དགྱེས་སྟོན་གླེང་མོའི་ལྗགས་བཤད་ཅོང་བརྡའི་འགྱུར་ཁུག

རྩོམ་ཡིག་འདི་ཐེངས། 531 བཀླགས་འདུག

 

IMG_9954

ན་མོ་སད་གྱེར་ས་ཏྲིག་ཝེར་ཞི་སྤུངས་ལ་གུ་དུན་ཧྲུན།

ཡེ་སྟོང་སྤྲོས་བྲལ་རྒྱ་ཆེ་འདུས་མ་བྱས།།

མ་བཅོས་སྐྱེ་མེད་རང་ཤར་རང་གྲོལ་དབྱིངས།།

འགག་མེད་སྣང་སྟོང་དབྱེར་མེད་གཡོ་བ་མེད།།

མེད་པ་ལྔ་ལྡན་བླ་མ་བོན་གྱི་སྐུ།།

འོག་མིན་མཁའ་ལྟར་བདེ་ཆེན་དག་པའི་ཀློང་།།

འགྱུར་མེད་སྐུ་ལ་མཚན་དཔེའི་འོད་སྟོང་རྒྱས།།

རྣམ་གྲོལ་ཐུགས་རྗེའི་ཉི་འོད་ཀུན་ལ་སྙོམ།།

ངེས་པ་ལྔ་ལྡན་བླ་མ་རྫོགས་པའི་སྐུ།།

དག་པའི་ཡུལ་མཆོག་འཛམ་གླིང་སྟག་གཟིག་སོགས།།

གཉིས་མེད་གང་འདུལ་མཁྱེན་བརྩེའི་འོད་སྟོང་རྒྱས།།

རྣམ་དག་དྲི་མེད་རྣམ་གྲོལ་འགྲོ་བའི་མགོན།།

མ་ངེས་ལྔ་ལྡན་བླ་མ་སྤྲུལ་པའི་སྐུ།། ཞེས།

    ཕྱོགས་བཅུ་ན་བཞུགས་པའི་བདེ་བར་གཤེགས་པ་རྣམས་དང་། གཡུང་དྲུང་སེམས་དཔའི་ཚོགས་དང་། ཁྱད་པར་དུ་རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་སྐུ་ཡི་མཚན་དཔེ་འཛམ་བུ་གླིང་དུ་བཞད་པའི་དུས་ཚིགས་ཁྱད་པར་ཅན་དུ་སྒོ་གསུམ་གུས་པ་ཆེན་པོས་སྟ་གོན་སྔོན་དུ་བཏང་ནས། འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཚོགས་གསོག་པའི་རྒྱུར་གྱུར་པ་ལ་དམིགས་ཏེ། ལུས་ངག་གི་དགེ་བ་གང་བྱས་འགྱུར་ཆེ་སྟེ། གསང་སྔགས་རྫོང་འཕྲང་ལས། མཆོག་གི་བླ་མ་དགེ་བཤེས་ཀྱི། དུས་ཆེན་རྣམས་ལ་ཁྲི་འགྱུར་དང་། ཁྱད་པར་འགྱུར་ཞེས་སངས་རྒྱས་ཀྱི། དུས་ཆེན་བཞི་ལ་འབུམ་འགྱུར་དང་། ཟླ་འཛིན་བྱེ་བ་བདུན་འགྱུར་དང་། ཉི་འཛིན་བྱེ་བ་འབུམ་འགྱུར་དུ། གསུང་གིས་བསླུ་བ་ཡོད་མི་སྲིད། དེ་ཕྱིར་རྣམ་དཀར་དགེ་ལ་འབད་ཅེས་དང། དེ་རིང་གནམ་ལ་ཉི་ཟླ་གཟའ་སྐར་གྱི་ཀླུང་བཟང་། ས་ལ་དུས་ཚོད་ཀྱི་བག་དྲོ་བཟའ་སྐར་གྱི་མཐུས་ཤིས། བར་དུ་བཀོད་རྒྱལ་ཕུན