《གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་》རྒྱ་ཡིག་ཏུ་སྒྱུར་བཞིན་པ།
རྩོམ་ཡིག་འདི་ཐེངས། 1195 བཀླགས་འདུག
ཀྲུང་དབྱང་གིས་མཉམ་སྡེབ་སློབ་སྦྱོང་སྐབས་ནན་གྱིས་བསྟན་དོན་ལྟར་མི་རིགས་སོ་སོའི་ཁྱད་ཆོས་དང་མཛེས་དཔྱོད་འབུར་དུ་ཐོན་པའི་གཟུགས་བརྙན་མངོན་གསལ་དོད་པོའི་ངང་སྤྱི་ཚོགས་ཀྱི་མིག་མདུན་དུ་གཏོད་རྒྱུར་དོ་སྣང་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་དང་། མི་རིགས་སོ་སོའི་སྣ་མང་ཤེས་བྱ་གཞི་གཅིག་སྦྲེལ་བ་དང་། ཤེས་དཔལ་ལྡན་པའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་གཙོ་བོར་བསྟན་ཏེ་རྒྱལ་ཁམས་ལས་ཕྱོགས་བཅུར་བརྒལ་བ། ཡིད་དབང་འཕྲོག་ཤུགས། དེང་རབས་ཀྱི་རིན་ཐང་ལྡན་པ་བཅས་ཀྱི་རིག་གནས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་ཆ་ལག་ཚང་བར་གསེད་བཀྲོལ་བྱས་ཏེ་གནའ་རབས་བཙན་མཁར་ཕོ་བྲང་ནང་དུ་ཉར་བའི་རིག་དངོས་དང་། ས་གཞི་ཆེན་པོའི་སྟེང་དུ་བཤམས་པའི་ཤུལ་ནོར་དངོས་པོ་རྩ་ཆེན། གཙུག་ལག་དཔེ་ཆའི་ནང་གི་ཡི་གེ་བཅས་པ་དར་འཕེལ་ཡོང་དུ་འཇུག་དགོས་ཅེས་བསྟན་ཡོ་འདུག་ལ། རྣམ་གྲངས་འདི་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་མཚན་ཉིད་རིག་པ་སྤྱི་ཚོགས་ཚན་རིག་འཆར་འགོད་གཞུང་ལས་ཁང་གིས་ ༢༠༡༤ ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན་(ཁག་གཉིས་པ་)གྱི་ཆོག་མཆན་ ༢༠༡༤ ལོའི་སྤྱི་ཟླ་༡༡ པའི་ཚེས་ ༥ ཉིན་ཐོབ། ཆོག་མཆན་ཨང་གྲངས།<14ZDB011>ཡིན་ལ། རྣམ་གྲངས་ཀྱི་མིང་ནི། “《གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་》རྒྱ་བསྒྱུར་དང་ཞིབ་འཇུག་”ཅེས་པ་དེ་རེད། དེའང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་། ཞང་ཞུང་སྒོ་པའི་ལྟེ་གནས་རྩེ་དྲུག་དགོན་ཤེལ་ལེ་རྒྱ་སྐར་གླིང་། ཆིང་ཧ་སློབ་ཆེན་བཅས་ཀྱིས་མཉམ་དུ་བསྒྲུབ་རྒྱུར་གཏན་འཁེལ་བྱུང་། རེ་འདུན། འཛམ་གླིང་དང་སེམས་ཅན་གྱི་འགལ་ཟླ་བསལ་ནས། མཐར་ཐུག་ཡོངས་སུ་ཕུན་སུམ་ཚོགས་པར་སྨོན་པ། ལས་འགན། ཞང་ཞུང་གི་བཀའ་འགྱུར་འཛམ་གླིང་གི་རིག་གནས་དང་མངོན་པར་འདྲེས་པར་བྱས་ནས་སེམས་ཅན་ཡོངས་ལ་ཕན་འདོགས་པར་བྱེད་པ། རྩ་དོན། གནའ་བོའི་ཞང་ཞུང་གི་བཀའ་འགྱུར་རྒྱ་བསྒྱུར་དང་ཞིབ་འཇུག་ལས་གཞིར་གཞི་ཚུགས་ནས། རིག་གནས་ཀྱི་ཐུན་མོང་རང་བཞིན་དོན་དུ་གཉེར་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གོང་འཕེལ། མིའི་རིགས་ཀྱི་ཞི་བདེ་སོགས་ལ་སྐུལ་འདེད་གཏོང་བ་སོགས། དམིགས་འབེན།
༼༡༽ དུས་རབས་འདིའི་སྐྱེས་ཆེན་དམ་པ་རྣམས་དང་གནའ་བོའི་ཞང་ཞུང་རིག་གནས་ཀྱི་མཁས་དབང་ཡོངས་ཀྱི་སྙིང་བཅུད། ༢༠༣༠ ལོའི་སྔོན་དུ་《ཞང་ཞུང་གི་བཀའ་འགྱུར་》པོད་ ༡༧༨ ཅན་རྒྱ་ཡིག་ཏུ་ཡོངས་སུ་བསྒྱུར་ཚར་བར་བྱ་རྒྱུ།
༼༢༽ ཞང་ཞུང་གི་བཀའ་འགྱུར་རྒྱ་ཡིག་ཏུ་ཕབ་སྒྱུར་གྱི་གོ་སྐབས་ལེགས་པོ་དང་བསྟུན་ནས། མཐོ་རིམ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཏེ། མི་སྣ་གསོ་སྐྱོང་དང་ཞིབ་འཇུག་སོགས་མཉམ་དུ་འཕེལ་རྒྱས་འབྱུང་རྒྱུ་དང་། མི་སྣ་དེ་དག་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ལ་ཤིན་ཏུ་མཁས་པའི་ཚད་ལ་འཐོན་པར་བྱ་རྒྱུ།
༼༣༽གནའ་བོའི་ཞང་ཞུང་གི་རིག་གནས་ཐ་སྙད་འབོར་ཆེན་གྱི་དོན་འགྲེལ་སོགས་རྒྱ་སྐད་དུ་མེད་པའི་སྟོང་ཆ་བསྐངས་རྒྱུ། ༼༤༽གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ལས་བྱུང་བའི་ཐ་སྙད་སྐོར་གྱི་བོད་རྒྱ་ཚིག་མཛོད་ཆེན་མོ་ཞིག་རྩོམ་སྒྲིག་བྱ་རྒྱུ་བཅས། །
།
བསམ་ཚུལ་ཕྲིས།