སྙིང་གི་ཕྱེ་མ་ལེབ།
རྩོམ་ཡིག་འདི་ཐེངས། 1408 བཀླགས་འདུག
།
ཁྲོམ་ཚོགས་སྤང་ཐང་ཡངས་མོ་ནས།།
མེ་ཏོག་ཅིག་ཏུ་སྒྱུ་འཕྲུལ་བསྟན།།
དེ་དུས་ཁྱོད་ནི་ཕྱེ་ལེབ་སྟེ།།
བདག་གི་མིག་སྔར་འཕུར་ལྡིང་རྩེན།།
གཤོག་གཡས་ལྕགས་ཐག་ཁྲ་བོ་ཞིག།
གཡོན་པས་སྙིང་ཀར་དུམ་བུར་གཏུབ།།
རྨི་ལམ་ཟིན་ཐོ་བྲིས་པ་ནས།།
བདག་ལ་འཕུར་འདོད་ངང་གིས་འཕེལ།།
དེ་དུས་རྣ་བའི་བུ་ག་རུ།།
འོ་ཡི་འཇམ་མཉེན་རེག་བྱུང་བས།།
ཡིད་ཁམས་གྲུ་གསུམ་གྲུ་བཞི་ཞིག།
ཀུན་གཞིའི་ཕོ་བྲང་བང་མཁར་དུ།།
ཁྱོད་ཀྱི་ཞབས་རྗེས་བཀོད་ཡོད་དེ།།
རྣམ་ཤེས་ལུས་དང་མ་འབྲལ་བར།།
གཡོ་འགུལ་འདར་གསུམ་འོང་ས་མིན།།
འདུན་མའི་ལམ་སྟེགས་འཚོལ་བའི་ཤུལ།།
ཁྱོད་ནི་ལམ་གྱི་ཚད་ཤིང་གྱུར།།
གཟུགས་དབྱིབས་གོར་གོར་ཟླུམ་ཟླུམ་ཡིན།།
ཁབ་ལེན་རྡུལ་གྱི་ནུས་དང་འདྲ།།
བདག་གི་དབང་ཤེས་བཀུག་སྟེ་སོང་།།
འདི་ནི་ཐོག་མའི་མཇལ་འཛོམ་རེད།།
འདི་ནི་མཐའ་མའི་འཕྲད་པའང་ཡིན།།
གསེར་ལྟར་རིན་ཐང་བྲལ་བའི་མྱི།།
སྐབས་ཤིག་ཁོག་ཏུ་འཕུར་རྒྱུ་ཡོད།།
དེ་ཡང་སྣང་བརྙན་ཙམ་ཞིག་ཡིན།།
༢༠༡༦/༡/༡༤ཉིན་ཉིན་གུང་།
བསམ་ཚུལ་ཕྲིས།