་སུམ་ཚོགས་པ་ཡིན་ཏེ། རྒྱུད་ལས། སྟོན་པ་གནས་འཁོར་དུས་དང་བཀའ། ཕུན་སུམ་ཚོགས་པ་ལྔ་དང་ལྡན། ཞེས་པའི། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་ཡིན་པ་ལགས་ན། དང་པོ། སྟོན་པ་ཕུན་སུམ་ཚོགས་པ་ནི། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ཡེ་ཤེས་ངོ་བོ་གཅིག་ཏུ་བསྡུས་པ་སྙིགས་དུས་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཀ་དག་བོན་སྐུ་ནམ་མཁའི་ཀློང་ལས་ཐུགས་ཉིད་གཡོ་བ་མི་མངའ་བ་གང་ལ་གང་འདུལ་སྤྲུལ་པའི་རྣམ་པར་རོལ་བ་གནམ་ལ་ཆོག་ཆེ་ས་ལས་འབྲང་རིང་བསིལ་ལྡན་གངས་ཅན་བོད་ཀྱི་ཤར་ཕྱོགས་རྒྱལ་མོ་རོང་ཞེས་པའི་ས་གནས་རིགས་རུས་ཕུན་སུམ་ཚོགས་པའི་གདུང་ལས་སྐུ་གསུམ་གྱི་བདག་ཉིད་སྐུ་མཆོག་མཚན་དཔེ་མངོན་པར་བཞད་པ་དེ་ཉིད་ཡིན་ཏེ། རྒྱུད་ལས། བོན་སྐུ་ནམ་མཁའ་ལྟ་བུ་ལ། རྫོགས་སྐུ་ཉི་མ་ཤར་བ་འདྲ། སྤྲུལ་སྐུ་ཟེར་དང་ཆུ་ཟླའི་ཚུལ། ཞེས་གསུངས་པ་ལྟར་རོ། གཉིས་པ། གནས་ཕུན་སུམ་ཚོགས་པ་ནི། ཚངས་ལྗོངས་ཉེར་ལྔ་བརྩིགས་པའི་དབུས་མ། ལྷོ་རྒྱལ་འཛམ་བུ་གླིང་གི་ལྟེ་བ། རྣམ་འདྲེན་རྒྱལ་བ་གཤེན་རབ་མི་བོའི་འདུལ་ཞིང་། སོག་ཁ་བོན་གྱི་འབྱུང་གནས་ཀྱི་ཁོངས་གཏོགས། བསིལ་ལྡན་གངས་ཅན་པའི་ནུབ་ཕྱོགས། ཁྱད་པར་དུ་བློ་ལྡན་ཞལ་བྱང་ཆེན་མོ་ལས། བལ་ཡུལ་འཕགས་པ་ཤིང་ཀུན་ལ། དར་ཚོན་སྣ་ལྔའི་གདུགས་ཕུལ་ན། ཕྱི་མ་སྐྱེ་གནས་ངན་པ་ཁེགས་ཞེས་པས། ལུང་ཟིན་གྱི་གནས་མཆོག་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ། མདུན་དུ་གྲོང་ཁྱེར་གྱི་བཀོད་པ་ལེགས་པ་རིན་ཆེན་མཎྜལ་བཤམས་འདྲ། རྒྱབ་ཏུ་ནགས་ཚལ་དང་ལྗོན་ཤིང་གི་ལྷུན་འཐུག་པ། གཡས་གཡོན་དུ་རྐང་འཐུང་འདབ་མའི་ཁོང་གསེང་ནས་སྤུ་སྡུག་མཛེས་པའི་གཡུ་བྱ་ཁུ་བྱུག་དང་། སྐད་གཉིས་པ་སོགས་ཀྱི་མགྲིན་དབྱངས་ཀྱི་ཉམས་རྒྱས་པ་༧རྒྱལ་བ་སྨན་རི་བའི་མཁན་སློབ་རྣམས་པ་ཞབས་བཅགས་པའི་ས་གནས་དང་། ཞི་བདེའི་དད་དཔོན་ཆེན་མོས་སློབ་ཁྲིད་ཀྱི་འཕེལ་རྒྱས་ཆེ་བའི་གདན་ས་ཁག་རྣམས་ཀྱི་མིག་དཔེ་ལྟར་འོས་པའི་བོན་གྱི་བརྟན་གཞི་ཞེས་བསྔགས་བརྗོད་གྱི་མེ་ཏོག་ཡང་ཡང་འཐོར་བའི། མཁས་བཙུན་བཟང་གསུམ་ཡོན་ཏན་གྱིས་བརྒྱན་པའི་བློ་གསལ་རྣམས་འདུས་པའི་ཞིང་མཆོག། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ཞེས་མཚན་སྙན་ཀུན་ཏུ་གྲགས་པའི་བོན་གྱི་གདན་ས་ཆེན་མོ་འདི་ཉིད་དོ། གསུམ་པ། དུས་ཕུན་སུམ་ཚོགས་པ་ནི། བོད་མེ་ཕོ་སྤྲེལ་གྱི་ལོ་དཀར་ཕྱོགས་ཟླ་བ་དྲི་ཞིམ་འདོད་པའི་དུས་སམ་དཔྱིད་ཟླ་འབྲིང་པོ་གཟའ་དང་རྒྱུ་སྐར་གྱི་མཐུས་ཤིས་དུས་བཞི་ཆ་སྙོམས་པ། རང་འབྱུང་གི་རྩི་ཤིང་རྣམས་ཡལ་ག་དང་ལོ་འདབ་ཀྱི་མཉེན་ལྕུགས་རྒྱས་ཤིང་མེ་ཏོག་གི་ཆར་མངོན་པར་བབས་པ་འདབ་ལྡན་དཔྱིད་ཀྱི་དཔལ་མོ་རྨ་བྱ་དང་རྒྱ་བྱ་སྐད་གཉིས་པ་སོགས་མདངས་ལེགས་པ་དང་དབྱིབས་མཛེས་པའི་བྱ་དང་བྱིའུ་སོགས་ཀྱི་དབྱངས་འཐེན་རེས་དང་གྱེར་རེས་བྱེད་ཅིང་འཕུར་ལྡིང་འགྱུར་གསུམ་གྱི་ཉམས་རྒྱས་པ་རྣམ་དཔྱོད་ལྷ་ཡི་དཔལ་ལ་རོལ་བའི་དགའ་བ་དང་སྤྲོ་བའི་སྐལ་བཟང་གི་དུས་ཡིན་ནོ། བཞི་པ། འཁོར་ཕུན་སུམ་ཚོགས་པ་ནི། རྨད་བྱུང་བསླབ་གསུམ་འདབ་མའི་ཁོང་གསེང་ནས་མཁྱེན་གཉིས་རབ་ཏུ་རྒྱས་པའི་རྣམ་དག་འདུལ་བ་འཛིན་པའི་སྡེ་དང་། བསྐྱེད་རྫོགས་ཉམས་རྟོགས་རབ་ཏུ་རྒྱས་པའི་གསང་ཆེན་རིག་པ་འཛིན་པའི་སྡེ་དང་། རྣམ་དག་དད་གུས་མོས་གསུམ་དང་ཚད་མེད་རྣམ་བཞིའི་དཔལ་ཡོན་འཆང་བའི་ལྷ་སྡེ་དང་མི་སྡེ་བཅས་དང་། རྒྱལ་ཀུན་མཁྱེན་རབ་ཡངས་པ་མི་རྒྱུད་ལྷ་ལས་གྲོལ་བའི་གདུང་རྒྱུད་བྱིན་གྱིས་བརླབས་པའི་སྐྱེས་བུ་རྣམས་ཏེ། ཇི་སྐད་དུ། མི་རྒྱུད་ལྷ་ལས་གྲོལ་བས་རིགས་བཟང་། རིག་འཛིན་ཕོ་མོའི་གདུང་ལས་ཆད་པས་ཁུང་བཙུན། ཕྱོགས་བཅུའི་སངས་རྒྱས་རྣམས་པས་བྱིན་གྱིས་བརླབས་པས་འགྲོ་དོན་ལ་ཐོགས་པ་མེད་པའོ། །ཞེས་དང་། ལྔ་པ། བཀའ་ཕུན་སུམ་ཚོགས་པ་ནི། སྟོང་གསུམ་འཁོར་བ་སྒྲོལ་ཞིང་སྐུ་གསུམ་མངོན་དུ་གྱུར་པའི་རྒྱུད་དང་། བཀའ་ཡི་འཁོར་ལོ་བདེན་གཉིས་རྣམ་པར་འབྱེད་པའི་ལེགས་བཤད་ལུང་ཉིད་དང། སྒྲིབ་གཉིས་མུན་པ་སངས་ཞིང་ཟབ་དོན་གསལ་བར་སྟོན་པའི་མན་ངག་དང་བཅས་པ་རྣམས་སོ། །མཛད་མདོ་རྒྱས་པ་ལས་བརྒྱ་པའི་མགོན་པོ་སྟོན་པ་སངས་རྒྱས་ཉིད་སྐུ་སྐྱེ་བ་བཞེས་པའི་དུས་དེར། ལྷོ་འཛམ་བུ་གླིང་དུ་གང་བ་ཙམ་གྱི་བསྐོར་བ་བྱེད་ཅིང་མཆོད་པའི་ཚོགས་དང་། རོལ་མོའི་ཚོགས་དཔག་ཏུ་མེད་པ་ཞིག་ཕུལ་ལོ་ཞེས་དང་། སྐབས་འདིར་ཁྱད་པར་བཞི་ལྡན་གྱི་ལེགས་བཤད་རྣམ་དག་མདོ་གཡུང་དྲུང་ཀློང་རྒྱས་གཞུང་ལྟར་གྱི་བདེ་བར་གཤེགས་པའི་མཚན་རྣམས་དབྱངས་དང་གྱེར་བ་ཉིད་ཀྱི་མཛད་འཕྲིན་ལ་བསྔག་བརྗོད་དང་། བསྟོད་ཚིག ཤིས་སྨོན། སྙན་ངག་གྱེར་འདོན་སོགས། ངོས་སུ་འབྱོར་བའི་མཆོད་རྫས་གྱི་རིམ་པ་དང་། ཡིད་ལ་སྤྲུལ་ཞིང་དམིགས་པའི་མཆོད་འབུལ་ཞུ་བཞིན་ཡོད་པ་ལགས་ན། སྤང་བསྒྱུར་གྲོལ་བའི་དོན་རྟོགས་མཁྱེན་གཉིས་རྒྱས་པའི་སྣང་གསལ་མར་མེ་བལྟམས།། རྨད་བྱུང་མཚན་དཔེའི་ཆ་ཤས་ཡོངས་རྫོགས་མཛེས་སྡུག་རྐང་འཐུང་འདབ་མ་བཞད།། རྣམ་དག་གནས་ལྔ་རིག་པའི་དྲི་བསུང་འདབ་མ་ཕྱོགས་བཅུ་ཀུན་ཏུ་འཐུལ། བསླབ་གསུམ་བསྟན་པའི་ཏོག་འོད་མངོན་མཐོ་བསྟན་འགྲོའི་དཔལ་ཤར་ལྷ་གསང་བརྗིད།། རབ་འབྱམས་གནས་ལྔ་རིག་པ་རྒྱ་ཆེན་ཚན་ཆབ་གསེར་གདན་གླིང་དུ་བཀང་།། ཀ་དག་རྨད་འབྱུང་རིན་ཆེན་གསལ་སྒོང་མཐོ།། རབ་དཀར་མཛེས་ལྡན་གྲུམ་ཤིང་དབུས་ན་སྤ།། འཁོར་བ་རབ་སྤང་རིན་ཆེན་ལྕོགས་ལྔ་མཛེས།། དབྱིབས་བཟང་བཀོད་ལེགས་དུང་གི་སོ་མང་བརྗིད།། བདག་འཛིན་རྩད་གཅོད་ཆན་གྲི་ངོ་མཚར་ཆེ།། མཁྱེན་གཉིས་རབ་རྒྱས་གསེར་གྱི་སྤུར་ལེན་རྨད།། ཡེ་ཤེས་ལྔ་གསལ་རིན་ཆེན་ཙག་པད་བཏེགས།། གཡུ་ཡི་པད་ལོའི་སྣང་ཆའི་འོད་སྣང་རྒྱས།། ཟངས་ཁུག་འཁོར་ལོའི་རྩིབ་སྟོང་མངོན་པར་རྒྱས།། ཉོན་མོངས་མུན་འཇོམས་ཙན་དན་སྨན་མཆོག་རྒྱལ།། རྨོངས་པའི་སེམས་གསལ་དངུལ་དཀར་ཕོ་སྙུངས་འདེགས།། མདངས་ལེགས་འདབ་བརྒྱ་རི་མོ་མཛེས་པའི་དབུ་གདུགས་བླ་ན་འཕགས།། འདབ་མ་ལྷབ་ལྷུབ་རབ་གཡོ་མི་ནུབ་རྒྱལ་མཚན་རྒྱན་དུ་མཛེས།། འདོད་དགུ་བདུད་རྩི་བཅུད་གཏམ་རིན་ཆེན་བུམ་པ་དབུས་ན་སྤ།། ལེགས་བྱས་ཡིད་འོང་ཁོང་གསེང་རྣམ་བཀྲ་དཔལ་དབྱེའི་རྔམ་བརྗིད་འབར།། རྨད་བྱུང་ལྟང་དཀར་གསེར་གྱི་ཉ་མོའི་ཉམས་འགྱུར་མངོན་པར་མཐོ།། དབྱིབ་ལེགས་དབྱངས་སྙན་གཡས་འཁྱིལ་དུང་གི་གཟི་འོད་མཁའ་ལ་འཕགས།། སྲིད་པ་དབང་བསྒྱུར་གསེར་གྱི་འཁོར་ལོས་སྟོང་གསུམ་ཁྱབ་པ་བསྒྱུར།། འདམ་སྐྱེས་འདམ་གྱི་དྲི་མས་མ་གོས་པད་མོའི་ངོ་མཚར་ལེགས།། སྲིད་པ་རིན་ཆེན་གླིང་གི་འཇིག་རྟེན་ན།། རིགས་བཟང་ལང་ཚོ་མཚན་དཔེའི་དཔལ་འབར་བ།། གཞའ་ཚོན་དར་དང་རིན་ཆེན་རྒྱན་གྱི་མཛེས།། ཡིད་འོང་བཙུན་མོ་རིན་ཆེན་དབུས་ན་བརྗིད།། སྟོང་ཁམས་དབང་བསྒྱུར་རྒྱལ་སྲིད་སྐྱོང་བའི་དཔལ།། རྒྱལ་སྲས་གཞོན་ནུའི་མངའ་དབང་བརྟན་མཛད་པོ།། རིག་པའི་རྩལ་ལྡན་ཤེས་ལྡན་ལྷ་མིའི་མགོན།། ཞི་བདེ་སྐྱོང་མཛད་བློན་པོ་རིན་ཆེན་རྨད།། ཞུམ་པ་མི་མངའ་དགྲ་སྡང་གཡུལ་ལས་རྒྱལ།། གོ་ཁྲབ་དབྱིག་དང་རིན་ཆེན་ཆས་ཞུགས་པ།། སྟོབས་དང་ཡིད་རྩལ་རྫོགས་པའི་བློ་ཤད་ཅན།། གཡུལ་ངོར་བརྟན་མཛད་དམག་དཔོན་རིན་ཆེན་མཆོག། དྲི་ཞིམ་སྨན་ལྗོངས་ནགས་ཚལ་ལྗོན་པའི་གླིང་།། རྒྱན་གྱི་རབ་མཛེས་འདེགས་པའི་རྩལ་རྫོགས་པ།། མི་ཟད་འདོད་རྒུ་ནོར་བུའི་ཁལ་ཁུར་བ།། ཤུགས་ལྡན་གླང་པོ་རིན་ཆེན་ཀུན་ནས་འཕགས།། སྒ་སྲབ་གཡུ་མཐུར་རིན་ཆེན་དར་གྱིས་སྤྲས།། རྩལ་ལྡན་བང་མགྱོགས་སྟོང་ཁམས་ཡུད་ཅིག་བསྐོར།། རིགས་ལྡན་ལེགས་འགྲོ་རླུང་གི་འདབ་གཤོག་རྒྱས།། ཕྱོགས་མཚམས་ཡུན་