ཞང་ཞུང་བར་པ་དྭང་རའི་ཁུལ་གྱི་འགྲོ་བ་འདྲེན་པ་བཅུ་གསུམ།

རྩོམ་ཡིག་འདི་ཐེངས། 404 བཀླགས་འདུག

ཞང་ཞུང་བར་པའི་བླ་རི་རྟ་སྒོ་བྲག་ཆེན་དང་བླ་མཚོ་དྭང་ར་གཡུ་མཚོ།ཞང་ཞུང་བར་པ་དྭང་རའི་ཁུལ་གྱི་འགྲོ་བ་འདྲེན་པ་བཅུ་གསུམ་ནི། གནས་འགྲོ་འདྲེན་དང་། རྟེན་འགྲོ་འདྲེན། ཆུ་འགྲོ་འདྲེན། རྟེན་སྒམ་འགྲོ་འདྲེན། འབྲུག་འགྲོ་འདྲེན། ཕ་བོང་འགྲོ་འདྲེན། ཤ་བ་འགྲོ་འདྲེན། རྡོ་འགྲོ་འདྲེན། རི་འགྲོ་འདྲེན། སྒོ་ལྕགས་འགྲོ་འདྲེན། མི་འགྲོ་འདྲེན། རྩྭ་འགྲོ་འདྲེན། ས་འགྲོ་འདྲེན་དང་བཅུ་གསུམ། དེ་ཡང་ཞིབ་ཏུ་ངོས་བཟུང་ན། ༡༽ གནས་འགྲོ་འདྲེན་ནི་གཡུ་བུན་དགོན་པའི་གཡས་རི་དུང་དཀར་རི་བོ། གཡོན་རི་གཡུང་དྲུང་རི་བོ། དབུས་རི་ཤེལ་ཕུག་རི་བོ་དང་གསུམ། ༢༽ རྟེན་འགྲོ་འདྲེན་ནི་དྭང་ར་ཤེས་རབ་རིན་ཆེན་གྱིས་གཡུ་བུན་ནས་གཏེར་བཞེས་པའི་དྲན་པའི་སྐུ་རྟེན་གསུང་འབྱོན་མ། ༣༽ ཆུ་འགྲོ་འདྲེན་ནི་གཡུ་བུན་ནས་སྤྱི་ལེ་གཅིག་ཙམ་སར་ཁ་ལ་རག་ཆོག་བདུད་རྩིའི་ཁྲུས་ཆུ་ཡོད་པ་དེའོ།། ༤༽ རྟེན་སྒམ་འགྲོ་འདྲེན་ནི་ཁྱུང་རྫོང་གི་བྱང་ཕྱོགས་རྡོ་ལ་དྭང་རའི་གཏེར་སྒྲམ་རང་བྱོན་ཡོད་པ་དེའོ།། ༥༽ འབྲུག་འགྲོ་འདྲེན་ནི་གཏེར་སྒྲོམ་རང་བྱོན་ནས་སྤྱི་ལེ་གཅིག་ཙམ་སར་རྡོ་ལ་གཡུ་འབྲུག་རང་བྱོན་ཡོད་པའོ།། ༦༽ ཕ་བོང་འགྲོ་འདྲེན་ནི་འབྲུག་འགྲོ་འདྲེན་གྱི་བྱང་ངོས་སུ་ཡི་གེ་ཨ་ཡིག་རང་བྱོན་ཡོད་པ་དེའོ།། ༧༽ ཤ་བ་འགྲོ་འདྲེན་ནི་དེ་ནས་བྱང་ཕྱོགས་ཀྱི་བྲག་ལ་ཤ་བ་རང་བྱོན་འབུར་དོད་ཡོད་པའོ།། ༨༽ རྡོ་འགྲོ་འདྲེན་ནི་དེ་ནས་བྱང་ངོས་སུ་ཨར་མོ་ལི་ཀའི་རྡོ་ལེབ་ལ་མཆོད་རྟེན་ཚུལ་དུ་བང་རིམ་ཡོད་པ་དེའོ།། ༩༽ རི་འགྲོ་འདྲེན་ནི་དེ་ནས་བྱང་ཕྱོགས་སུ་གེ་ཁོད་མགོན་པོ་རྣམ་གསུམ་གྱི་རི་བོ་ལ་འཁོར་ཞང་ཞུང་ལྷ་རིགས་ཀྱིས་བསྐོར་ཞེས་པའི་ཕ་བོང་དམར་པོ་ལ་རྩེ་མོ་དཀར་དམར་གྱིས་བསྐོར་བའི་ཚུལ་དུ་ཡོད་པ་དེའོ།། ༡༠༽ སྒོ་ལྕགས་འགྲོ་འདྲེན་ནི་དྭང་རའི་ཕྱོགས་བཞིའི་རྟེན་སྒམ་བཞིའི་སྒོ་ལྕགས་ཟེར་བ་ཕ་བོང་དཀར་པོའི་ངོས་ལ་སྒོ་ལྕགས་ཀྱི་དབྱིབས་དང་ལྡན་པ་དེའོ།། ༡༡༽ མི་འགྲོ་འདྲེན་ནི་དྭང་རའི་ཕྱོགས་ཀྱི་སྐྱིད་གསུམ་འགུ་རུ་དང་།འོམ་བུའི་འགུ་རུ་གཉིས་ཀྱི་གདུང་རྒྱུད་བླ་མ་དག་ལ་འབོད། ༡༢༽ རྩྭ་འགྲོ་འདྲེན་ནི་སྔར་འོམ་བུའི་ཞིང་དཀྱིལ་དུ་སྙ་ལོ་རྩྭ་ཞེས་དགུན་མི་སྐམ་པའི་ངོ་མཚར་ཅན་གྱི་རྩྭ་ཞིག་ཡོད་པ་དེའོ།། ༡༣༽ ས་འགྲོ་འདྲེན་ནི་དྭང་ར་གཡུ་མཚོའི་བྱང་ངོས་སུ་བྱེ་མའི་ཐང་གཞུང་བདལ་ཆེན་དེར་རི་རྩེ་ནས་དཔྱིད་ཀར་བལྟས་ན་རྩྭ་སྐྱེ་སྟངས་ཀྱི་རི་མོ་ཀ་ཁ་སོགས་གསལ་བར་མཐོང་ཞིང་། དེ་བོན་གྱི་བརྟན་མ་བཅུ་གཉིས་ཀྱི་ནང་ཚན་བྱང་གི་ཀ་ཁ་གསེར་མོ་ཐང་ཞེས་གྲགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *