མཉམ་མེད་དུས་མཆོད་ཀྱི་ཕན་འགྱུར།

རྩོམ་ཡིག་འདི་ཐེངས། 1584 བཀླགས་འདུག

FullSizeRenderསྤྱིར་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་འབུམ་འགྱུར་རེ་ཡོད་ཀྱང་། ལྷག་པར་རྗེ་རིན་པོ་ཆེའི་དུས་ཆེན་འདི་ཉིན། དགེ་སྡིག་གང་བྱས་ཀྱང་། འབུམ་ཕྲག་གཅིག་དང་ཁྲི་ཕྲག་རེའི་འགྱུར་ཡོད་པས། དེས་ན་འདི་ཉིན། མར་མེ་གཅིག་ཕུལ་ཀྱང་། མར་མེ་འབུམ་ཕྲག་གཅིག་དང་། ཁྲི་ཕྲག་གཅིག་ཕུལ་བའི་ཕན་ཡོན་ཡོད་པ་དང་། མ་ཏྲི་སྙིང་པོ་གཅིག་བཏོན་ཀྱང་། སྙིང་པོ་འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཅིག་བཏོན་པའི་ཕན་ཡོན་ཡོད་ཅིང་། གཞན་ཡང་དགེ་སྡིག་གང་བྱས་ཀྱང་། འགྱུར་ཆེ་དེ་ལྟར་ཡོད་པས། ཉོན་མོངས་ལས་དང་ལེ་ལོའི་དབང་དུ་མ་སོང་བར། རང་ཡང་དགེ་སྦྱོར་ལ་བརྩོན་པ་དང་། གཞན་ལའང་དགེ་བའི་བསྐུལ་མ་མཛད་པ་ཐུགས་ལ་འཇགས་དགོས་ཏེ། གསང་སྔགས་རྫོགས་འཕྲང་གནད་ཀྱི་ལྡེ་མིག་ལས། ཁྱད་པར་རྫོགས་པའི་སངས་རྒྱས་ཀྱི། དུས་ཆེན་བཞི་ལ་འབུམ་འགྱུར་དང་། མཆོག་ཆེན་བླ་མ་དགེ་བཤེས་ཀྱི། དུས་ཆེན་རྣམས་ལ་ཁྲི་འགྱུར་རོ། ཞེས་དང་། དུས་ཆེན་འདི་ཉིད་རྗེ་རིན་པོ་ཆེས་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་ཏེ་གདུལ་བྱའི་ཞིང་ཁམས་སུ་འབྱོན་པར་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ལ་ཞལ་གྱིས་བཞེས་པའི་བསླུ་མེད་དུ་ཡིད་ཆེས་པར་བྱ་དགོས་ཏེ། ལུང་ལས། རི་རབ་གཞན་དུ་འཕོ་བ་དང་། རྒྱ་མཚོ་ཆེན་པོ་འཁྱོལ་བ་དང་། ཉི་ཟླ་ཐང་ལ་འགྲོ་ཡང་སྲིད། གཡུང་དྲུང་བོན་གྱིས་བསླུ་མི་སྲིད། ཅེས་གསུངས་པའི་ཕྱིར་རོ།། ཞེས་པའི་ཚུལ་འདི་ནི་དད་ལྡན་དགེ་ལ་བསྐུལ་ཞིང་། ཐར་པར་གྲོལ་བའི་ཆེད་དུ་དམིགས་ནས། སྒོ་རིགས་ཀྱི་མཁན་མིང་བ་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོར་འབོད་པས། རབ་ཡིད་ཆེས་ཞི་བ་ཞེས་པ། ས་བྱ་ལོའི་སྨིན་དྲུག་ཟླ་ཚེས་བཟང་པོ་ལ། བཤད་སྒྲུབ་བསྟན་པའི་འབྱུང་ནས་བཀྲ་ཤིས་སྨན་རིའི་བླ་བྲང་དུ་བྲིས་པ་དགེ་ལེགས་ཡོངས་ཁྱབ་དགེ་སྟོབས་རྒྱ་ཆེར་འགྲུབ་གྱུར་ཅིག དགེའོ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *