ཧོར་ཟླ་དང་པོའི་ལོ་སར་གྱི་སྐོར།

རྩོམ་ཡིག་འདི་ཐེངས། 810 བཀླགས་འདུག

རང་རེའི་ཁ་བ་ལྗོངས་ཀྱི་ཡུལ་འདིར་གནའ་དེང་ལོ་སར་གཏོང་སྲོལ་མི་འདྲ་བ་འགའ་འདུག  ཡིན་ཡང་གནའ་བོའི་དུས་སུ་བོད་ཀྱི་ལྷོ་རྒྱུད་ཕྱོགས་སུ་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་། དབྱར་དགུན་གཉིས་ཀྱི་དབྱེ་མཚམས་འཛིན་ཏེ། དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་བྱུང་བ་དེ་ནི་བོད་ཀྱི་ལོ་གསར་གཏོང་སྲོལ་ཐོག་མ་དེ་ཡིན་པར་བཤད། དེ་ལ་སོ་ནམ་ལོ་སར་རམ་འབྲུ་མ་རྨོས་ལོ་སར་ཡང་ཟེར། དུས་ཚོད་ནི་ད་སྐབས་ཀྱི་ཧོར་ཟླ་བཅུ་གཉིས་པར་ཁེལ་གྱི་ཡོད། འབྲུ་མ་རྨོས་ལོ་སར་གཏོང་མཁན་ཁམས་དང་ཨ་མདོ། མངའ་རིས། ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་བོད་རིགས་ཀྱི་ས་ཁུལ་འགའ་ཤས་ཤིག་ནང་རྒྱུད་འཛིན་བྱེད་མཁན་འདུག  ཕྱི་ནང་དུ་གནས་པའི་བོད་རིགས་མང་ཤོས་ཞིག་གིས་ཧོར་ཟླ་དང་པོའི་ནང་ལོ་གསར་གཏོང་གི་འདུག  དེ་དག་གིས་ཧོར་ཟླ་དང་པོའི་དགའ་སྟོན་ལ་རོལ་བའི་རེ་སྒུག་ཆེན་པོ་ཞིག་བྱེད་སྲོལ་ཡོད་ཀྱང་།  ཧོར་ཟླ་དང་པོའི་ལོ་སར་དེའི་ནང་དོན་རྟོགས་མཁན་ཧ་ཅང་ཉུང་།  མི་མང་པོ་ཞིག་གིས་ཧོར་ཟླ་དང་པོ་འདི་བོད་ཀྱི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ཤག་བྱེད་ཀྱི་འདུག  དེ་ལ་རེ་སྒུག་དང་གྲ་སྒྲིག་རྒྱས་བཤམས་སོགས་བྱེད་པར་རྒན་གཞོན་ཆུང་གསུམ་ཚང་མ་དགའ་སྤྲོས་ངང་བྲེལ་བྲེལ་ཚུབ་ཚུབ་ཀྱིས་ཟླ་ཕྱེད་ཙམ་འདས་ཀྱི་ཡོད།  ཁྱེད་རྣམས་པས་ཧོར་ཟླ་དང་པོའི་ལོ་སར་ལ་དགའ་དགོས་པའི་རྒྱུ་མཚན་ཨེ་ཤེས།  ཡང་ན་རྨོངས་དད་ཀྱི་མུན་ཁྲོད་དུ་ལོང་འགྲོས་བྱེད་ཀྱི་ཡོད།  ཡང་ན་ཤེས་བཞིན་དུ་བོད་ཡུལ་ཁྲག་ལ་སྦྱོར་ཅིང་ཕ་མེས་དམར་གསོད་བྱས་པའི་དུས་ངན་གྱི་དུས་ཚིགས་ལ་དགའ་སྟོན་བྱེད་ཀྱི་ཡོད།  ཧོར་ཟླ་ཟེར་བའི་ཟླ་བ་འདི་བོད་མི་རིགས་ལ་མཚོན་ན་ལྟས་ངན་པ་དང་ཡིད་སྐྱོ་དགོས་པའི་དུས་ཚེས་ཞིག་རེད།  སྤྱི་ལོ་༨༤༡ ལྕགས་བྱ་ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་འུ་དུམ་བཙན་པོ་ལྐོག་མདའ་བརྒྱབ་ནས་བཀྲོངས།  དེ་ནས་བཟུང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་གྱུར་ནས་བོད་ཁམས་སིལ་བུར་འཐོར།  དེ་ནས་ལོ་༣༧༥་ཡི་རྗེས་སུ་ཧོར་དམག་གིས་བོད་ལ་ཟ་ཁ་གཏད་ནས་བཀྲ་མི་ཤིས་པའི་དུས་ཚིགས་དེ་འགོ་ཚུག་པ་རེད།  གུ་ཤྲི་བློ་བཟང་ཚེ་དཔལ་གྱིས་མཛད་པའི {{ ཧོར་ཆོས་འབྱུང་ལས}}བོད་ཀྱི་ཤར་ཕྱོགས་ས་ཁུལ་ཁམས་མི་ཉག་གི་ཡུལ་དུ།  ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་རང་ལོ་ང་ལྔ་རབ་བྱུང་བཞི་པའི་མེ་བྱི་༡༢༡༦་ལོའི་རྒྱ་རྩིས་དཔྱིད་ཟླ་ར་བ་སྟག་གི་ཟླ་བ་སྟེ་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་མི་ཉག་གི་ཡུལ་དུ་དམག་དྲངས་ནས་དེའི་དུས་སྐབས་དེར་བོད་མི་དམར་གསོད་ཚད་ལས་བརྒལ་བ་བཏང་ཞིང། བོད་ཡུལ་དམར་གསོད་ཆེན་མོའི་དུས་སྐབས་ཡང་ཟེར། རབ་བྱུང་བཞི་པའི་མེ་ཕག་༡༢༢༧་ལོའི་རྒྱ་རྩིས་དཔྱིད་ཐ་འབྲུག་གི་ཟླ་བ་སྟེ་ཟླ་བ་གསུམ་པའི་ནང་མི་ཉག་གི་རྒྱལ་ཐོག་དགུ་པ་རྡོ་རྗེ་དཔལ་ལམ་སོག་སྐད་དུ་ཐོ་ཅེལ་ཞི་དུར་གུ་ཏ་གན་ཟེར་བ་བསད་ནས་ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་བརྩིས་ཏེ་ལོ་འགོར་བསྒྱུར་བ་ནས་བཟུང་ཧོར་ཡུལ་དུ་ལོ་འགོ་དེ་ལ་ལོ་གསར་གཏོང་སྲོལ་བྱུང་བ་རེད།  མི་ཉག་རྒྱལ་པོའི་རྒྱལ་ས་ཐ་མ་ནི་ལྒ་ཅུ་སྔོན་མདོ་ཡིན།   ཆུ་ལ་མི་ཉག་སྐད་དུ་སུ་ཅུ་ཟེར།   ཆུ་བོ་འདུས་མདོ་ལ་ཅུ་སྔོན་མདོ་ཞེས་པ་དང་ད་ལྟ་ཁམས་མི་ཉག་ལ་མང་པོ་ཡོད།   ལྒ་ནི་བོད་ཀྱི་རུས་ཆེན་ལྒ་ལས་མཆེད་པའི་མི་ཉག་གིས་ཡུན་རིང་བཟུང་བའི་ཡུལ་ལ་རུས་མིང་གིས་དེ་སྐད་གྲགས།   མདོ་སྟོད་ཁམས་ཀྱི་མི་ཉག་རྒྱལ་པོའི་རྒྱལ་ས་ནི་དར་རྩི་མདོ་སྟེ།   མི་ཉག་སྐད་དུ་དར་ནི་གོས་དར་དང་རྩི་ནི་སྨན་གྱི་དོན་ཡིན་པས།   རྒྱ་བོད་བར་གོས་དར་དང་སྨན་རྩྭ་བརྗེ་རེས་བྱ་བའི་མདོ་ཡིན་པས་དེ་སྐད་གྲགས།   {{དུང་དཀར་ཚིག་མཛོད་ལས།}} དེ་རྗེས་སྤྱི་ལོ་༡༢༤༠་ལོར་སོག་པོའི་རྒྱལ་པོ་གོ་དན་གྱིས་བློན་པོ་དོར་ལྟ་ནག་པོ་བོད་དུ་མངགས་ཏེ། མདོ་སྟོད་དང་། མདོ་སྨད། སོག་ཆུ་ཁ་རྣམས་སུ་ཡོད་པའི་བོད་མི་མཐོང་ཚད་བསད་པ་དང་། ཁང་བ་མེར་བསྲེགས་པ།  རྒྱུ་ནོར་འཕྲོག་པ་སོགས་བསྲེགས་གསོད་འཕྲོག་གསུམ་བྱེད་བཞིན་དབུས་གཙང་དུ་ཐོན་ཏེ་རྭ་སྒྲེང་དགོན་པར་གནོད་པ་ཚབ་ཆེན་བཟོས། འཕན་རྒྱལ་ལྷ་ཁང་མེརབསྲེགས། ཉིན་གཅིག་ལ་གྲྭ་བ་ལྔ་བརྒྱ་ལྷག་དམར་གསོད་ཆེན་པོ་བྱས་པ་དང་།  ཁྱུང་རབ་གསེར་སྒམ་མ་ལས།  སྔོན་ཚེ་སྟོང་རྒྱུང་(གིས་)ཀླུ་སྲིན་བསྒྲལ་བའི་རྣམ་ཤེས་སོག་པོའི་མི་ཆེན་(དོར་ཏོ་)དོར་ཏ་དང་(ཡེ་ཏོར་)ཡེ་ཏར་གཉིས་སུ་སྐྱེས། སྟོང་རྒྱུང་སྐུ་གཉིས་སྣང་དུ་ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་ལ་སྲོག་གི་ལན་ཆགས་ཡོད་པ་ཞེས་གསལ་འདུག་པས།  སོག་དཔོན་དོར་ཏོ་དང་ཡེ་ཏོར་གཉིས་སྔོན་སྟོང་རྒྱུང་གི་དུས་སུ་ཀླུ་སྲིན་གདུག་པ་ཅན་དགེ་ལ་བར་ཆོད་བྱེད་མཁན་ཞིག་སྟོང་རྒྱུང་གིས་བསྒྲལ་བས་སྨོན་ལམ་ལོག་པ་བོར་སྐྱེན་རྗེས་སུ་སྲོག་ལན་བསྙེགས་ཡོད་ཚུལ་གསུང་འདུག། ཡིན་ཡང་སོག་པོས་ཁྱུང་པོའི་བླ་དཔོན་རྣམ་གཏོར་ཚུལ་གསེར་སྒམ་མ་ལས། དེ་སྔོན་སོག་པོས་ཁྱུང་པོའི་མངའ་ཁུལ་ལ་ཞིང་འབྲོག་ཐོན་རྫས་རྟ་ནོར་མི་རྒྱུ་སོགས་ཁྲལ་དང་འུ་ལག་ཤུགས་ཆེན་བསྐུལ་བ་ཁ་ཤས་མ་འབྱོར། ཁོང་ཁྲོ་བ་དང་ཁྱུང་པོའི་མངའ་ཐང་རྒྱས་པ་རྩ་མེད་བཟོ་འདོད་སྔར་ནས་ཡོད་པའི་རྐྱེན་བྱས། ད་ལྟ་དེ་རྙེད་ནས་སོག་པོའི་དམག་དཔོན་དོར་ཏོ་དང་ཡེ་ཏོར་གྱིས་དམག་ཕོན་ཆེན་བཏང་ནས་ཁྱུང་དཔོན་དགེ་དང་དཔོན་དབུས་མཐའ་བསྐོར་ནས་ཞི་ཐབས་དང་ནང་གྲོས་བཤགས་པ་སོགས་གོང་ལ་ངོ་མ་བལྟས་པར་བགྲོངས། ཁོང་གཉིས་བགྲོངས་པའི་ནང་མོ་རྒྱ་ཚ་སྤུན་དྲུག་(གི)ཆུང་བ་སྟོན་འབར་སྲས་གཡོག་མོ་ནང་ཆེན་ཨ་མཚོ་བཟའ་ལ་ཆུ་རྟ་ལོར་ནང་ཆེན་གྲགས་པ་རྒྱལ་མཚན་འཁྲུངས། ཁྱུང་པོ་ཚོ་གཅིག་གིས་ཁུར་ནས་ནང་ཆེན་ལ་བྲོས། སྟོན་འབར་སྲས་ཁྱུང་རྒྱལ་དང་བསོད་འབར་སོགས་ཁྱུང་པོ་མང་རབས་གཅིག་འབྲི་གུང་ཅུང་རིན་པོ་ཆེར་སྐྱབས་བཅོལ་བར་བྲོས། ཡང་སོག་པོའི་དམག་ཚན་ཆེ་བ་གཅིག་གིས་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་དེད་ཞེས་གསལ་འདུག་པས།  ང་ཚོའི་བོན་གྱི་བསྟན་པ་ལ་ཡང་གནོད་ཚབ་ཆེན་པོ་བཟོས་ཡོད་འདུག  བོད་ཁམས་ཡོངས་སུ་དགོན་པ་དང་སྡེ་གྲོང་ཧ་ཅང་མང་པོ་བསྲེགས་གཏོར་དང་སྐྱ་སེར་རྒན་གཞོན་བྱིས་པ་དང་བཅས་པ་བསྲེགས་གཏུབས་ཀྱི་བོད་ཡུལ་ཕྱེད་བརླགས་སུ་བཏང་ནས་ཡ་ང་བའི་གནས་སྟངས་དེའི་ནང།  སྡོད་གནས་ཀྱི་མཁར་དང་འཚོ་རྟེན་གྱི་ས་ཞིང་ཕྱུགས་སོགས་ཚང་མ་ལ་ཧོར་དམག་གིས་འཇིགས་པ་བྱུང་ནས་མུ་གེ་ཆེན་མོ་ཤར་ཞིང་མི་རྣམས་ཀྱིས་སོག་ཚིག་དང་ཀོ་བ་སོགས་ཟ་དགོས་པའི་གནས་སྟངས་སུ་གྱུར་འདུག  དེ་རྗེས་ཡང་བསྐྱར་སོག་དམག་གིས་བོད་ཡུལ་ལ་གོད་ཆག་ཆེན་པོ་བཟོ་འགོ་བརྩམ་སྟེ།  དགེ་ལུགས་པ་དང་དེའི་ཕྱོགས་གཏོགས་དག་གིས་བོན་ལུགས་འཛིན་པ་རྣམས་སྡང་ཟུག་ཆེན་པོ་བཅང་གི་ཡོད།  དཔེར་ན་དེ་སྐབས་མདོ་སྟོད་ཕལ་ཆེ་བ་སྔོན་བོན་ལུགས་འཛིན་མཁན་ཁོ་ན་ཡིན་ཡང་།  དགེ་ལུགས་པའི་གཙོ་བོ་གོང་ས་ལྔ་པ་དང་སོག་རྒྱལ་གུ་ཤི་ཁང་གཉིས་མཉམ་འབྲེལ་ཐོག  ས་ཡོས་སྤྱི་ལོ་ ༡༦༣༩་ལོའི་ཧོར་ཟླ་ལྔ་པའི་ནང་དུ་དཔུང་ཚོགས་དང་བཅས་པ་བེ་རིའི་སྟེང་དུ་བྱོན་ནས་མངའ་འབངས་ཕལ་ཆེར་བླངས། བེ་རི་རྒྱལ་པོ་ཕྱོགས་གཞན་དུ་བྲོས། ལྕགས་འབྲུག་སྤྱི་ལོ་༡༦༤༠་ལོའི་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་ལ་བཟུང་སྟེ་ཁྲི་མོན་དུ་བཅུག་ཅེས་བཙོན་དུ་བཅུགས་ནས་མདོ་སྟོད་མང་ཆེ་བ་དགེ་ལུགས་པར་བསྒྱུར་ཡོད་བཟོ་འདུག   ད་རུང་བར་མ་ཆད་པར་བོན་པོའི་ལུགས་འཛིན་པ་ལ་རྣམས་ལ་གནོད་སྐྱོན་ཚད་མེད་གཏོང་སྟེ་ལྷ་སའི་ནང་དུ་ཡང་གོད་ཆག་དེ་སླེབ་ཡོད་འདུག  ཁྱད་པར་དུ་ལོ་རྒྱུས་སྨྲ་བའི་དབང་པོ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ཚིག་མཛོད་ཆེན་མོ་ལས། “ཞང་སྟོན་མཆོད་ཁང་། སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ཁོངས་ཞང་སྟོན་གྲོང་ཚོའི་ལྷོ་ངོས་རི་ལྡེབས་སུ་མཆོད་ཁང་ཞེས་པའི་གྱང་རོ་ཆེན་པོ་ཞིག་ཡོད་པ་དེ་ནི་གནའ་དུས་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུས་(རྨེའུས)ཕྱག་བཏབ་པའི་སྟོད་ལུང་ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་ཡིན། ཞེས་གསལ་འདུག  སྟོད་ལུང་འབྲི་ལུང་དགོན་འདི་ལོ་རྒྱུས་རིང་བའི་དབང་དུ་བྱས་ན་ཐོག་མར་གཉའ་ཁྲི་བཙན་པོའི་དུས་སྐབས་སུ་ཕྱག་བཏབ་པ་ཞིག་ཡིན་འདུག

སྤྱི་ལོ་༡༦༥༢་ལོར་རྒྱལ་དབང་མཆོག་རྒྱལ་ས་པེ་ཅིང་དུ་ཆིབས་བསྒྱུར་གནང་སྐབས་འབྲས་སྤུངས་ནས་འགོ་བཙུགས་ཏེ་སྟོད་ལུང་བདེ་ཆེན་རྫོང་བརྒྱུད་ནས་ཕེབས། སྟོད་ལུང་དུ་ཡོད་པའི་ས་ཁུལ་ཞང་སྟོན་ཞེས་པར་སྐུ་འཚོ་བ་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཉིད་རྒྱལ་དབང་མཆོག་ལ་ཕེབས་སྐྱེལ་ཞུས་པར་ཕེབས། འདིའི་སྐོར་རང་རྣམ་དུ་༼ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་བི་རིའི་བླ་མ་དང་མག་པར་སོང་བས་རྒྱལ་བོ་ཡབ་སྲས་རྣམས་མི་དགྱེས་པའི་གཟིགས་ཕྱོགས་ལོག་པ་འདུག་པར་འཇིགས་པ་ལས་སྐྱབས་ཤིང་བསྙེན་རྫོགས་སུ་བསྒྲུབས་མཚན་ངག་དབང་ཚུལ་ཁྲིམས་གྲགས་པར་བཏགས།༽ཞེས་གསུངས།  འདིར་རྒྱལ་པོ་ཡབ་སྲས་ཞེས་པའི་རྒྱལ་པོ་ནི་སོག་པོ་གུ་ཤྲི་ཁན་བསྟན་འཛིན་ཆོས་རྒྱལ་ཡིན། འདིའི་ཚིག་ཟིན་དུ་མག་པ་ཞེས་འབྱུང་བས་ཞང་སྟོན་གྱི་གསང་ཡུམ་དེ་བེ་རིའི་རྒྱལ་བོ་དོན་ཡོད་ཀྱི་སྐུ་སྲིང་ངམ་སྲས་མོ་ཞིག་ཡིན་པར་ངེས། དེ་བཞིན་ཁོང་བེ་རིའི་རྒྱལ་པོའི་བླ་མ་ཞིག་ཡིན་པ་ཡང་གསལ། ཞང་སྟོན་གྱིས་རྒྱལ་དབང་མཆོག་གི་སྐུ་མདུན་དུ་བསྙེན་རྫོགས་བསྒྲུབས་མཚན་ངག་དབང་ཚུལ་ཁྲིམས་བཏགས་ཞེས།  ཞེས་གསུངས་པ་འདིའི་ཤུགས་བསྟན་དུ་གོང་ས་ལྔ་པས་ཆབ་སྲིད་ཀྱི་གཡོ་ཇུས་འོག་གུ་ཤི་ཁང་དང་གོང་ས་ལྔ་པ་གཉིས་ཞི་དྲག་ཟུང་འབྲེལ་གྱི་ཐོག་ཞང་སྟོན་ཉིད་ཀྱི་མིང་ངག་དབང་ཚུལ་ཁྲིམས་ཞེས་བསྒྱུར་ནས་སྟོད་ལུང་འབྲི་ལུང་དགོན་པ་དུས་དེ་ནས་དགེ་ལུགས་པར་བསྒྱུར་ཡོད་བཟོ་འདུག སྟོད་ལུང་བདེ་ཆེན་རྫོང་ཁུང་དུ་གྲོང་ཚོ་ཞང་སྟོན་ཞེས་པ་ཡོད་པ་དང་དེར་རྨེའུ་བརྒྱུད་འཛིན་པ་ཞིག་གིས་བཏབ་པའི་ཞང་སྟོན་འཕགས་པའི་གདན་ས་ཞེས་གྲགས་པ་ཡོད་ཅེས་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཁོང་གི་ཚིག་མཛོད་དུ་གསུངས།  ང་ཚོའི་བོད་ཡུལ་འདིར་སོག་དམག་གིས་སྔ་ཕྱི་བར་གསུམ་སྤྱིར་སངས་རྒྱས་ཀྱི་བསྟན་པ་གཏོར།  སྒོས་སུ་བོད་འབངས་ཡོངས་ལ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར་གསོད་འཕྲོག་རྡུང་གསུམ་གྱིས་བོད་ཡུལ་རྩ་བརླག་གཏོང་ལ་ཉེ་བར་བྱས་རུང།  ད་རུང་ང་ཚོའི་སོག་པོའི་ལོ་སར་ལ་སྲུང་བརྩི་ཞུ་ནས་བཀྲ་ཤིས་པའི་དུས་ཚིགས་ཁྱད་པར་བ་ཞིག་ལ་བརྩི་བཞིན་ཡོད།  དེའི་རྒྱུད་རིམ་ནི་སྤྱི་ལོ་ ༡༢༥༣ ལོར་ཀུབ་ལའི་ཁཱང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཆོལ་ཁ་གསུམ་མངའ་རིས་དང་བཅས་པ་ཕུལ་རྗེས་བོད་དུ་ས་སྐྱས་དབང་བསྒྱུར་བྱས་པ་ནས་བཟུང་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་བརྩི་དགོས་པའི་བཀའ་ཕབ་སྟེ་བོད་ཀྱི་ལོ་སར་ཧོར་ལུགས་ལྟར་གཏོང་སྲོལ་འདི་བྱུང་བ་ཡིན།  བོད་དབུས་གཙང་སོགས་ས་ཁུལ་མང་ཆེ་བར་ཧོར་ཟླ་དང་པོ་ལ་ལོ་འགོ་བཟུང་ནས་ལོ་སར་གཏོང་སྲོལ་ཡོད།  དེ་ནས་བཟུང་རིམ་བཞིན་མདོ་དབུས་ཁམས་གསུམ་ས་ཁུལ་མང་ཆེ་བའི་ནང་ཧོར་ཟླ་དང་པོ་ལ་ལོ་སར་གཏོང་སྲོལ་གྱི་གཤིས་ངན་རྒྱུན་འབྱམས་སུ་སོང་བ་རེད།  དུས་ཡུན་གང་མཚམས་སོང་རྗེས་ཧོར་ཟླ་དང་པོའི་ལོ་སར་འདིས་བྱུང་རིམ་བོད་མི་མང་པོ་ཞིག་གིས་ཤེས་ཀྱི་མེད།  ཡག་ཉེས་ཀྱི་ལོ་རྒྱུས་ཅི་ཡང་ཧ་མི་གོ་བར་རྨོངས་འགྲོས་ཀྱིས་ཧོར་ཟླ་དང་པོ་འདི་བཀྲ་ཤིས་པའི་དུས་ཚིགས་ཞིག་ལ་ངོས་འཛིན་བྱེད་མཁན་ཡང་མང་པོ་འདུག  ཧོར་ཟླ་དང་པོ་འདི་བཀྲ་ཤིས་པའི་དུས་བཟང་ཞིག་མ་རེད་།  བོད་ཡུལ་ལ་སོག་པོས་ཁྲག་གི་འཁོར་ལོ་བསྐོར་ནས་བོད་ཤར་ཕྱོགས་ཀྱི་མངའ་སྡེ་ཞིག་བཅོམས་ཤིང་ཁོ་ཚོ་ལ་རྒྱལ་ཁ་ཐོབ་པའི་དགའ་སྟོན་རྟེན་འབྲེལ་བྱས་པའི་ཉིན་མོ་ཞིག་རེད།  དེ་ང་ཚོ་བོད་པ་ཚང་ལ་མཚོན་ན་ལྟས་ངན་གྱི་དུས་ངན་ཞིག་ལས་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་ཞིག་མ་རེད།  ལེགས་ཉེས་མི་ཤེས་པའི་བོད་མི་འདི་དག་ལ་བདག་གིས་བསམ་དཀར་གྱི་དགྲ་གྲོགས་ལེགས་ཉེས་མི་འཛུལ་བའི་ཕྱིར་དུ་བྲིས་པ་ཡིན།  དྲ་མིང་ཁ་བའི་ཡུལ་གྱར་བའམ་དངོས་མིང་གཡུང་དྲུང་བློ་གྲོས་ཀྱིས་སྤྱི་ལོ་༢༠༡༥་ལོའི་ཟླ་བ་༢་པའི་ཚེས་༥་ཉིན་བྲིས། །

pastedGraphic.pdf

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *