སྐྱབས་འགྲོའི་རྣམ་བཤད་དང་དེ་ལས་ཟུར་འཕྲོས་འགའ་ཞིག

རྩོམ་ཡིག་འདི་ཐེངས། 891 བཀླགས་འདུག

Refuge_Treeདང་པོ་སྐྱབས་སུ་འགྲོ་བར་བྱེད་པ་ལ་”སྐྱབས་འགྲོ་”ཞེས་པའི་ཚིག་འབྲུ་གཉིས་ལ་གོ་བ་མ་ནོར་ཞིག་ལེན་རྒྱུ་ཧ་ཅང་གལ་ཆེན་ཡིན། དང་པོ་ཚིག་འབྲུ་གཉིས་པོའི་ངོ་གདོང་གཅིག་པུར་བསམ་ན་རང་གིས་མི་ནུས་པ་ཞིག་གཞན་ལ་བཅོལ་བའམ་གཞན་ཞིག་ལ་སྐྱབས་སུ་འཚོལ་བའི་དོན་ཡིན་ཡང་། བོན་གྱི་དཔེ་གཞུང་དག་ལས་གསལ་བའི་”སྐྱབས་འགྲོ་”ཞེས་པའི་ནི་ནང་དོན་དངོས་ནི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་དམིགས་ནས་དེ་དག་བྲལ་བའི་ཆེད་དུ་དཀོན་མཆོག་ལ་རེ་བ་བཅོལ་བའི་དོན་ཡིན། ལམ་རིམ་སུམ་བརྒྱ་པ་ལས། ལུས་ཅན་གང་ཞིག་སྡུག་བསྔལ་མཐོང་བ་ཡི། །སྡུག་བསྔལ་དེ་ལས་”སྐྱོབས་”སྐྱོབ་པར་འདོད་པའི་བློས། །སྐྱབས་གནས་ཁྱད་པར་འདོད་པ་སངས་རྒྱས་སོ། །ནུས་པའི་ཡོན་ཏན་ངེས་པར་སྐྱབས་སུ་འཛིན། །ཞེས་དང་། གཞན་ཡང་ལམ་རིམ་ལས། ཁས་དམན་པོ་ལ་དགྲ་བྱུང་ན། ། རྗེ་དཔོན་མྱུར་དུ་འཚོལ་བ་ལྟར། །འཁོར་བའི་འཇིགས་ལས་སྐྱོབས་འདོད་ན། །རིན་ཆེན་གསུམ་ལ་སྐྱབས་ཚོལ་ཞིག །ཅེས་གསུངས་སོ། །དེ་ལྟ་བུའི་སྐྱབས་འགྲོའི་ཉམས་ལེན་ཡང་དག་པ་ཞིག་རྒྱུད་ལ་སྐྱེ་བར་བྱེད་པ་ལ་རྩ་བའི་དོན་གནད་ཁག་གཉིས་ངེས་པར་དུ་མཁྱེན་དགོས་པ་ཡིན།

/

   ༡༽དང་པོ་དཀོན་མཆོག་གསུམ་ངོས་འཛིན་ཡང་དག་པ་ཞིག་བྱེད་ཤེས་དགོས་པ་དང་། ༢༽གཉིས་པ་རང་གི་སེམས་རྒྱུད་ཀྱི་སྡུག་བསྔལ་དག་སྡུག་བསྔལ་ཡིན་པ་ངོས་ཟིན་པའི་ཐོག་དེ་དག་ལ་སྐྲག་ཤེས་དགོས་པ་ཡིན། ༡༽དང་པོ་དཀོན་མཆོག་གསུམ་ནི། སངས་རྒྱས་དཀོན་མཆོག་དང་། བོན་དཀོན་མཆོག གཤེན་རབ་དཀོན་མཆོག་གསུམ་ལ་དཀོན་མཆོག་གསུམ་ཟེར་ཞིང་དེའི་སྟེང་དུ་བླ་མ་དཀོན་མཆོག་བསྣན་པས་ཡུལ་མཆོག་གནས་བཞིའང་ཟེར། དང་པོ་སངས་རྒྱས་དཀོན་མཆོག་ནི་མ་དག་པའི་ཉེས་སྤྱོད་ལ་སོགས་སྒྲིབ་གཉིས་བག་ཆགས་དང་བཅས་པ“སངས”ཞིང་མཁྱེན་རྟོགས་ཀྱི་ཡོན་ཏན་ཡོངས་སུ“རྒྱས”པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སྤངས་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པ་ཞིག་ལ་སངས་རྒྱས་དཀོན་མཆོག་ཟེར། ལུང་ལས། ཉིན་སྐར་ལྟ་བུ་ཐུགས་རྗེའི་འབྱུང་གནས་དཀོན། ཐར་ལམ་བདེ་འབྱེད་ས་མཁན་ལམ་པའི་མཆོག འགྲོ་བའི་མགོན་སྐྱབས་དུས་གསུམ་བདེར་གཤེགས་ལ། གུས་པའི་ཕྱག་འཚལ་དངས་པས་སྐྱབས་སུ་མཆིའོ། །ཞེས་གསུངས་སོ། །

/

  དེ་ཡང་མྱི་བུ་མང་པོ་ཞིག་གིས་སངས་རྒྱས་ཟེར་ཡོང་དུས་རིག་རྒྱུ་དང་མཐོང་རྒྱུ་མེད་པའི་དངོས་མེད་སྟོང་པ་ཞིག་དང་མི་རིག་ས་དང་མི་མཐོང་ས་ཞིག་ནས་མགོན་སྐྱོབ་གནང་ཡོང་མཁན་ཞིག་ལ་དངོས་འཛིན་བྱེད་ཀྱི་ཡོད། དེ་ལྟའི་ངོས་དངོས་འཛིན་བྱེད་སྟངས་ནི་ནོར་བ་ཡིན་ནོ། །དཔེར་ན་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ལྟ་བུར་མཚོན་ནས་བཤད་ན་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་ཡིན་པའི་མ་ཚད་དུས་ཡུན་ཧ་ཅང་རིང་མོ་ཞིག་ལ་དགེ་བ་༼མདོ་ལས། གྲངས་མེད་ཚོགས་བསག་གྲངས་མེད་སྒྲིབ་པ་སྦྱངས། མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་ནས། ཞེས་གསུངས་སོ།།༽ཡང་དག་བྱེད་པའི་ཉེར་ལེན་ལས་མཐར་སངས་རྒྱས་ནས་འགྲོ་བའི་དོན་མཛད་པ་མ་གཏོགས་སངས་རྒྱས་ཟེར་དུས་ནམ་མཁའ་ལ་གཞའ་ཡལ་བ་ནང་བཞིན་ནམ་མཁའ་སྟོང་པའི་ངང་ལ་དག་འགྲོ་བ་ཞིག་གཏན་ནས་མ་ཡིན་ནོ། །དེའི་ཕྱིར་སངས་རྒྱར་ཟེར་བའི་ཚིག་འབྲུ་གཉིས་པོའི་ཐོག་ནས་སངས་རྒྱས་ངོས་འཛིན་ཡང་དག་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན།

