ཞང་ཞུང་རིག་གནས་ཀྱི་མཐའ་སྡོམ་གནད་ཀྱི་གཟེར་བུ་ཞེས་བྱ་བ།
རྩོམ་ཡིག་འདི་ཐེངས། 581 བཀླགས་འདུག
/
རྩ་བ།
/
ཞང་ཞུང་བྱ་བ་བོད་ཀྱི་ཡུལ་གྲུ་ཡིན།།
བྱ་རུའི་རྒྱལ་གཤེན་བོད་ཀྱི་མེས་པོ་ཡིན།།
སྲིད་པའི་བོན་ནི་བོད་ཀྱི་ཤེས་རིག་ཡིན།།
ཞང་བོད་ཟེར་བ་མིང་གི་རྣམ་གྲངས་ཡིན།།
___སྟོང་སྐོར་ཚེ་རིང་ཐར་གྱིས།
/
དོན་འགྲེལ།
/
གང་ལ་ལྷ་སྐལ་ཕོག་པའི་ཡུལ་གྱི་གཉན།།
རང་རིགས་མེས་པོ་དག་ལ་ཕྱག་བྱས་ཏེ།།
ཡ་ཐོག་རིག་གནས་མེ་ཏོག་ཆུན་བུའི་ཚོམ།།
ལྷག་བསམ་དག་པས་བོད་ཀྱི་སྡེ་ལ་འབུལ།།
སོག་པའི་དབྱིབས་ཅན་སྤུ་ཡི་ཡུལ་གྲུ་ན།།
ཁྲག་རྒྱུན་གཅིག་པའི་རྒྱལ་ཕྲན་མང་པོ་སྟེ།།
འཆིམ་ཡུལ་ཞང་ཞུང་སྣུབས་ཡུལ་ཞེས་པའམ།།
བཅུ་གཉིས་གྲངས་སུ་ངེས་པ་ཡི་གེར་གསལ།།
རིམ་བཞིན་དེ་ཀུན་གཅིག་ཏུ་མགོ་མདུད་ནས།།
སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཞེས་སུ་འབོད།།
དངོས་པོའི་ཆོས་ཉིད་འགྱུར་བའི་རང་བཞིན་གྱིས།།
ཞང་ཞུང་རྒྱལ་ཕྲན་སྟོབས་ལྡན་དམག་གིས་ཕྱུག།
སྟོད་སྨད་ཆེ་ཆུང་མངའ་རིས་རྒྱ་ཁྱོན་བཅས།།
མཐའ་བཞིའི་ཡིག་ཚང་ཁག་ན་ཤིན་ཏུ་བཀྲ།།
དེ་ལྟ་ནའང་བརྒྱ་ཕྲག་བདུན་པའི་སྐབས།།
ཉི་མའི་དཀྱིལ་འཁོར་སྲོང་བཙན་སྒམ་པོ་ཡིས།།
བཙན་དྲེག་ཞི་བས་བཏུལ་ཏེ་མངའ་རིས་གནང་།།
བོད་ཡུལ་སྟོད་སྨད་ཀུན་ཏུ་འགྲེམ་པར་མཛད།།
ནུབ་ཀྱི་ཕྱོགས་ན་ཁ་འབབ་རྣམ་བཞི་བཅས།།
“ཞང་ཞུང་བྱ་བ་བོད་ཀྱི་ཡུལ་གྲུ་ཡིན།། “
དབུ་ན་བྱ་ཡི་དབྱིབས་ཅན་གོ་ཐོབ་ཅན།།
བོད་རྒན་སློག་པ་ཅན་གྱི་ཁྲག་གི་རྒྱུན།།
ག་ལྗང་གཡུ་ལོ་སོགས་སུ་བོན་སྲིད་བཅས།།
ཆེ་དགུའི་གཙུག་ན་འགྱིང་བའི་བོན་པོ་རྣམས།།
