ཤིས་ཚིག་ཨེར་སངས་ལྷ་མོའི་དབྱངས་སྙན།
རྩོམ་ཡིག་འདི་ཐེངས། 916 བཀླགས་འདུག
།
སྐུ་༵མཆོག་མཚན་དཔེ་འགྲོ་བའི་དོན་དུ་བཞད།།
གསུང༵་དབྱངས་རེ་བཞིས་བརྒྱད་ཁྲིའི་བོན་སྒྲ་སྒྲོག།
ཐུགས༵་ཉིད་མ་གཡེང་མི་གཡོ་མཉམ་པར་གནས།།
གསང་གསུམ་མཛོད་འཛིན་ཉི་ཟླའི་སྣང་བྱེད་ཟུང་། །
།
བསྐལ་མང་གོང་ནས་སྦྲེལ་བའི་དམ་ཚིག་དང་།།
གདུལ་བྱ་འགྲོ་བའི་བསོད་ནམས་བཟང་པོའི་མཐུས།།
སྐུ་དྲིན་གཞལ་མེད་མཁན་སློབ་ཟུང་གཅིག་འདི།།
འཛམ་གླིང་ས་ཡི་སྟེང་ན་ལྷ་སྐལ་བྱོན།།
།
ཡེ་ནས་སྐྱེས་ཐོབ་ཤེས་རབ་མེ་ལྟར་འབར།།
སྦྱང་སྟོབས་ཤེས་བྱའི་འབྲས་བུ་བླ་ན་ལྷག།
རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།།
བོན་རྣམས་མ་ལུས་ཐུགས་སུ་གསལ་བར་བསྔགས།།
།
མཁས༵་པའི་ཁྱུ་མཆོག་མཁས་པ་མང་པོས་བསྟོད།།
བཙུན༵་པའི་གཙོ་བོ་གཙུག་གཤེན་རྒྱལ་བ་དངོས།།
བཟང༵་དགུར་སྤྱོད་པའི་སྤྱོད་པ་བླ་མེད་པ།།
གདུལ་བྱའི་སྣང་ངོར་གང་ལ་གང་འདུལ་མཛད།།
།
སྤྱིར་ན་ནམ་མཁས་ཁྱབ་པའི་འགྲོ་བ་དང་།།
སྒོས་སུ་ནང་པ་སངས་རྒྱས་བསྟན་པ་སྐྱོང་།།
ནང་སྒོས་རྒྱལ་གཤེན་རྗེས་སུ་འཛིན་པ་ཡིས།།
འགྲོ་དྲུག་བདེ་བར་མཛད་པ་ཨ་ལ་ལ།།
།
ལུང་དང་རྟོགས་པའི་མཆེ་སྡེར་རབ་རྐྱོང་ཞིང་།།
ཕན་བདེ་སྐྲུན་པའི་དཔྲལ་བའི་སྤྱན་མིག་ཟུང་།།
ཉེས་སྐྱོན་རྡུལ་གྱི་དྲི་མས་མ་གོས་པར།།
སྐུ་ཚེ་འགྱུར་མེད་གཡུང་དྲུང་རྟག་བརྟན་ཤོག།
།
སྙིགས་མ་ལྔ་ཡི་དུས་ཀྱི་མཐའ་མ་རུ།།
སྣང་བའི་རྗེས་སུ་འཇུག་པའི་ཡུལ་གྱར་བ།།
རྫ་སྤྲང་རིན་ཆེན་རྒྱལ་མཚན་མིང་ཅན་དེས།།
དད་འདུན་དྲག་པོས་མཆོད་པའི་དོད་དུ་ཕུལ།།
།
བསམ་ཚུལ་ཕྲིས།