ཞང་ཞུང་ངོ་སྤྲོད་མདོར་བསྡུས།

རྩོམ་ཡིག་འདི་ཐེངས། 1082 བཀླགས་འདུག

klnk 88

ཞང་ཞུང་གི་ཐ་སྙད།

ཞང་ཞུང་ཞེས་བྱ་བ་འདི་གནའ་དུས་སུ་ཆེས་མིང་གྲགས་ཆེ་བའི་རྒྱལ་ཁབ་ཅིག་གི་མིང་ཡིན་ནའང་། དེའི་ཕྱིས་སུ་འགྲོ་བ་མིའི་རིགས་ཕལ་མོ་ཆེ་ལ་ཆ་རྒྱུས་དེ་ཙམ་རང་མེད་པར་མ་ཟད། ལོ་རྒྱུས་དེ་དང་ཤིན་ཏུ་འབྲེལ་ཆེ་བ་བོད་མི་ཕལ་ཆེ་བས་ཀྱང་། གནའ་དུས་ཀྱི་སྒྲུང་དུ་ཡོངས་སུ་གྲགས་པའི་ཡུལ་ཞིག་གི་མིང་ངམ། ཡང་ན་དེ་དང་འདྲ་བའི་རྒྱལ་ཁབ་ཅིག་གི་མིང་ཙམ་ཞིག་རེད་སྙམ་པ་ལས། ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་ཡུལ་སྡེའམ་རྒྱལ་ཁབ་ཅིག་གི་མིང་ཡིན་པར་ངོས་འཛིན་པའམ། དེའི་གོ་རྟོགས་ཡོད་མཁན་ཤིན་ཏུ་རྙེད་དཀའ་བ་ཞིག་ཏུ་ཆགས་ཡོད། དེ་འདྲར་ཆགས་པའི་རྒྱུ་མཚན་ནི། ཏུན་ཧོང་གི་དཔེ་རྙིང་ལས་གསལ་བར་བསྟན་པ་བཞིན། ཞང་ཞུང་གི་ཐ་མའི་རྒྱལ་བརྒྱུད་ལིག་མི་རྐྱ་རུ་གྲགས་པ་དེ། དུས་རབས་བདུན་པའི་མཇུག་ཏུ་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཅོམ་ནས། ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བསྡུས་ཚུལ་གསལ་བར་བསྟན་པའི་དུས་སྐབས་དེ་ནས་བཟུང་། བོད་མི་ཚོས་བོད་ཀྱི་ལོ་རྒྱུས་དང་། ཤེས་རིག ཆབ་སྲིད་བཅས་བའི་གོ་གནས་ཚང་མ་ཞང་ཞུང་རྣམ་པ་དང་། རང་བཞིན་གང་ཅིའི་ཐད་ནས་ཐ་དད་པ་ཞིག་ཡིན་པར་ངོས་བཟུང་ཞིང་། བོད་ཀྱི་ལོ་རྒྱུས་དང་། ཤེས་རིག   ཆབ་སྲིད་བཅས་པའི་རྣམ་པ་གསལ་པོར་འཐོན་ཐུབ་པར་འབད་བརྩོན་བླ་ལྷག་དུ་བགྱིས་མྱོང་བར་བརྟེན། རིམ་གྱིས་བོད་མི་ཕལ་ཆེར་ཞང་ཞུང་གི་ལོ་རྒྱུས་དང་། ཤེས་རིག ཆབ་སྲིད་ཀྱི་གནས་སྟངས་ལ་སོགས་པའི་གོ་རྟོགས་རྩ་བ་ནས་མེད་པའམ། འགའ་ཞིག་ལ་ཅུང་ཟད་རེ་ཡོད་དུ་ཆུགས་ཀྱང་། ཕལ་ཆེར་གནའ་སྒྲུང་ལྟ་བུ་ཞིག་ཏུ་ངོས་འཛིན་པའི་ལུགས་འདི་བྱུང་ཡོད་པ་རེད། དེར་མ་ཟད་ཞང་ཞུང་གི་ལོ་རྒྱུས་དང་། ཤེས་རིག་ཆབ་སྲིད་བཅས་བའི་གནས་ཚུལ་དེ་དག་ནི་བོད་འདིར་གནའ་དུས་སུ་དར་ཆེ་བའི་བོན་ལུགས་དང་ཤིན་ཏུ་འདྲེས་ཆེ་བ་ཞིག་སྟེ། བོད་ཀྱི་ཡ་ཐོག་གི་བོན་ལུགས་གང་ལས་བྱུང་བའི་ཁུངས་ནི་ཞང་ཞུང་ལ་ཐུག་ཡོད་ཅིང་།

  བོན་གྱི་ལོ་རྒྱུས་རྣལ་མའི་སྐོར་ཤེས་དགོས་ན། ཞང་ཞུང་གི་ལོ་རྒྱུས་ལ་མ་བརྟེན་པར་ཤེས་ཐབས་རྩ་བ་ནས་མེད་པ་ཞིག་དང་། ཞང་ཞུང་གི་ལོ་རྒྱུས་རྣལ་མའི་སྐོར་ཤེས་དགོས་ནའང་། བོན་ལུགས་ཀྱི་ལོ་རྒྱུས་ལ་མ་བརྟེན་པར་ཤེས་ཐབས་རྩ་བ་ནས་མེད་པའི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་འདི་འདྲ་གཞི་ཆགས་ཡོད། དེ་ལྟ་ནའང་བོད་འདིར་རྒྱ་གར་ནས་དམ་ཆོས་དར་མགོ་ཚུགས་པ་ནས་བཟུང་། ཆོས་ཀྱི་རྗེས་འབྲངས་བ་ཚོས། དམ་པའི་ཆོས་ལ་ཆེ་བ་འདོན་པའི་ཆེད་དུ་དམིགས་ཏེ། བོན་ལུགས་ལ་མི་འདོད་པའི་རྣམ་པ་ཅི་རིགས་ཤིག་བསྟན་ཡོད་པ་དང་། གནའ་བོའི་བོད་ཀྱི་ལོ་རྒྱུས་དང་། ཤེས་རིག་གི་སྐོར་བོན་གྱི་ཁུངས་ནས་བྱུང་བ་རྣམས་ལའང་སྣང་ཆུང་བྱས་བར་བརྟེན། རིམ་གྱིས་བོད་གྱི་གནའ་བོའི་ལོ་རྒྱུས་ཅི་རིགས་པ་རྣམས་བག་ལ་ཞ་ནས་བོད་ཀྱི་རྣལ་མའི་ལོ་རྒྱུས་དང་། ཤེས་རིག་སྣ་ཚོགས་པ་ཐམས་བཅད་དམ་པའི་ཆོས་ལས་བྱུང་བའམ། དེ་དང་འབྲེལ་བ་ཙམ་ཞིག་ལས་གཞན་མཐོང་དུ་མེད་པའི་གནས་ཚུལ་བཅོས་མ་ཞིག་ཏུ་ཆགས་ཡོད་པ་འདི་རེད།

   གནས་ཚུལ་འདི་ནི་བོད་ཀྱི་ལོ་རྒྱུས་རྣལ་མ་དང་མཐུན་ཐབས་རྩ་བ་ནས་མེད་པ་ཞིག་ཡིན་པ་རང་རེའི་དབང་བོའི་མངོན་སུམ་དུ་འགྱུར་བཞིན་པ་འདི་ལྟར་ན།  རང་རེའི་གནའ་དུས་སུ་གྲགས་ཆེ་བའི་ཞང་ཞུང་དང་། དེ་དང་འབྲེལ་བའི་བོན་ལུགས་ཀྱི་ལོ་རྒྱུས་བཅས་པར་ཞིབ་འཇུག་ནན་ཏན་གྱི་སྒོ་ནས།  དངོས་ཀྱི་གནས་ལུགས་གང་ཡིན་པ་དེ་དག་གསལ་རྗེན་དུ་འཐོན་ཐུབ་པ་ཞིག་ལ་བརྩོན་པ་ཆེར་བསྐྱེད་བགྱིད་དགོས་པ་འདི་ནི་དེང་དུས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་གནང་མཁན་གྱི་མཁས་དབང་ཚོར་འཕྲད་པའི་འགན་ལས་ཧ་ཅང་གལ་ཆེན་ཞིག་རེད་བསམས་སོ། །

   lok-1ཁོ་བོས་ད་སྔོན་ལོ་གྲངས་ཉི་ཤུ་ལྷག་གི་རིང་ལ། ཞང་ཞུང་དང་དེ་འབྲེལ་བོན་ལུགས་ཀྱི་ལོ་རྒྱུས་རྣལ་མ་དག་དང་། ཤེས་རིག་སྣ་ཚོགས་པའི་སྐོར་ལ་ཞིབ་འཇུག་གང་ཐུབ་ཐུབ་བགྱིད་ཁུལ་བྱས་ནའང་། བགྱིད་སྒོ་འདི་ནི་ལོ་གྲངས་སྟོང་ཕྲག་གསུམ་ལྷག་པའམ། སྟོང་ཕྲག་བཞི་ལ་ཉེ་བའི་དུས་ནས་བྱུང་བའི་ལོ་རྒྱུས་དང། ཤེས་རིག་རྙིང་མ་ཞིག་གི་སྐོར་ཡིན་རྐྱེན་གྱིས། ལོ་རྒྱུས་དང་། ཤེས་རིག་རྙིང་མ་དེ་དག་གི་གནད་དོན་ལ་ཐག་གཅོད་བྱེད་ཐུབ་པའི་ཆ་རྐྱེན་དེ་ཙམ་ཞིག་རྙེད་དཀའ་བའམ། འགའ་ཞིག་རྙེད་དུ་ཆུགས་ཀྱང་དེ་རིགས་ཐེ་ཚོམ་གྱི་གཞི་ལས་འདའ་དཀའ་བ་ལ་སོགས་པའི་དཀའ་རྙོགས་ཀྱི་རིགས་མི་འདྲ་བ་དུ་མ་ཞིག་དང་འབྲེལ་ནས་ཡོད་པ་ཡིན་སྟབས། ཞིབ་འཇུག་གི་གཞི་རྩར་སྨན་པའི་ཡིག་ཆ་འགའ་རེ་བྲིས་ཡོད་པ་དེ་ཙམ་ལས། བྱ་བ་དངོས་ཐོག་ནས་ལོ་རྒྱུས་རྣལ་མའི་སྐོར་མངོན་རྗེན་དུ་གསལ་བའི་ནུས་པ་ཐོན་པ་འགའ་ཡང་དབྱུང་ཐུབ་མེད་པ་དེ་རེད།

   ཁོ་བོས་ད་སྔོན་ཞིབ་འཇུག་བགྱིད་པའི་ཡིག་ཆའི་གཙོ་བོ། གཟི་ཡི་ཕྲེང་བ་དང་། ནོར་བའི་དོ་ཤལ། སྒྲུང་ལྡེའུ་བོན་གསུམ་གྱི་གཏམ། ཞང་བོད་གནའ་བོའི་ལོ་རྒྱུས་ནོར་བུའི་མེ་ལོང་། ཞང་བོད་ཀྱི་ལོ་རྒྱུས་ཏི་སེའི་འོད་ཅེས་པ་པོད་གྲངས་གསུམ་ཙམ་འབྲི་བཀོད་བྱས་ཡོད་པ་དེ་རྣམས། དེ་དང་འབྲེལ་བའི་བོན་ལུགས་རྣམས་བོད་ཀྱི་ལོ་རྒྱུས་རྣལ་མ་དང་། ཤེས་རིག་གི་ཁུངས་ཇི་ལྟར་ཡིན་པ་དང། དེ་དག་ལ་གནའ་བོའི་དུས་རབས་སུ་བྱུང་བའི་རྙིང་མའི་རང་གཤིས་གང་དང་གང་ཞིག་ཡོད་པའམ། དེ་དག་དུས་རབས་ཅི་དང་ཅི་འདྲ་བར་བྱུང་ཡོད་པ་དེས་གཞི་རྩའི་ཞིབ་འཇུག་གི་ལས་དོན་ལ་ཕན་ནུས་ཆེན་པོ་ཞིག་ཐོན་ཡོད་ངེས་ནི་སྨོས་མ་དགོས་པ་རེད།

   ཞང་ཞུང་གི་ལོ་རྒྱུས་རྣལ་མ་དང་། བོན་ལུགས་རྣལ་མའི་ལོ་རྒྱུས་གནའ་རབས་ཀྱི་རང་གཤིས་ལྡན་པ་དེ་དག་དངོས་བདེན་མངོན་རྗེན་དུ་གསལ་བའི་ནུས་ཤུགས་ཇི་ལྟར་འཐོན་ཐུབ་པའི་ཆ་རྐྱེན་གྱི་གཙོ་བོ་ནི་ཞང་ཞུང་གི་ཡུལ་དང་། དེ་དང་འབྲེལ་བའི་ཆ་རྐྱེན་སྣ་ཚོགས་པ་ཞིག་ལ་ལྟོག་དགོས་པོ་ནི་སྨོས་མ་དགོས་པ་ཞིག་རེད་ལ། གནའ་རབས་ཀྱི་ལོ་རྒྱུས་དངོས་བདེན་སྐོར་མངོན་རྗེན་དུ་བསྟན་པའི་ཚད་གཞི་ཡང་དག་པ་དང་།ལོ་རྒྱུས་རྣལ་མ་དེ་དག་དང་འབྲེལ་བའི་གནའ་མི་རྣམས་ཀྱིས་བཞག་པའི་རྗེས་ཤུལ་གྱི་རིགས་མི་འདྲ་བ་ཅི་རྙེད་པ་དེ་རིགས་ལ་བརྟེན་ནས་གནའ་བོའི་ལོ་རྒྱུས་རྣལ་མའི་སྐོར་རྗེས་སུ་དཔག་པ་དེ་དག་ལས་ལྷག་པའི་ཐབས་ཚུལ་འགའ་ཡང་མེད།

/

ཞང་ཞུང་གི་ཡུལ་ཁམས།

 /

   གནའ་རབས་ཀྱི་ལོ་རྒྱུས་རྣམས་སུ་ཆེས་གྲགས་ཆེ་བའི་ཞང་ཞུང་གི་རྒྱལ་ཁམས་ནི་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་བྱ་བ་དེ་རང་ཡིན་འདུག ཞང་ཞུང་སྒོ་གསུམ་བར་གྱི་དབྱེ་བ་བྱེད་ཚུལ་འདི་ལ་ཤོད་སྟངས་མི་འདྲ་བ་འགའ་ཞིག་སྣང་མོད། དེ་དག་གི་ཡང་སྙིང་གནའ་བོའི་ལོ་རྒྱུས་རྣམས་ཆེས་མཐུན་པ་ནི།  དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་(དུས་རབས༡༦)གྱིས་མཛད་པ་《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ》ཞེས་བྱ་བའི་དཔེ་དེར་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་དབྱེ་ཞིབ་མཛད་ཡོད་པ་དེ་རེད་སེམས་ཀྱི། ཁོང་གིས་དབྱེ་ཞིབ་གནང་བའི་སྙིང་དོན་ནི། ཞང་ཞུང་ཕུག་པ་བྱ་བ་དེ། གངས་ཏི་སེའི་ནུབ་ཕྱོགས་ཟླ་བ་གསུམ་ལྷག་གི་ལམ་ན། མེ་སག་གི་པར་སིག་དང་། བྷ་དག་ཤན་དང་།བྷ་ལག་སོགས་ཡུལ་སྡེ་སུམ་ཅུ་རྩ་གཉིས་ཡོད་པར་བཤད་ལ། ཞང་ཞུང་བར་བ་ནི། དེང་དུས་ཡོངས་སུ་གྲགས་པའི་སྟོད་མངའ་རིས་སྐོར་གསུམ་སྟེ། མང་ཡུལ་མཚོའི་ཡུལ་སྐོར་དང་།གུ་གེ་གཡའ་ཡི་ཡུལ་སྐོར། པུ་ཧྲང་གངས་ཀྱི་ཡུལ་སྐོར་བཅས་ཡུལ་གྱི་རང་བཞིན་མི་འདྲ་བ་གསུམ་དང་ལྡན་པའི་ཡུལ་སྐོར་གསུམ་དང། ཞང་ཞུང་སྒོ་བ་ནི། སྨད་ཀྱི་ཤེ་ལེ་རྒྱ་སྐར་ཞེས་སུ་གྲགས་པ་ཁྱུང་པོའི་ཡུལ་སྡེ་རྣམས་དང་། ཨ་མདོ་སྟོད་པ་ནས་རྔུ་རྫ་སྒང་གི་ཕྱོགས་རྣམས་ཡིན་པ་གསལ་བར་བསྟན་ཡོད་འདུག་པ་དེ་དག་ལ་ངོས་འཛིན་དགོས་བ་འདྲ།

    ཞང་ཞུང་ཕུག་པ་དང། སྒོ་པ་དེ་དག་ཞང་ཞུང་གི་མངའ་སྡེ་ཡིན་ཅིང་། དེ་དག་ལ་ཞང་ཞུང་གི་ཐ་སྙད་ངེས་པར་དུ་འཇུག་གི་ཡོད་ནའང་། གནའ་བོའི་ལོ་རྒྱུས་དང་འབྲེལ་ཆེ་བ། ཞང་ཞུང་གི་རྒྱལ་པོ་རྣམས་ཀྱི་རྒྱལ་སའམ། དེ་དག་གི་གནས་ཡུལ་ལྟེ་བ་ནི་ཞང་ཞུང་བར་བའི་ཡུལ་ཁམས་རྣམས་ཡིན་འདུག་པ་མ་ཟད། གནའ་རབས་སུ་གྲགས་ཆེ་བའི་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཐོག་པ་བཅོ་བརྒྱད་བྱུང་མྱོང་བ་དེ་དག་གི་རྒྱལ་ས་ཡོངས་གྲགས་སུ། གངས་རིན་པོ་ཆེའི་མདུན་རྒྱངས་རི་གཡུ་ལོ་ལྗོན་པའི་རྫོང་མཁར། ཁྱུང་ལུང་། པུ་མར་ཧྲིང་གི་ཡུལ། ཙི་ནའི་ཡུལ། ཏ་རོག་གི་ཡུལ་། སྟ་སྒོའི་ཡུལ། ཁ་ཡུག་གི་ཡུལ། རུ་ཐོག་གི་ཡུལ། ལ་དྭགས་ཀྱི་ཡུལ་རྣམས་ཡིན་འདུག་པ་དེ་ཀུན་ཞང་ཞུང་བར་བའི་མངའ་ཁོངས་སུ་ཡོད་པས་ཀྱང་ཤེས་ཐུབ་ཅིང་། གང་ལྟར་ཡང་། ཞང་ཞུང་བར་བའི་ཡུལ་ཁམས་དེ་དག་ནི་ཞང་ཞུང་གི་ཡུལ་གྱི་སྙིང་བོའམ། ལོ་རྒྱུས་ཀྱི་གཞི་རྩའི་གནས་གཞི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ངེས་པ་ནི་མངོན་སུམ་ཚད་གྲུབ་ཏུ་གྱུར་པ་དེ་རེད།

    ཞང་ཞུང་བར་བའི་གནས་ཡུལ་འདིར་ཞང་ཞུང་དུ་གནའ་དུས་ནས་གྲགས་ཆེ་བའི་གངས་རི་མཚོ་གསུམ་ཞེས་བྱ་བ་ཐུན་མིན་གྱི་ཁྱད་ཆོས་དེ་དག་ཡོད་ཅིང་། དེའང་། “གངས་ཆེན་ཏི་སེ་ཤེལ་གྱི་མཆོད་རྟེན”སུ་གྲགས་པས་མཚོན་པའི་གངས་ཀྱི་རི་བོ་ཆེ་ཆུང་རྣམ་པ་མི་འདྲ་བ་དུ་མ་དང། “ སྟག་རི་ཁྲ་བོ ”ཞེས་མཚོན་པའི་རི་བོ་ཆེ་ཆུང་རྣམ་པ་མི་འདྲ་བ་དུ་མ་དང་། “མ་ཕམ་གཡུ་མཚོ་” ཞེས་པས་མཚོན་པའི་མཚོ་ཆེ་ཆུང་རྣམ་པ་མི་འདྲ་བ་དུ་མས་མཛེས་པར་བྱས་པའི་ཡུལ་ལྗོངས་ཤིག་ཡིན་སྟབས། “གངས་རི་མཚོ་གསུམ་གྱི་རྒྱལ་ཁམས” ཞེས་སུ་གྲགས་པ་ཡིན། ལྷག་པར་དུ་གངས་ཆེན་པོ་ཏི་སེ་དེ་འཛམ་གླིང་ཡུལ་གྱི་སྙིང་བོ་ལྟ་བུ་དང་། མཚོ་མ་ཕམ་ལས་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་མཆེད་པའི་ཟོལ་གྱིས་རྒྱ་གར་ཤར་ནུབ་རུ་འབབ་པས་མཚོན། གངས་འདི་ནི་འཛམ་བུ་གླིང་གི་མི་བརྒྱུད་དང་ཤེས་རིག་མ་ལུས་པའི་འབྱུང་ཁུངས་ཤིག་ཡིན་པའི་གནའ་གཏམ་གྲགས་ཆེ་བ་དེ་དག་དང་འབྲེལ་བའི་མཛེས་ཁྱད་བླ་ན་མེད་པ་དང་ལྡན་པའང་མངོན་སུམ་དབང་བོའི་ཡུལ་དུ་མཐོང་ཐུབ་པ་ཡོད་འདུག

/

ཞང་ཞུང་ཡ་ཐོག་གི་རྗེས་ཤུལ།

/

  འཇིག་རྟེན་སྲིད་པའི་ཁམས་འདིར་མི་རིགས་མི་འདྲ་བ་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་ཡ་ཐོག་གི་ལོ་རྒྱུས་སུ།  རྡོ་བའི་དུས་རབས་ཀྱང་མི་འདྲ་བ་ཇི་སྙེད་ཅིག་བྱུང་མྱོང་བའི་ཚུལ་ལོ་རྒྱུས་རྣམས་སུ་གསལ་བར་བསྟན་ཡོད་པ་ལྟར། ཞང་ཞུང་གི་ཡུལ་ཁམས་འདིར་ཡང་རྒྱལ་སྤྱིའི་ལོ་རྒྱུས་དང་ཆ་འདྲ་བ་ཅི་རིགས་ཤིག་བྱུང་མྱོང་ཡོད་པ་ནི་གནའ་བོའི་རིག་རྫས་ནི་གཟི་ལ་སོགས་པ་ལ་བརྟེན་ནས་ངེས་ཤེས་རྙེད་ཐུབ་པ་ཡོད་མོད། གནའ་མི་ཚོའི་ཤེས་རིག་གི་གཞི་རྩ་ཇི་ལྟར་བྱུང་མྱོང་བའི་ཤེས་བྱེད་ཁྱད་པར་ཅན་ཞིག་ནི། ཁོ་བོ་ཅག་གིས་གསར་དུ་རྙེད་པའི་རུ་ཐོག་ས་ཁུལ་གྱི་རྡོ་བའི་རི་མོ་རྙིང་མ་དེ་རིགས་ཡིན་པ་ནི་སྨོས་མ་དགོས་བ་རེད། རྡོ་བའི་རི་མོ་རྙིང་མ་འདི་དག་ནི་ཕལ་ཆེར་ཨཱོ་ཏྲ་ལི་ཡའི་རྣལ་མའི་མི་བརྒྱུད་ཀྱི་རྡོ་རིགས་རྙིང་མ་དུས་ཕྱིས་གསར་དུ་རྙེད་པ་དེ་དག་དང་ཤིན་ཏུ་འདྲ་བར་ཡོད་འདུག   ལོ་རྒྱུས་མཁན་པོ་ཚོས་ཨཱོ་ཏྲ་ལི་ཡའི་རྣལ་མའི་མི་བརྒྱུད་ཀྱི་རྡོ་བའི་རི་མོ་རྙིང་མ་དེ་དག་བྲག་ངོས་སུ་བཀོད་ནས་ད་ལྟའི་བར་དུ་ལོ་གྲངས་སྟོང་ཕྲག་བཞི་བཅུ་བརྒལ་ཡོད་པར་བསྟན་ཡོད་ལ། རུ་ཐོག་ས་ཁུལ་གྱི་བྲག་རིས་འདི་ལའང་དེ་དང་ཆ་འདྲ་བའི་རྙིང་མའི་རང་གཤིས་ཕུན་སུམ་ཚོགས་པའམ། དེ་ལྟར་མིན་དུ་ཆུགས་ཀྱང་། ཞང་ཞུང་གི་དུས་རབས་དབུ་བརྙེས་པའི་དུས་ཙམ་ཞིག་ན་རི་མོར་བཀོད་པའམ། དེ་དང་ཉེ་བའི་དུས་རབས་ཀྱི་རི་མོ་རྙིང་མོའི་རང་གཤིས་དང་ལྡན་པ་ཞིག་ཡིན་ངེས་པ་ནི་མངོན་སུམ་དབང་པོའི་ཡུལ་དུ་གྱུར་པ་འདི་རེད། རྡོ་བའི་རི་མོ་འདིར། ཤ་བའི་གཟུགས་དང་། སྟག་གི་གཟུགས། སེམས་ཅན་གཞན་དག་གི་གཟུགས་རིས་སོགས་ཡོད་སྟངས་ལ་དཔྱད་ན་ཕལ་ཆེར་རི་དྭགས་རྔོན་པའི་རི་མོ་འདྲ་ཞིག་ཏུ་སྣང་ཡོད། ལེགས་པར་དཔྱད་ན་རི་མོ་དེའི་ཁོངས་སུ། ཁྱུང་ཆེན་གཟུགས་དང་། གྱད་མི་སྟོབས་ཆེན་གྱི་གཟུགས། གཡུང་དྲུང་གི་རིས་སོགས་འཁོད་ཡོད་སྟངས་ལ་དཔྱད་ན། རྡོ་བའི་རི་མོ་རྙིང་མ་དེ་རྣམས་ནི། གནའ་བོའི་མི་བརྒྱུད་ཚོས་དངོས་པོའི་ནུས་ཤུགས་ཀྱི་བྱེ་བྲག་རྣམས་མཚོན་རྟགས་སུ་བཀོད་པ་ཞིག་ཡིན་པའང་ཤུགས་ཀྱིས་ཤེས་ཐུབ།གང་ལ་ཟེར་ན་གནའ་བོའི་བོན་ལུགས་སུ། འབྱུང་བའི་ཁམས་སའི་མཚོན་བྱེད་དུ་གངས་ཀྱི་སེང་གེ  ཆུའི་མཚོན་བྱེད་དུ་འབྲུག  མེའི་མཚོན་བྱེད་དུ་ཁྱུང་ཆེན། རླུང་གི་མཚོན་བྱེད་དུ་སྟག་གི་གཟུགས་རྣམས་བཀོད་ཡོད་ཅིང་། དེང་དུས་སུ་བེད་སྤྱོད་བྱེད་བཞིན་པ་བོད་ཀྱི་རླུང་རྟའི་ངོས་ཕྱོགས་བཞིར་སྟག་དང་། སེང་གེ   ཁྱུང་དང་། འབྲུག་གི་གཟུགས་རིས་བཞི་དང་། དབུས་སུ་རྟ་མཆོག་རིན་པོ་ཆེའི་རྒྱན་ཆ་དང་ལྡན་པ་ཞིག་འགོད་སྲོལ་ཡོད་པ་དེའང་། འབྱུང་བ་རླུང་དང་། ས། མེ། ཆུ་བཞི་དང་། འབྱུང་བའི་ཁམས་ཀྱི་ནུས་པ་དེ་དག་གང་ལ་ལྡན་པའི་གཞི་ཤེས་རྒྱུད་ཀྱི་མཚོན་རྟགས་རྟ་མཆོག་གི་གཟུགས་བཀོད་ཡོད་པ་དེ་དག་རེད། དེའང་འབྱུང་བའི་ཁམས་ལ་ངོས་འཛིན་གྱི་གཞི་རུ་མ་བཟུང་བར། འབྱུང་བའི་ཁམས་སུ་ཡོད་པའི་གཡོ་འགུལ་ཅན་གྱི་ནུས་ཤུགས་དེ་ལ་འབྱུང་བར་ངོས་བཟུང་ཞིང་། དེ་ཡང་གཡོ་འགུལ་ཅན་གྱི་སེམས་ཅན་མི་འདྲ་
བའི་གཟུགས་ཀྱིས་མཚོན་པར་བྱས་འདུག་ལ། འབྱུང་ཁམས་ངོས་འཛིན་སྟངས་ཀྱང་འབྱུང་རྩིས་ཀྱི་ལུགས་སུ་འབྱུང་བ་རླུང་གི་ཁམས་ལ་“ཤིང”ཞེས་བྱ་སྟེ། ཤིང་ནི་སྐྱེ་དངོས་གཡོ་འགུལ་གྱི་རྣམ་པ་ཅན་ཞིག་ཡིན་སྟབས་དེས་རླུང་གི་ཁམས་མཚོན་པར་བྱས་ཡོད་ནའང་། གནའ་རབས་བོན་གྱི་ལུགས་སུ། གཡོ་འགུལ་གྱི་རང་བཞིན་དང་ལྡན་པའི་ཤིང་མང་དུ་ཚོགས་པའི་ནགས་གྱི་ཀློང་དེར་གནས་འཆའ་བའི་སེམས་ཅན་“སྟག”གི་གཟུགས་དེས་འབྱུང་བ་རླུང་གི་ཁམས་དངོས་མཚོན་པར་བྱས་པ་དང་། སའི་སྙིང་བོ་ནི་བྲག་དང་། བྲག་གི་ནང་ནས་ཀྱང་སྙིང་བོར་གྱུར་པ་ནི་གངས་རི་ཆེན་པོ་རྣམས་ཡིན་ལ། གངས་རིའི་སྤོ་ལ་གནས་འཆའ་བའི་སེམས་ཅན། “སེང”གི་གཟུགས་དེས་འབྱུང་བ་སའི་ཁམས་དངོས་མཚོན་པར་བྱས་པ་དང་། ཆུ་ཡི་འདུས་མདོ་ཆེ་ཤོས་ནི་རྒྱ་མཚོ་ཡིན་ལ། དེར་གནས་འཆའ་བའི་སེམས་ཅན། “འབྲུག”གི་གཟུགས་ཀྱིས་འབྱུང་བ་ཆུའི་ཁམས་དངོས་མཚོན་པར་བྱས་པ་དང་། མེའི་སྙིང་བོའི་དབལ་དུ་གྲགས་པ་དེའི་ཀློང་དུ་ཤར་པའམ། སྤྲུལ་བའི་བཀོད་པ་སྟོན་པའི་ལྷ་ཁྱུང་ཆེན་གྱི་གཟུགས་ཀྱིས་འབྱུང་བ་མེའི་ཁམས་དངོས་མཚོན་པར་བྱས་ཡོད་པ་འདི་དག་ལ་དཔྱད་ན། གནའ་མི་དེ་ཚོས་བྲག་ངོས་སུ་བཀོད་པའི་རི་མོ་འདི་དག་ལ་བོན་གྱི་ལྟ་ཚུལ་དེ་དག་འབྲེལ་བའི་གོ་དོན་རྒྱ་ཆེ་བ་རེ་ཡོད་པའང་ཤེས་ཐུབ་ལ། རི་མོ་དེ་དག་གི་ཁོངས་སུ་གཡུང་དྲུང་གི་ཡོད་པ་དང་། དེ་དང་ཕྱོགས་འདྲ་བའི་རི་མོ་གཞན་དག་འགའ་ཤས་དང་། ཡིག་གཟུགས་ཡིན་སྙམ་ཕྲེང་ཐུང་གཅིག་ཀྱང་ཡོད་འདུག་པ་འདི་དག་ལ་དཔྱད་ན་རྡོ་བའི་རི་མོ་རྙིང་མ་འདི་དག་བཀོད་པའི་དུས་སྐབས་དེར་གཡུང་དྲུང་བོན་གྱི་ལུགས་འདི་གང་འཚམ་དར་ཁྱབ་བྱུང་ཡོད་པའང་གསལ་བོར་བསྟན་པ་དེ་རེད།

/

ཞང་ཞུང་གི་དུས་སྐབས།

/

    Screen Shot 2016-01-26 at 6.41.45 PMཞང་ཞུང་གི་དུས་སྐབས་སྐོར་ལ་ངེས་ཤེས་རྙེད་པའི་ཆ་རྐྱེན་མེད་དུ་མི་རུང་བ་ནི། ཞང་ཞུང་ནས་བྱུང་བའི་བོན་གྱི་ལོ་རྒྱུས་ལ་ལྟོས་དགོས་པ་དེ་རེད། གང་ལ་ཟེར་ན། བོན་གྱི་ལོ་རྒྱུས་རྣམས་ལས་ཡོངས་གྲགས་སུ་བཤད་ཡོད་པ་ནི། གནའ་བོའི་ཞང་ཞུང་གི་ཡི་གེའི་སྲོལ་ཐོག་མར་གཏོད་པ་པོ་ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཡིན་ལ། གཤེན་རབ་མི་བོ་ཆེ་བྱོན་པ་ནས་བཟུང་ཞང་ཞུང་གི་ལོ་རྒྱུས་རྣལ་མ་ཡི་གེར་འཁོད་པ་དབུ་བརྩམས་པ་ཡིན་སྟབས། ཞང་ཞུང་གི་ལོ་རྒྱུས་ཀྱི་རྨང་གཞི་དེ་གཤེན་རབ་མི་བོ་ཆེའི་དུས་སྐབས་ལས་འདའ་མི་རུང་བ་ཞིག་ཡིན་འདུག

    གཤེན་རབ་མི་བོ་ཆེ་དེ་ཞང་ཞུང་གི་ཡུལ་དུ་སྐུ་བལྟམས་ནས་ད་ལྟའི་བར་དུས་ཡུན་ཅི་ཙམ་ཞིག་འདས་ཡོད་པའི་སྐོར་གྱི་ཤེས་བྱེད་གཙོ་བོ་ནི། གཤེན་རབ་མི་བོ་ཆེས་བསྟན་པའི་
བོན་གྱི་ཡང་སྙིང་ཞང་ཞུང་སྙན་བརྒྱུད་དུ་གྲགས་པ་དེ་དང་། ཞང་ཞུང་མེ་རིའི་སྒྲུབ་སྐོར་གྱི་བླ་མ་བརྒྱུད་པའི་རྣམ་ཐར་ལོ་རྒྱུས་སྐོར་དང་། Screen Shot 2016-01-26 at 6.42.02 PMབོན་གྱི་འདུལ་བརྒྱུད་ཀྱི་ལོ་རྒྱུས་རྣམས་དང་།གཤེན་གྱི་གདུང་རབས་ཀྱི་ལོ་རྒྱུས་རྣམ་ཐར་རྣམས་ཕན་ཚུན་གོ་བསྡུར་པས་ལོ་རྒྱུས་རགས་ཙམ་གཏན་འབེབ་ཐུབ་པ་ཡོང་ལ། ད་དུང་དེ་དག་ལས་ཆེས་ལྷག་པའི་ལོ་རྒྱུས་ཀྱི་ཤེས་བྱེད་ཁྱད་པར་ཅན་ཞིག་ནི། བོན་ལུགས་ལོ་རྒྱུས་ཀྱི་དཔེ་རྙིང་ཕལ་མོ་ཆེར་ཡོངས་གྲགས་སུ་ཤོད་སྲོལ་ཡོད་པ་ཞིག་ནི། “ལི་ཤུ་སྟག་རིང་འཁྲུངས་ནས་ལོ་གྲངས་ཉིས་སྟོང་ལྔ་བརྒྱ་འདས་པ་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་པའི་དབུ་ཚུགས་”ཞེས་པ་གཏམ་རྒྱུད་ལྟར་དུ་གྲགས་དེ་ཡིན་ལ།  ལུང་དེའི་ལུགས་སུ་བྱས་ན་གཤེན་རབ་མི་བོ་ཆེ་སྐུ་བལྟམས་ནས་ད་ལྟ་ཆུ་མོ་བྱ་ཡི་ལོ་འདིའི་བར་ལོ་གྲངས་༣༨༩༠འདས་སོང་བ་གསལ་བོར་ཤེས་ཐུབ་ཅིང་། དེའི་སྐབས་གཤེན་རབ་མི་བོ་ཆེའི་སྦྱིན་བདག་གི་གཙོ་བོའང་།  ཞང་ཞུང་གི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ཏེ་ཡོངས་གྲགས་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཐོག་པ་བཅོ་བརྒྱད་བྱུང་བའི་ཐོག་མ་དེ་ཡིན་སྟབས།  ལོ་རྒྱུས་དང་འབྲེལ་བའི་ཞང་ཞུང་གི་དུས་རབས་ཀྱང་དེ་དུས་ནས་དབུ་འཛུགས་དགོས་པའང་སྨོས་མ་དགོས་པ་རེད།