བསྐྱོད་རྟ་མཆོག་རིན་ཆེན་མཛེས།། གསེར་དངུལ་རིན་ཆེན་ནོར་ལས་རབ་བསྐྲུན་པ།། ཚངས་པ་འཕྲུལ་གྱི་བཟོ་བོ་བཀོད་པ་ལེགས།། རྩིབ་སྟོང་མུ་ཁྱུད་འདབ་མའི་ཁོང་གསེང་གཡོ།། མི་ཟད་འཁོར་ལོ་རིན་ཆེན་རྒྱན་དུ་མཛེས།། དགྱེས་དགུ་དཔལ་སྟེར་ལྷ་དབང་དགའ་བ་འཁྱིལ།། ཡིད་བཞིན་འབྱུང་བའི་ལྷ་ཀླུ་མི་ཡི་ནོར།། བཙོ་མའི་རང་མདངས་ལྟ་བས་མི་ངོམས་ཤིང།། བཅུད་ལྡན་ནོར་བུ་རིན་ཆེན་སྲིད་པའི་རྒྱན།། ཞེས་འདོར་ན་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པར་གྱུར་བ་ཕྱི་མཚན་མ་རྫས་ཀྱི་མཎྜལ། ནང་སྒྱུ་ལུས་མདངས་ཀྱི་མཎྜལ། འཇིག་རྟེན་གདོས་ཀྱི་མཎྜལ།། ལོངས་སྤྱོད་རྒྱན་གྱི་མཎྜལ། བོན་ཉིད་དོན་གྱི་མཎྜལ་སོགས་སྲིད་པའི་ཁམས་འདིར་གང་བ་སྤྲུལ་ནས་ཕུལ་བས། སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་མཐའ་ཡས་པ་མུ་མེད་པ་བསོད་ནམས་ཀྱི་ཚོགས་ཆེན་བསོགས་པའི་རྒྱུ་དངོས་སུ་འབྱོར་བ་དང་། ཏིང་ངེ་འཛིན་ཡིད་ལས་སྤྲུལ་པའི་མཆོད་པ་མ་ཚང་པ་དང་། མ་འཚོགས་པ་མེད་པ། དེ་དག་བློ་ཡིས་བླངས་ནས་འཁོར་གསུམ་དག་པའི་འགྲོན་ལ་ཕུལ་བས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པར་གྱུར་ནས་བླ་མེད་རྫོགས་བྱང་གི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག།

ལེགས་བྱས་དག་གཙང་སེམས་ཀྱི་རི་མོ་ལས།།

འཕྲོས་པའི་རྣམ་དག་འདབ་མ་རབ་བཞད་པས།།

འགྲོ་བའི་བདེ་བ་གསོ་སུ་སྨིན་པའི་སླད།།

དམིགས་མེད་ཤེས་རབ་ཡངས་པའི་ཀློང་དུ་བསྔོ།།

འདི་སྦྱར་ལས་བྱུང་དགེ་འབྲས་མཆིས་སྲིད་ཚེ།།

མཐའ་ཀླས་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན།།

ལས་ཉོན་བདག་འཛིན་སྡུག་བསྔལ་ཀུན་བྲལ་ནས།།

བླ་མེད་ས་གསུམ་ཀློང་དུ་བསྐྱོད་གྱུར་ཅིག། ཐ་ཚན་མུ་ཙུག་སྨར་རོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *