སྲོག་གི་སྐད་ཆ་འགའ།
རྩོམ་ཡིག་འདི་ཐེངས། 621 བཀླགས་འདུག
་་་་་་་་་་་་་འབྲུག་མོ་ཚེ་རིང་ལ་ཕུལ་བའི་ཁག་བདུན་པ།
/
གཅིག
/
ངས་རྒྱུན་དུ་བརྩེ་དུངས་དང་ཁྱེད་རང་གླེང་དུས་སེམས་ཀྱི་གཏིང་རིམ་ན་དགའ་སྐྱོ་ཡི་དད་ཞེན་རེ་རེ་སྙིང་གི་འཕར་རྩ་རུ་ཞུགས་ནས་ཡོད། ངའི་བྲང་ཁོག་གི་ཟབ་ས་ནས་ཁྱེད་རང་ཕྱི་ལ་འགྲོ་མི་ཐུབ་པ་དེ་བརྩེ་དུངས་ཞེས་པའི་གཟུགས་མེད་ཀྱི་ཚོར་བ་འདིའི་དབང་གིས་རེད།
/
གཉིས།
/
འུ་གཉིས་ཀྱི་སེམས་ཞེ་མཐུན་པའི་རྨང་གཞི་འདི་ཡང་བློ་ཁོག་ཡངས་པོ་ཞིག་བསྐྱེད་ནས་ཆགས་པ་མ་ཡིན་པར། ཀུ་རེ་དང་དགོད་གཏམ་ཁ་བརྡ་དང་རྩེད་མཚར་སོགས་ཀྱི་ཁྲོད་ནས་ཁས་ལེན་གྱི་དབར་ཐག་དམ་པོ་ཞིག་འཁྱོངས་སོང་བ་རེད།
/
གསུམ།
/
རང་དབང་ཟེར་དུས་བརྩེ་དུངས་ཐད་ཀྱི་བཀག་སྡོམ་ཆེན་པོ་དེ་དྲན་ཡོང་། མཁས་པས་བཤད་ན་དུས་ཚོད་མང་པོ་ཞིག་འདས་རྗེས་བརྩེ་དུངས་ལ་བསམ་ཡུལ་ལས་འདས་པའི་རང་དབང་ཐོབ་ཟེར། མི་རང་ཉིད་ཀྱི་དགའ་ཕྱོགས་ལ་རྒྱུ་འབྲས་ཀྱི་ཚད་ཐིག་བརྒལ་ཟེར་ནས་དྲན་གཞི་ཡོད་ཚད་འཆི་ལམ་དུ་བཅུག་ན་ང་ཁོ་ནའི་ཡོད་ཚད་མིག་ཆུ་རེད།
/
བཞི།
/
ལས་དབང་ཟེར་བའི་སྐད་ཆ་ལྷག་མ་འདིས་འུ་གཉིས་དང་འུ་གཉིས་ལྟ་བུའི་སེམས་མཐུན་གྱི་བརྩེ་བ་རེ་རེ་ཉམས་རྒུད་དུ་བཏང་བ་བཟོད་མི་ཐུབ་པའི་ན་ཟུག་ཅིག་རེད། དེ་བས་ལས་དབང་ཟེར་བའི་སྐད་ཆ་འདིའི་ཁ་གཏད་དུ་ལངས་ནས་ཡང་དག་པའི་བརྩེ་བ་སྲུང་ཐུབ་དགོས།
/
ལྔ།
/
འུ་གཉིས་ཀྱི་སེམས་དང་སེམས་མཐུན་པའི་བདེན་དཔང་ལ་ཡིག་ཚོགས་འགའ་སྤུངས་པས་འཇོག་ཨེ་ཐུབ། མི་ཐུབ་ནའང་ཐང་མོད། རང་སེམས་ཀྱི་ཟབ་ས་ཞིག་ན་བཤད་མི་ཐུབ་པའི་དྲན་ཚོར་རེ་ཡོད་ན་སྨྱུ་གུའི་རྩེ་མོ་བརྒྱུད་ནས་ཤོག་དཀར་ལ་གཟུགས་སུ་ཕབ་པ་ནི་ངས་གོམས་གཤིས་ཡིན།
/
དྲུག
/
བསམ་ཐོག་ཏུ་འགྲོ་ཐུབ་མིན་དེ་རང་ཚུགས་ཐུབ་པའི་སྤོབས་པ་ལྡན་མིན་ལ་རག་ལས། མི་ཚེ་འདིའི་དགའ་ཕྱོགས་འདི་ཡང་ཡང་རྙེད་དཀའ་འོ།།
/
བདུན།
/
མི་ཚེ་ཡི་ཆུང་ཕྱོགས་ནས་ཐོབ་པའི་བརྩེ་དུངས་ནི་གོ་སྐབས་ཡག་ཤས་དེ་ཡིན། སྒེར་སེམས་དང་གཞན་གྱི་ལག་ཆར་གྱུར་པ་དེ་བློ་འགྱོད་ཆེན་པོ་ཞིག་རེད།
/
བརྒྱད།
/
དུས་དང་བསྟུན་པའི་མི་ཚེ་སྐྱེལ་སྟངས་ནི། འདམ་ཀ་མ་ནོར་བ་ཞིག་ཡིན་དགོས། ལྷག་དོན་རང་གི་དགའ་ཕྱོགས་ལ་རྩོད་ལེན་བྱེད་སའི་འཇིག་རྟེན་ཐེངས་གཅིག་ཡིན། གོ་སྐབས་འདི་དུས་ནམ་ཡང་རྗེས་སུ་འཇོག་མི་ཆོག་པའི་དུས་ཚོད་ཉག་གཅིག་ཡིན།
/
དགུ།
/
སྙིང་ཉེ། འུ་གཉིས་ཀྱིས་སེམས་འདུན་དེ་ཧ་ཅང་དཀའ་ལས་ཆེ་བ་དང་ལས་དབང་མེད་པ། དོན་དག་འགྲུབ་མི་སྲིད་སྙམ་པའི་བསམ་བློ་འཆང་མི་རུང་། རྒྱུ་མཚན་ང་ཚོར་དོན་དག་འགྲུབ་མི་སྲིད་སྙམ་པ་དང་ལན་རེ་འགྲིབ་སྲིད་པས་སོ།། གང་ལྟར་ལས་དབང་གི་གོ་སྒྲིག་ཟེར་ཡང་། ཁྱེད་དང་འུ་གཉིས་ཀྱི་ཞེ་དང་སྣང་བ་མཐུན་ན་བརྒྱུད་རིམ་ལྡན་པའི་ལམ་སྣེ་ཞིག་ཅིས་ཀྱང་ཡོད་དགོས།
/
བཅུ།
/
བརྩེ་དུངས་ཀྱི་འཁྱེར་ཕྱོགས་རེ་རེ་ལག་བསྟར་བྱེད་སྟངས་ལ་བལྟས་ན། མི་རེ་རེ་ལ་རིན་ཐང་ཅན་གྱི་བརྩེ་དུངས་རེ་ཐོབ་ཡོད་ས་འང་འདུག
/
བཅུ་གཅིག
/
བརྩེ་དུངས་ཀྱི་འགྱུར་ལྡོག་ནི་སྤྲིན་གསེབ་ཀྱི་ཉི་འོད་ལྟ་བུ་རེད། ཕྱིར་དྲན་གྱི་གཏམ་རྒྱུད་ནི་སྟོབས་ཤུགས་བྲལ་བའི་མཚོ་རླབས་ལྟ་བུ་རེད། དེ་བས་ཆུང་འདྲིས་ཀྱི་བྱམས་པ་ལགས། ང་རང་ཉིད་འཇིག་རྟེན་དང་ཁ་མ་བྲལ་བར་དུ་བརྗེད་མི་སྲིད་པའི་དམ་བཅའ་ཡེ་ནས་མི་དགོས།
/
བཅུ་གཉིས།
/
སྲོག་གི་སྐད་ཆ། ལས་ཀྱིས་མདུད་པ། མི་འདོད་བཞིན་དུ་ལམ་ཁ་དེར་འགྲོ་དགོས་དོན་ག་རེ་རེད། མི་ཚེ་འདིར་རང་ཉིད་ལ་དགའ་ཕྱོགས་ཀྱི་སེམས་འདུན་རེ་ཅིས་ཀྱང་ཡོད་འོས། དེ་རྒྱབ་འགལ་དུ་འགྲོ་དགོས་དོན་ག་རེ་རེད། ལས་དབང་རེད་ཟེར་ན་ངའི་རྣར་མི་འགྲོ་གི
/
བཅུ་གསུམ།
/
བརྩེ་བ་དང་དུངས་པ་ནི། ཉིན་མོ་དང་མཚན་མོ་ནང་བཞིན་ནམ་ཡང་གཞི་གཅིག་ཏུ་འཐམས་ནས་ཡོད།
/
བཅུ་བཞི།
/
ངའི་སེམས་ནང་གི་བུ་མོ་གཤིས་བཟང་མ། ཁྱེད་ནི་ངའི་སྙིང་ཆུང་ཀོར་མོའི་འཕར་ལྡིང་གི་འགྲོས་ལ་འཇུས་ནས། འཇིག་རྟེན་གྱི་ཐོབ་ཤོར་གང་མང་ཞིག་ལ་མིག་ཆུ་ཕུལ་ན། ངས་ཁྱེད་ཀྱི་བརྩེ་འཛུམ་ཁྲོད་ནས་མི་ཚེ་ཡི་བདེ་སྡུག་གླུ་རུ་གྱེར་འདོད། ངས་ད་དུང་ཁྱེད་དང་ཤབ་ཤུབ་ཀྱི་སྙིང་གཏམ་མཆིན་བར་ནས་བཤད་འདོད།
/
སྤྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༡ ཉིན།
/
བསམ་ཚུལ་ཕྲིས།