རང་གཞན་དོན་རྣམས་སྒྲུབ་པའི་གཤེན་པོ་སྟེ།།
གཉའ་ཁྲི་ནས་བཟུང་བཙན་པོ་མཐའ་མའི་བར།།
ནར་མར་བྱུང་བ་ཉང་རལ་ཉི་མས་གསུངས།།
ཞི་རྒྱས་དབང་དྲེག་བཙན་པའི་རྒྱལ་ཐབས་ལ།།
གང་འབྱོན་གང་ཐབས་གནང་བ་དྲིན་གྱི་ཡུལ།།
“བྱ་རུའི་རྒྱལ་གཤེན་བོད་ཀྱི་མེས་པོ་ཡིན།།“
འབྱུང་ལྔའི་སྒོ་ང་དཀར་ནག་ཁྲ་གསུམ་ལས།།
སྨོན་པའི་མི་བོ་ལུམ་ལུམ་ཞེས་བྱ་དང་།།
ཕྱྭ་བདག་ཡེ་མཁྱེན་ཆེན་པོ་ཞེས་པ་སོགས།།
ཡ་ཐོག་གདོད་མའི་ཤེས་རིག་ཕལ་མོ་ཆེ།།
རང་རྐྱ་ཐུབ་པའི་ཚུལ་དུ་ནར་མར་འབྱུང་།།
ཆབ་ནག་ཆབ་དཀར་སྲིད་པ་བོན་པོའི་རབས།།
འཇིག་རྟེན་སྐྱོང་བྱེད་ཕྱྭ་སྣང་འཕྲུལ་སྲིད་བཞི།།
ཐར་ལམ་སྟོན་བྱེད་འབྲས་བུའི་བོན་རིགས་བཞི།།
ཁྱད་ཅན་ཐེག་པ་ཡང་རྩེ་དང་བཅས་དགུ།།
བོན་ལུགས་རིག་གནས་བགྲང་དུ་ག་ལ་ལོང་།།
འདི་དག་མེས་པོའི་བློ་ཡི་ནམ་མཁའ་ལས།།
ཐང་མར་བརྡལ་བའི་ཤེས་རིག་སྐར་ཚོགས་ཏེ།།
“སྲིད་པའི་བོན་ནི་བོད་ཀྱི་ཤེས་རིག་ཡིན།།“
སྙིགས་དུས་མི་ལ་ཁྲེལ་དང་ངོ་ཚ་དཀོན།།
གཞན་གྱི་དགའ་བས་རང་ནི་རྣམ་པར་རྒུད།།
ཡིན་མིན་རྣམ་གཞག་ཞིབ་ཏུ་མ་དཔྱད་པར།།
སྟ་རེ་ཕ་རྒན་མགོ་ལ་འཕྱར་བ་མཚང་།།
ཞང་བོད་ཅེས་སུ་འདོགས་པ་མཚར་རོ་ཞེས།།
ཡ་མཚར་མཛུབ་མོ་ཁ་ལ་འཛུགས་ཁུལ་བྱེད།།
བོད་མིའི་སྤྱི་ནོར་ཞིང་གི་མཐུ་ཆེན་དང་།།
ཀ་ཀྱཱ་ཁྱུང་སྤྲུལ་ནམ་མཁའ་ནོར་བུའི་ཞབས།།
བོད་སེམས་ཅན་གྱི་མཁས་མང་ཞལ་སྒོ་ལས།།
ཞང་བོད་ཐོན་པ་ཁོ་བོས་དངོས་སུ་གསན།།
རྣམ་རྟོག་འདྲེ་མོའི་སྟུ་སྒོར་ཡིད་ཆེས་ཅི།།
འགྲེང་ལྟོག་མཐའ་ལ་ལྷུང་ན་སྦུད་པ་གཏོང་།།
ཞང་བོད་སྦྱར་ན་ཞང་ཞུང་ལོག་ཏུ་མིན།།
སུམ་བོད་སྦྱར་ན་སུམ་པ་ལོག་ཏུ་མིན།།
ཁམས་བོད་སྦྱར་ན་ཁམས་པ་ལོག་ཏུ་མིན།།
རྣམ་རྟོག་འདྲེ་རྒུའི་གཏམ་སྒོ་སུ་ཡིས་ཕྱེ།།
ཞང་བོད་བྱ་བ་ཡ་ཐོག་རིག་གནས་ཀྱི།།
མིང་གི་རྣམ་གྲངས་ཙམ་དུ་ཐོགས་པ་སྟེ།།
ཉི་མར་རྟ་བདུན་དབང་སོགས་མང་པོ་དང་།།
ཚེ་ལོ་རྒྱལ་ལ་ཚེ་བྷ་ཚེ་ཁོ་སོགས།།
མིང་གི་རྣམས་གྲངས་མེས་པོའི་ངག་ན་སྟེ།།
འདི་ལ་མི་འདོད་ཅེས་ཏེ་སུ་ཞིག་སྨྲ།།
མདོར་ན་ཞང་ཞུང་བོད་ཅེས་བྱ་བ་བསྡུས།།
“ཞང་བོད་ཅེས་པ་མིང་གི་རྣམ་གྲངས་ཡིན།།“
དེ་སྐད་ལྷག་བསམ་དག་པའི་ཀུན་སློང་དང་།།
བོད་རྒན་སློག་པ་ཅན་གྱི་བསམ་པའི་ནོར།།
རང་གི་གཅེས་པའི་རིག་གཞུང་སྤེལ་ཕྱིར་ཏུ།།
དོན་འགྲེལ་གནད་ཀྱི་གཟེར་བུ་ཁོ་བོས་བཏབ།།
ཅ་ཅོར་འདྲེ་མོའི་རྣམ་རྟོག་སྙིང་ལ་ཞུགས།།
ཤེས་པ་གདོན་གྱིས་བཟུང་བའི་སྨྲ་མང་སྒོར།།
ལུང་རིགས་གནད་ཀྱི་གཟེར་བུ་ལན་གྲངས་ཏུ།།
འདེབས་པ་འདི་ནི་སྐལ་བ་བཟང་པོའི་རྟགས།།
___ཅེས་པ་འདི་ནི་དེང་སང་དཔེ་ཀློག་ཐོས་བསམ་ལ་མི་བརྩོན་པར་བོད་ཀྱི་རིག་གཞུང་ལ་ཐབས་དང་ཐབས་བྱུང་དུ་མའི་སྒོ་ནས་འཆད་རྩོད་རྩོམ་གསུམ་གནང་མཁན་གྱི་རིས་མེད་སྐྱེས་བུ་ཡོངས་ལ་འཐབ་ཀྲོལ་དང་ངན་སྨྲས་སོགས་གང་འདོད་གང་དྲན་སྨྲ་བའི་སྐྱེ་བོ་བདུད་ཀྱི་སྨྲ་སྒོ་ཅན་རྣམས་ཀྱི་བསམ་པའི་ངོར་བོད་ཀྱི་རིག་གཞུང་ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ་གྱིས་ལུང་རིགས་ཀྱི་སྒྲུབ་བྱེད་དང་བཅས་ཡུལ་དབུས་ལྷ་སའི་རང་ཁྱིམ་ཉི་འོད་ཅན་ནས་ཤར་མར་བྲིས་ཏེ་སྤྲིངས་པ་ཡིན་ལ་འདིས་ཀྱང་བོད་ཀྱི་རིག་གཞུང་མི་ཉམས་གོང་སྤེལ་ལ་ཕན་ཐོགས་པར་གྱུར་ཅིག
ཕྱི་ལོ༢༠༡༦/༡/༡༦/ལ།
བསམ་ཚུལ་ཕྲིས།