 /

ཞང་ཞུང་གི་རྒྱལ་པོ་དེ་དག་གི་རྒྱལ་ས།

 /

   ཞང་ཞུང་གི་རྒྱལ་པོ་བྱ་རུ་ཐོག་པ་བཅོ་བརྒྱད་དུ་གྲགས་པ་དེ་དག་གི་མཚན་དང་། དེ་དག་གི་གནས་ཡུལ་གྱི་ལྟེ་བའི་སྐོར།ཀ་རུ་རྟོགས་ལྡན་རིན་ཆེན་རྒྱལ་མཚན་(༡༨༠༡-?)གྱིས་མཛད་པའི་གངས་རིའི་དཀར་ཆག་ལས་གསལ་བར་བསྟན་པའི་སྙིང་དོན་ནི། གངས་རིན་པོ་Screen Shot 2016-01-26 at 11.46.48 AMཆེའི་མདུན་“རྒྱངས་རི་གཡུ་ལོ་ལྗོན་པའི་རྫོང་མཁར”ཞེས་བྱ་བ། དེང་དུས་རྒྱང་གྲགས་དགོན་དུ་གྲགས་པའི་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་པ་ཆགས་པའི་གནས་དེ་ནི། ཞང་ཞུང་གི་ཐོག་མའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དང་། ཞང་ཞུང་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན་དང་། ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན་གསུམ་གྱི་རྒྱལ་ས་ཡིན་པ་དང་། ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་ཡུལ་དུ་གྲགས་པ་དེ་ནི་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། གཡུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་གསུམ་གྱི་རྒྱལ་ས་ཡིན་པ་དང་། ཞང་ཞུང་པུ་མར་ཧྲིང་གི་ཡུལ་དུ་གྲགས་པ་དེ་ནི། སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱེ་རུ་འོད་ཀྱི་བྱ་རུ་ཅན་དང་། ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་ཡེན་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་རྒྱལ་ས་ཡིན་པ་དང་། ཞང་ཞུང་ཙི་ནའི་ཡུལ་དུ་གྲགས་པ་དེ་ནི། སྟག་རྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་དང་། ཛྭོ་དམར་ཐིས་པུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་རྒྱལ་ས་ཡིན་པ་དང་། ཞང་ཞུང་ཏ་རོག་གི་ཡུལ་དུ་གྲགས་པ་དེ་ནི། བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་། ལི་ཝེར་གྱེར་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་རྒྱལ་ས་ཡིན་པ་དང་། ཞང་ཞུང་སྟ་སྒོའི་ཡུལ་དུ་གྲགས་པ་དེ་ནི། ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛྭོ་དམར་འོད་ཀྱི་བྱ་རུ་ཅན་དང་། ལི་མུར་གོ་བའི་རྒྱལ་པོ་བྷེ་དྷུས་འོད་ཀྱི་བྱ་རུ་གཉིས་ཀྱི་རྒྱལ་ས་ཡིན་པ་དང་། ཞང་ཞུང་ཁ་ཡུག་གི་ཡུལ་དུ་གྲགས་པ་དེ་ནི། སད་ཧྲི་གྱེར་གྱི་རྒྱལ་པོ་ཨུད་པལ་འོད་ཀྱི་བྱ་རུ་ཅན་གྱི་རྒྱལ་ས་ཡིན་པ་དང་། ཞང་ཞུང་ལ་དྭགས་ཀྱི་ཡུལ་དུ་གྲགས་པ་དེ་ནི། ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན་གྱི་རྒྱལ་ས་ཡིན་པ་དང་། ཞང་ཞུང་རུ་ཐོག་གི་ཡུལ་དུ་གྲགས་པ་དེ་ནི ། མུ་མར་ཐོག་རྒོད་རྒྱལ་པོ་ཨ་ན་འོད་ཀྱི་བྱ་རུ་ཅན་གྱི་རྒྱལ་ས་ཡིན་པ་རེད།

/

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *