་དེ་རིང་དྲན།།
།
སྣང་བ་དབྱིངས་སུ་ཞིག་པའི་དབེན་གནས་སུ།།
ལེགས་བཤད་མགྲིན་པར་འཁྱིལ་བའི་རྔ་སྒྲ་ཡིས།།
མདོ་སྔགས་དབྱངས་ལ་བྱང་བ་འདུལ་བའི་སྡེ།།
བཤད་སྒྲུབ་བསྟན་པའི་རྒྱ་མཚོ་དེ་རིང་དྲན།།
།
སྦྱིན་པའི་བྱམས་ཆེན་ཡིད་ལ་སྒོམ་པའི་བློས།
ནོར་ལྷའི་ཚོགས་རྣམས་གྲོགས་སུ་ཁུག་གྱུར་ཅིང་།།
ལོངས་སྤྱོད་ཕུན་ཚོགས་འདོད་རྒུ་ནོར་བུའི་དབྱིག།
བསོད་ནམས་ཞིང་འདྲེན་ཚོང་སྡེ་དེ་རིང་དྲན།།
།
རྒན་པོར་བྱམས་དང་སྙིང་རྗེའི་འཛུམ་བག་ལྡན།།
གཞོན་པར་བཀུར་བསྟིའི་བྱ་བ་གཤིས་སུ་འཁུམ།།
ཆུང་རྣམས་རྩེད་འཇོའི་ཐང་ཆེན་ལོངས་སུ་སྤྱོད།།
གཤིས་རྒྱུད་ལེགས་པའི་མི་ཚོགས་དེ་རིང་དྲན།།
།
མཐོ་བརྗིད་གནམ་ལ་ཟུག་པའི་ཁང་ཆེན་དང་།།
ཡིད་འོང་རྣམ་པར་བཀྲ་བའི་གཞུང་ལམ་ངོགས།།
རིག་ལྡན་པིར་གྱིས་བྲིས་སྙམ་དོགས་པས་གནོན།།
སུམ་བརྩེན་ས་གཞིར་འཕོས་འདྲ་དེ་རིང་དྲན།།
།
བརྒྱ་བྱིན་ཆེན་པོས་ལྷ་དམག་གཡུལ་དུ་འབོད།།
གཙུག་ན་རིན་ཆེན་ནོར་བུ་འབོར་ལ་དོགས།།
འདོད་པ་དགུ་འགྱུར་འདོད་པས་བདེ་བར་ཚིམ།།
འཇིག་རྟེན་གསུམ་གྱི་མངའ་ཐང་དེ་རིང་དྲན།།
།
བྱམས་པའི་སྙིང་རྗེ་འོ་མའི་མདངས་ལས་དཀར།།
བརྩེ་བའི་ཕྱག་འདབ་པདྨའི་འདབ་ལས་འཇམ།།
དུས་ཀྱི་བགྲོད་པས་དགུང་གྲངས་བརྒྱད་ཅུར་ཉེ།།
བཀའ་དྲིན་མཚུངས་མེད་ཡུམ་མཆོག་དེ་རིང་དྲན།།
།
བྱ་ཆེན་ཁྲི་འཕང་ནོར་བུ་བརྩེགས་པའི་གཞིར།།
ཤེས་རིག་ནོར་བུའི་དཔལ་ལ་འབད་ཅིང་དུང་།།
འཚོ་བཅུད་སྣུམ་པོས་ཁྱིམ་ཐབ་དྲོན་མོ་ཅན།།
བྱ་འཕུར་གདན་སའི་གཡང་ཁྱིམ་དེ་རིང་དྲན།།
།
ལྕགས་ཀྱི་གྲུ་བོར་ཞུགས་པའི་བར་སྣང་ནས།།
ཕ་ཁྱིམ་དྲན་པའི་སྨུག་པ་མཐུག་པོ་ཞིག།
སྟེས་དབང་བསེར་བུས་སྙིང་ཁར་འཐིབ་མ་ཐག།
ལག་འཁྱེར་ཁ་པར་གཞོང་དུ་དུ་ཡིག་འབྲུར་ཕབས།།
།
བསམ་ཚུལ་ཕྲིས།