/

   གཉིས་པ་བོན་དཀོན་མཆོག་ནི་ཉེས་སྤྱོད་ཀྱི་སྐྱོན་གྱིས་དབེན་པའི་སངས་རྒྱས་ཀྱིས་གསུངས་པའི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསུམ་ལ་སོགས་གྲུབ་བརྙེས་གོང་མ་རྣམས་ཀྱིས་གསུངས་པའི་བཀའ་བརྟེན་གླེགས་བམ་སྟོང་ཕྲག་ལས་བརྒལ་བ་སོགས་དང་མདོར་ན་ལུང་རྟོགས་གང་རུང་གིས་བསྡུས་པའི་བོན་ཡོད་དོ་ཅོག་བོན་དཀོན་མཆོག་ཡིན་ནོ། ལུང་ལས། གཞའ་ཚོན་ལྟ་བུ་སྣང་སྲིད་རྒྱན་དུ་དཀོན། ལྐུགས་པ་ཁ་འབྱེད་གྲོལ་བའི་ལྗགས་ཀྱི་མཆོག བསྟན་པའི་རྒྱལ་མཚན་སྐུ་གདུང་གསུང་རབ་ལ། གུས་པའི་ཕྱག་འཚལ་དང་བའི་སྐྱབས་སུ་མཆིའོ། །ཞེས་གསུངས་སོ། །འདི་རིགས་ལ་ཡང་མ་དག་པའི་སྐྱེས་བུ་འགའ་ཞིག་གིས་གཞན་གྱི་བཤད་ཡམ་ཙམ་ལ་ཤི་འཐམ་རོ་འཐམ་བྱས་ནས་བོན་ལུགས་ལ་འཇིག་རྟེན་གྱི་ཕན་བདེ་སྒྲུབ་བྱེད་ཀྱི་གཏོ་ཆོག་ཙམ་ལས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བསྟན་པའི་གཞུང་ལུགས་ཚད་ལྡན་ཞིག་མེད་པར་སྨྲ་བ་དེ་ནི་བོན་གྱི་གཞུང་ལུགས་ལ་མ་བརྟག་མ་དཔྱད་པའི་རང་མཚང་ངོམ་པ་ཙམ་ལས་གང་ཡང་མ་ཡིན་ནོ། །དེའི་ཕྱིར་གཞན་གྱི་བཤད་རྒྱུན་ཙམ་ལ་མི་འཐམ་པར་རང་སྟེང་ནས་ངེས་ཤེས་རེ་རྙེད་རྒྱུ་ཧ་ཅང་གལ་ཆེན་མཐོང་། རྒྱུ་མཚན་ནི་བོན་གྱི་གཞུང་ལུགས་ནི་བོད་ཀྱི་གཞུང་ལུགས་ཡིན་པའི་མ་ཚད་བོད་ཀྱི་ཆབ་དཔལ་རིག་གསུམ་ཡོད་དོ་ཅོག་གི་ཕྱི་མོ་ཡིན་པས་སོ། །

/

   གསུམ་པ་གཤེན་རབ་དཀོན་མཆོག་གམ་སེམས་དཔའ་དཀོན་མཆོག་ནི་གོང་དུ་བཤད་པའི་སངས་རྒྱས་དཀོན་མཆོག་གི་རྗེས་སུ་འཇུག་ཅིང་། སངས་རྒྱས་བསྟན་པའི་རྩ་བ་༼བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་དང་གསུམ་མོ།།༽གསུམ་པ་རྣམ་པར་དག་པ་རྒྱུད་ལ་ལྡན་པའི་སྐྱེས་བུ་རྣམས་དང་། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་གཡུང་དྲུང་སེམས་དཔའ་ལ་སོགས་ས་དང་ལམ་ལ་གནས་པའི་རིག་འཛིན་སེམས་དཔའི་ཚོགས་ཐམས་ཅད་གཤེན་རབ་དཀོན་མཆོག་ཡིན་ནོ། །ལུང་ལས། ཨུ་འབར་ལྟ་བུ་དགེ་ལ་འདུན་བྱེད་དཀོན། བློ་སྒྲམ་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་མཆོག འགྲོ་བའི་འདྲེན་སྟོན་ཕྱོགས་བཅུའི་གཤེན་རབ་ལ། གུས་པའི་ཕྱག་འཚལ་དངས་བའི་སྐྱབས་སུ་མཆིའོ། །ཞེས་གསུངས་སོ། །སྤྱིར་གཤེན་རབ་དཀོན་མཆོག་ལ་ཡེ་སངས་རྒྱས་པའི་གཤེན་རབ་དང་། ཐུགས་རྗེ་སྤུལ་བའི་གཤེན་རབ་དང་། གང་ཟག་རྒྱུ་ཡི་གཤེན་རབ་སོགས་རིགས་མི་འདྲ་བ་འགའ་རེ་སྣང་ན་ཡང་མང་བར་དོགས་ནས་འདིར་མ་བྲིས་སོ། །

/

  ༧ བླ་མ་དཀོན་མཆོག་ནི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་འབྱུང་གནས་དུས་གསུམ་གཤེན་རབ་ཐམས་ཅད་ཀྱི་འབྱུང་ཁུངས་དང་། མ་དག་འཁོར་བའི་འདམ་ལ་བྱིང་བའི་སྐྱེ་བོ་རྣམས་ཡང་དག་ཐར་བའི་ལམ་ལ་དངོས་སུ་ཁྲིད་མཁན་ནམ་དངོས་སུ་དབང་ལུང་མན་གི་གདམ་པ་གནང་བའི་བླ་མ་ནི་བླ་མ་དཀོན་མཆོག་ཡིན་ནོ། །ལུང་ལས། ནོར་བུ་ལྟ་བུ་གཙུག་གི་རྒྱན་དུ་དཀོན། མ་རིག་མུན་སེལ་སྣང་གསལ་སྒྲོན་མའི་མཆོག སྐུ་གསུམ་འབྱུང་གནས་དཔོན་གསས་བླ་མ་ལ། གུས་པའི་ཕྱག་འཚལ་དང་བའི་སྐྱབས་སུ་མཆིའོ། །ཞེས་གསུངས་སོ།།

 ༢༽ གོང་གི་དོན་གནད་གཉིས་པ་རང་གི་སེམས་རྒྱུད་ཀྱི་སྡུག་བསྔལ་དག་སྡུག་བསྔལ་ཡིན་པ་ངོས་ཟིན་ཐོག་དེ་དག་ལ་སྐྲག་ཤེས་དགོས་པ་དེ་རེད། སྤྱིར་ནམ་མཁའི་ཁྱབ་པའི་ཕྱོགས་བཅུའི་ཞིང་ཁམས་ནི། རྒྱ་ཆེ་ལ་བསམ་གྱི་མི་ཁྱབ་པ་བགྲང་གིས་མི་ལང་བ་ཅིག་ཡོད་པ་དེ་ལ། བཅུད་ཀྱང་ས་ཡི་རྡུལ་ཕྲན་བཞིན་དུ་གྲངས་མང་བ་ཅིག་གནས་ཡོད་དེ། མདོ་ལས། འཇིག་རྟེན་ཁམས་ཀྱང་བསམ་ལས་འདས། །སེམས་ཅན་ལས་ཀྱང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟ་ཡིན། སྤྱིར་ནམ་མཁའི་ཁྱབ་པའི་སེམས་ཅན་ཡོད་དོ་ཅོག་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། ཡིན་ན་ཡང་བདེ་བའི་རྩ་བ་སྒྲུབ་མ་ཤེས་པར་མི་དགེ་བའི་ལས་ངན་པ་ཞར་དང་ཞོར་ལ་བསགས་ནས་སྡུག་བསྔལ་གྱི་བཙོན་རར་བཙུད་པའི་འགྲོ་བ་བསམ་ལས་འདས་པ་ཞིག་ཡོད། དེ་ཡང་ཡུལ་ཡིད་དུ་འོང་མི་འོང་དང་བར་མའི་རྣམ་པ་ལ་དམིགས་པའི་དུག་གསུམ་གྱི་དབང་གིས་མི་དགེ་བ་རྣ་ཚོགས་ཤིག་བྱུང་བའི་རྐྱེན་ལ་བརྟེན་ནས་མི་འདོད་བཞིན་དུ་མེད་པ་བཙལ་འཚོལ་དང་ཡོད་འཚོ་སྐྱོང་ལ་སོགས་སྡུག་བསྔལ་ཟུང་བཞི་ཡ་བརྒྱད་དང་། སེམས་ཅན་སྤྱི་ལ་ཁྱབ་པའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་བསམ་ལས་འདས་པ་ཞིག་ཡོད་མོད། དེ་དག་གིས་ཁ་ནང་དུ་བསྐོར་ནས་རང་རྒྱུད་ཀྱི་སྡུག་བསྔལ་དག་སྡུག་བསྔལ་ཡིན་པ་ངོས་ཟིན་ཐོག་དེ་དང་བྲལ་བའི་ཐབས་དགེ་བ་ཀུན་གྱི་རྨང་གཞི་འམ་རྩ་བ་སྐྱབས་འགྲོའི་དོན་ལ་གནས་རྒྱུ་ཧ་ཅང་གལ་ཆེན་མཐོང་ངོ།།

/

རྔ་རང་རིག་གིས་༢༠༡༦/༡/༣༡ ཉིན་བྲིས་པའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *