རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་ངོ་སྤྲོད།
རྩོམ་ཡིག་འདི་ཐེངས། 655 བཀླགས་འདུག
རྒྱལ་སྤྱིའི་བོན་རིག་པའི་ཚོགས་ཆེན་གྱི་དམིགས་ཡུལ།
/
སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་བྱུང་རབས་གནས་སྟངས་སྐོར་གྱི་ལོ་རྒྱུས་ཞིབ་འཇུག་གི་ལམ་ནས་དག་ཐེར་ངོ་སྤྲོད་དང་། སྒོས་སུ་དུས་རབས་ཀྱི་འགྲོས་དང་བསྟུན་པའི་སྒོ་ནས་འཛམ་བུ་གླིང་གི་ཆོས་ལུགས་ཁག་ལ་ཕན་ཚུན་མཐུན་ལམ་དང་འབྲེལ་ལམ་གོང་འཕེལ་ཡོང་བའི་རེ་བ་དང་། ཡང་སྒོས་སུ་བོན་གྱི་བསྟན་པ་འདི་ལ་སྔ་ཕྱི་བར་གསུམ་དུ་གང་ཟག་ཆེ་གེ་མོ་འགའ་ཞིག་ནས་ཆགས་སྡང་རུ་ཏྲའི་དབང་གིས་སྨ་འབེབས་དང་ཟུར་ཟ་ལོག་བཤད་འཁྱོག་བཤད་སོགས་བྱས་པའི་རྐྱེན་གྱིས་ཡང་དག་པའི་ལོ་རྒྱུས་སོགས་མི་ཤེས་པའི་སྐྱེ་བོ་མང་པོ་ཞིག་མགོ་བོ་རྨོངས་སུ་བཅུག་སྟེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ཡང་དག་པའི་ཆོས་ལུགས་ཞིག་མ་ཡིན་ཚུལ་དང་། ནང་པ་སངས་རྒྱ ས་པ་མ་རེད་ཟེར་བ་དང་། མུ་སྟེགས་པ་རེད་ཟེར་བ་དང་། བོན་ནག་དམར་མཆོད་འབུལ་མཁན་རེད་ཟེར་བ་སོགས་མདོར་ན་བོན་གྱི་རྒྱུད་གཞུང་དང་ལོ་རྒྱུས་སོགས་གང་ལ་མ་གསལ་བའི་བོན་དཀར་བོན་ནག་ཟེར་བ་དང་། འཁྱལ་བོན་གདོལ་བོན་བསྒྱུར་བོན་སོགས་ཆོས་ལུགས་ལོག་པ་ཅན་ཞིག་ཏུ་རློམ་པའི་གང་ཟག་རྣམས་ལ་བོན་ཆོས་ཇི་ལྟར་ཡིན་མིན་ངོ་སྤྲོད་དང་གསལ་བཤད་བྱ་རྒྱུའི་ཆེད་དང་། ཁྱད་པར་དུ་དུས་རབས་བདུན་པའི་ཡར་སྔོན་ལ་ཞང་བོད་ཀྱི་ལྗོངས་སུ་ས་སྐྱེས་རྡོ་སྐྱེས་སུ་བྱུང་བའི་ཞང་བོད་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། སྐད་དང་ཡི་གེ སྒྱུ་རྩལ་དང་རིག་གནས། འཚོ་བའི་གནས་སྟངས་སོགས་མཐའ་དག་བོན་རིག་པ་དང་འབྲེལ་བ་མ་ཆགས་པ་ཆེས་མེད་ཀྱང་། ད་བར་དེ་བཞིན་དུ་བློ་གཟུ་བོར་གནས་པའི་སྒོ་ནས་ཡིན་ལུགས་ཚུལ་བཞིན་བཤད་མཁན་དང་ཞིབ་འཇུག་གནང་མཁན་ཆེས་ཉུང་བ་མ་ཟད། བར་དེར་ཆོས་ལུགས་ཀྱི་འཐབ་རྩོད་ནི་དུས་རབས་ནས་དུས་རབས་ལོ་རབས་ནས་ལོ་རབས་སུ་རིམ་པར་བྱུང་བའི་རྐྱེན་གྱིས་བོད་གངས་ཅན་ལྗོངས་ཀྱི་མཁས་པའི་མཚན་ཅན་མང་དག་ཅིག་གིས་ཆོས་ལུགས་རུ་ཏྲའི་དབང་གིས་འཁྱོག་བཤད་དང་ལོག་བཤད་ཇི་སྙེད་ཅིག་ད་བར་ཁྱབ་སྤེལ་སོགས་བྱས་དང་བྱེད་མུས་རྣམས་ལ་ང་དང་ཁྱོད་ཟེར་ནས་རྒོལ་ལན་ཁ་ཕོད་ཀྱིས་དགག་རྩོད་སོགས་ཀྱིས་ཚིག་མཚོན་འདེབས་མི་དགོས་པར་ཡིན་ལུགས་ཇི་བཞིན་བདེན་པའི་ལམ་ནས་བོན་རིག་པའི་གནད་དོན་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་རིས་སུ་མ་ཆད་པའི་ཆོས་རྒྱུད་ཁག་གི་སྐུ་ཚབ་མཁས་དབང་རྣམ་པ་དང་རྩོམ་པ་པོ་རྣམjཔས་བློ་གཟུ་བོར་གནས་པའི་སྒོ་ནས་དྲང་བཤད་ཀྱི་མཐའ་བསྡོམས་རྣམས་རྒྱལ་སྤྱིའི་གཟུར་གནས་མཁས་པའི་མདུན་སར་བགྲོ་གླེང་གི་ལམ་ནས་གྲུབ་ཐོ་ཚད་ལྡན་ཞིག་འཇོག་ཐུབ་པའི་རེ་འདུན་ཡོད།
རྒྱལ་སྤྱིའི་བོན་རིག་པའི་ཚོགས་ཆེན་གྱི་དགོས་པ།
དེ་ལྟར་དུས་རབས་རྙིང་པའི་སྐབས་སུ་ལྷ་སྒྲུང་དང་རྨོངས་དད་ཆགས་སྡང་དང་རུ་ཏྲ་སོགས་ཀྱི་དབང་གིས་དངོས་ཡོད་གནས་ཚུལ་གྱི་ལོ་རྒྱུས་བཤད་མཁན་ཆེས་དཀོན་པས་དེར་བརྟེན་ད་ལན་དུས་རབས་ཉེར་གཅིག་པའི་སྐབས་སུ་འཛམ་བུ་གླིང་འདིར་ཆོས་ལུགས་ཕན་ཚུན་དབར་ལ་མཐུན་ལམ་གོང་འཕེལ་འགྲོ་དང་འགྲོ་བཞིན་པ་མ་ཟད། ལྷག་པར་དུ་དུས་རབས་འདིར་མཁས་པ་ཕལ་མོ་ཆེས་དྲང་བདེན་གྱི་ལམ་ནས་གནའ་བོའི་ཆོས་རིག་གོམས་སྲོལ་སོགས་ལ་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་བསྡུར་དང་ཞིབ་འཇུག་སོགས་བགྲོ་གླེང་གནང་རྒྱུར་དགྱེས་སྤྲོ་ཆེན་པོ་མཛད་པའི་དུས་ལ་བབ་པར་སོང་ཙང་།
༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་གནང་བའི་བཀའ་ཡིག
དེར་བརྟེན་རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་ཞེས་པ་འདི་བཞིན་ཚོགས་ཐུབ་ན་སྙམ་པའི་རེ་བ་སྙིང་བཅང་ཡོད་ཁར་དགེ་བཤེས་ཕུན་ཚོགས་ཉི་མ་མཆོག་ནས་གཤེན་བསྟན་གླེང་སར་འདི་བཞིན་བོན་གྱི་བགྲོ་གླེང་ཞིག་འཚོགས་ཐུབ་ན་དགེ་མཚན་ཆེ་བར་གསུངས་པ་ལ་བརྟེན་ནས་གཤེན་བསྟན་གླེང་སའི་སྐད་འཕྲིན་གྱི་དྲྭ་ཚོགས་སུ་ཡོད་པའི་གཡུང་དྲུང་བོན་གྱི་མཁས་དབང་བླ་སྤྲུལ་དགེ་བཤེས་རྣམ་པ་གཙོས་གཡུང་དྲུང་སྤུན་གྲོགས་ཚོས་རྒྱབ་སྐྱོར་དང་སྦྲགས་དེ་ལྟར་བོན་གྱི་བགྲོ་གླེང་ཆེན་མོ་ཞིག་འཚོགས་ཐུབ་ན་དགེ་མཚན་རྒྱ་ཆེན་པོ་ཡོང་རེའི་དགོངས་འཆར་མང་པོ་བྱུང་བར་བརྒྱུད། སྤུ་རྒྱལ་བ་དགེ་བཤེས་ཉི་མ་རྒྱལ་མཚན་མཆོག་གིས༼བོན་བགྲོ་གླེང་༽ཞེས་པའི་སྐད་འཕྲིན་གྱི་དྲྭ་ཚིགས་གསར་པ་ཞིག་སྒོ་འབྱེད་ཞུས་པ་དང་སྦྲགས་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བཤེས་མཁས་དབང་གཙོས་བོད་ཕྱི་ནང་གཉིས་ནས་བོན་གྱི་གནད་ཡོད་ཀྱི་མི་སྣ་མང་དག་ཅིག་གདན་ཞུས་མཉམ་ཞུགས་ཐོག་རྒྱལ་སྤྱིའི་བོན་བགྲོ་གླེང་ཚོགས་ཆེན་ཞིག་འཚོགས་ཐུབ་པར་རེ་བ་དང་ཡིད་ཆེས་ཀྱི་སྒོ་ནས་ཐག་གཅོད་བྱས་ཏེ་དྲྭ་ཚོགས་སུ་འཆར་གཞི་དང་ཆ་རྐྱེན་སོགས་ཀྱི་སྐོར་ལ་དགོངས་སྐོར་དང་བཀའ་སློབ་ལམ་སྟོན་བཅས་ཀྱི་བགྲོ་གླེང་ལྷུག་པོར་གནང་བར་ཀུན་གྱིས་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་བ་མ་ཟད་དྲྭ་ཐོག་ནས་མང་མོས་ཐོག་མཐའ་དོན་ཐག་གཅོད་བྱུང་དོན་གཤམ་གསལ། ཐེངས་དང་པོའི་རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་འདི་བཞིན་འཚོགས་ཡུལ་བལ་ཡུལ་གྱི་རྒྱལ་ས་ཀཋ་མན་གྲུ་ལ་འཚོགས་རྒྱུར་གཏན་འབེབས་ཟིན་ནས་ཚོགས་ཡུལ་དང་བསྟུན་པའི་སྒོ་ནས་རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་གྱི་གོ་སྒྲིག་གནང་མཁན་ནམ་རྒྱུན་ལས་མི་དགུ་འོས་བསྡུའི་ལམ་ནས་གཏན་འབེབས་གནང་ཐུབ་པར་བྱུང་ཡོད། དེ་ཡང་འོས་ཐོབ་རྒྱུན་ལས་རྣམས་སྤྱི་ལོ་༢༠༡༥ཟླ་༣ཚེས་༤ཉིན་དངོས་སུ་ཚོགས་འདུ་ཚོགས་ཏེ་ཚོགས་པའི་མིང་དང་ལས་རྟགས་ལས་ཐམ་ཚོགས་སྟངས་སོགས་གཏན་འབེབས་བྱས།
རྒྱུན་ལས་ཀྱི་ལས་གནས་སོ་སོར་བསྐོ་བཞག་ཟིན་ནས་ཕྱི་ཉིན་རྒྱུན་ལས་རྣམས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་མཇལ་བཅར་གྱིས་རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་གྱི་དམིགས་ཡུལ་དང་འཆར་གཞི་རྣམས་སྙན་སྒྲོན་ཞུས་པར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་དགྱེས་ཚོར་ཆེན་པོའི་སྒོ་ནས་ཚོགས་ཆེན་གྱི་བརྗོད་གཞིའི་སྐོར་སོགས་ལ་བཀའ་སློབ་ལམ་སྟོན་བཀའ་དྲིན་ཟབ་མོ་ཐོབ་པ་བྱུང་།
/
སྤྱི་ལོ་༢༠༡༥ཟླ་༣ཚེས་༡༣ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཆེ་གསུམ་ཆེད་བཅར་གྱིས་མཇལ་ཁ་ཞུས་ཏེ་རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་གྱི་དམིགས་ཡུལ་དང་འཆར་གཞི་སོགས་སྙན་སྒྲོན་ཞུས་པར་བསྔགས་བརྗོད་དང་སྦྲགས་བཀའ་སློབ་ལམ་སྟོན་བཀའ་དྲིན་ཟབ་མོ་ཐོབ་པ་མ་ཟད།
༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་གནང་བའི་བཀའ་ཡིག
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་འདི་ལ་རྒྱབ་སྐྱོར་དང་མཐུན་འབྱོར་རོགས་རམ་དགོས་པའི་བཀའ་ཡིག་ས་རྟགས་དང་བཅས་པ་ཚོགས་པར་བཀའ་དྲིན་སྐྱབས་འཇུག་གནང་བ་ཟུར་གསལ་ལྟར་ལགས་པས་དེ་དོན་བོན་ལུགས་འཛིན་པ་གཙོས་ཀུན་གྱིས་བཀའ་གསུང་གྱེན་ལྡོག་མེད་པར་རྒྱབ་སྐྱོར་དང་རོགས་རམ་ཅི་ནས་ཀྱང་ཡོང་བའི་ཡིད་ཆེས་ཡོད་ཞུ།
རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་གྱི་ལས་རིམ་གྱི་སྐོར།
བརྗོད་གཞི་ཁག་གཤམ་གསལ།
༡༽སྟོན་པ་གཤེན་རབ་མཛད་རྣམ་སྐོར།
༢༽ཞང་ཞུང་རྒྱལ་རབས་སྐོར།
༣༽ཞང་ཞུང་ཤེས་རིག་སྐོར།
༤༽ཞང་ཞུང་གི་ས་ཁྱོན་སྐོར།
༥༽ བོན་གྱི་ཐེག་དགུའི་སྐོར།
༦༽བོན་གྱི་རྫོགས་ཆེན་བྱུང་རིམ་སྐོར།
༧༽བོན་གྱི་འདུ་གནས་སོ་བདུན་སྐོར།
༨༽དུས་རབས་བདུན་པའི་ཡར་སྔོན་ཚད་མ་རིག་པའི་བྱུང་རིམ་སྐོར།
༩༽བོན་གྱི་འདུལ་བསྟན་དར་ནུབ་སྐོར།
༡༠༽ བོན་གྱི་གཏེར་སྟོན་སྐོར།
༡༡༽ གདོད་མའི་བོན་དང་གཡུང་དྲུང་བོན་གྱི་ཁྱད་པར་སྐོར།
༡༢༽ནང་པ་དང་ཕྱི་པ་ཞེས་པའི་ལྟ་གྲུབ་སྐོར།
༡༣༽འཇའ་ལུས་འཕོ་ཆེན་ཉེར་བཞིའི་སྐོར།
༡༤༽ཐུན་མིན་བོན་གྱི་བརྡ་རྟགས་སྐོར།
༡༥༽ དུས་རབས་བདུན་པའི་ཡར་སྔོན་མདོ་སྔགས་རྫོགས་གསུམ་སྐོར།
༡༦༽མངའ་མཛད་བཅུ་གཉིས་སྐོར།
༡༧༽ སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་སྐོར།
༡༨༽ དུས་རབས་བདུན་པའི་ཡར་སྔོན་བོན་གྱི་གཞི་ལམ་འབྲས་གསུམ་སྐོར།
༡༩༽གནའ་བོའི་རྒྱུན་ཤེས་འཚོ་བའི་སྐོར།
༢༠༽ བོད་ཀྱི་ཡུལ་ལྷའི་སྐོར།
༢༡༽ དུས་རབས་བདུན་པའི་ཡར་སྔོན་ཡི་གེའི་བྱུང་རིམ་སྐོར།
༢༢༽བོད་ཀྱི་ཐོག་མའི་དགོན་སྡེའི་སྐོར།
༢༣༽བོད་ཀྱི་བཙན་པོའི་རྒྱལ་རབས་སྐོར།
༢༤༽གནའ་བོའི་བོད་ཀྱི་གཉེན་སྒྲིག་སྐོར།
༢༥༽བོད་ཀྱི་རིིག་པའི་གནས་ལྔའི་སྐོར།
བཅས་ཀྱི་བརྗོད་གཞི་གཏན་འབེབས་ཞུས་དོན་ལྟར་ལས་གཞན་པའི་འབྲེལ་མེད་ཀྱི་བརྗོད་གཞིའི་ཐོག་ནས་བགྲོ་གླེང་ཅི་ཡང་ཞུ་ལམ་མེད་པར་མཁྱེན་གལ་ཆེ།
༼༢༽ཚོགས་ཞུགས་གསུང་བཤད་གནང་མཁན་མཁས་དབང་རྣམ་པ་དང་རྩོམ་པ་པོ་རྣམ་པ་སོ་སོ་ནས་གོང་གསལ་གྱི་བརྗོད་གཞིའི་ཁོངས་ནས་བདམས་ཏེ་ཚོགས་ཆེན་ཐོག་བགྲོ་གླེང་གནང་རྒྱུའི་རྩོམ་ཡིག་གི་སྙིང་དོན་མདོར་བསྡུས་ཚིག་དགུ་བརྒྱ་ལས་མ་མང་པ་དང་བདུན་བརྒྱ་ལས་མ་ཉུང་བ་ཞིག་དང། སོ་སོའི་ངོ་སྤྲོད་མདོར་བསྡུས་རེ་དང་འབྲེལ་བ་གནང་སའི་མྱུར་འཕྲིན་སོགས་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་གསལ་པོར་འཁོད་པའི་སྤྱི་ལོ་༢༠༡༦ཟླ་༤་ཚེས་༡ལས་མ་འགྱངས་པར་གཤམ་གསལ་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་གྱི་མྱུར་འཕྲིན་ཐོག་ཏུ་ངེས་འབྱོར་ཐུབ་པར་དགོས།
༼༣༽དེ་ནས་སྤྱི་ལོ་༢༠༡༦ཟླ་༥ཚེས་༡༥ཚུན་ལ་སྐུ་ཉིད་ཀྱི་རྩོམ་ཡིག་དེ་ཚད་གཞི་ལོན་ན་སྐུ་ཉིད་ལ་འབྲེལ་ལམ་ཞུ་ནས་ཕེབས་བསུའི་མགྲོན་ཤོག་གཏོང་འཐུས་ཆོག་པར་ཞུ།
༼༤༽ཚོགས་ཞུགས་གསུང་བཤད་གནང་མཁན་སུ་ཡིན་ནའང་ཚོགས་ཐོག་ཏུ་གསུང་བཤད་གང་གནང་བ་དེ་ཡིག་ཐོག་ཏུ་ངེས་པར་བོན་རིག་པའི་བགྲོ་གླེང་ཚོགས་ཆེན་ཐོག་ཏུ་འཇོག་དགོས་པས་རྩོམ་ཡིག་རྣམས་ཕྱོགས་བསྒྲིགས་ཀྱིས་དེབ་གཟུགས་སུ་དཔར་སྐྲུན་ཞུ་འཆར་ཡོད།
༼༥༽གསུང་བཤད་ཀྱི་དུས་ཡུན་ནི་སྐར་མ་ཉི་ཤུ་དང་དྲི་བ་དྲིས་ལན་སྐར་མ་བཅུ་རིང་ཡིན་པས་དེ་ལུགས་སུ་གསུང་བཤད་ཀྱི་རྩོམ་ཡིག་རིང་ཐུང་རན་པར་གོ་སྒྲིག་གནང་རོགས།
༼༦༽སྤྱིར་བགྲོ་གླེང་གནང་མཁན་དམིགས་བསལ་གདན་ཞུས་མཁས་དབང་རྣམ་པ་དང་དེ་མིན་རྩོམ་ཡིག་ཚད་ལོན་བྱུང་རིགས་རྣམས་དུས་ཚོད་གོང་བཞིན་སྤྲོད་རྒྱུར་མ་ཟད་གཞན་ཡུལ་དུས་སོགས་ཀྱིས་རྐྱེན་པས་གནད་ཡོད་ཀྱི་རྩོམ་པ་པོ་གང་ཞིག་སྐུ་ཉིད་ཆེད་ཕེབས་མ་ཐུབ་ཚེ་རྩོམ་ཡིག་ཀློག་འདོན་གྱི་དུས་ཚོད་འཕར་མ་སྤྲོད་རྒྱུ་ཡིན་པས་ངེས་པར་དུ་རྩོམ་ཡིག་བསྐུར་གནང་ཡོད་པར་མཁྱེན།
༼༧༽ཚོགས་དུས་དང་ཚོགས་ཡུལ་ནི་སྤྱི་ལོ་༢༠༡༦ཟླ་༧ཚེས་༣༡ནས་སྤྱི་ཟླ་༨ཚེས་༦བར་ཉིན་བདུན་རིང་བལ་ཡུལ་གྱི་རྒྱལ་ས་ཀཋ་མན་གྲུ་རུ་འཚོགས་རྒྱུ་དང་དེ་ཡང་རྒྱལ་ཁབ་གཞུང་ལ་ཆེད་དམིགས་དེབ་སྐྱེལ་ཞུས་ཡོད་ཙང་བལ་གཞུང་ནས་ངོས་འཛིན་ཡོད་པའི་སྒོ་ནས་འཚོགས་འཆར་ཡོད།
༼༨༽དམིགས་བསལ་གདན་ཞུས་གསུང་བཤད་གནང་མཁན་གྱི་སྐུ་མགྲོན་རྣམ་པ་ལ་ལམ་གྲོན་དང་ཚོགས་དུས་རིང་དང་ཚོགས་དུས་ཀྱི་སྔ་རྗེས་བཅས་སུ་བསྡོམས་ཉིན་དགུའི་རིང་ལ་མགྲོན་ཁང་སོགས་ལ་གོ་སྒྲིག་ཆ་ཚང་ཡོད་ཞུ་རྒྱུ་དང་གཞན་པ་གསུང་བཤད་གནང་མཁན་ཚོགས་ཞུགས་རྣམ་པར་ཚོགས་དུས་རིང་ཞལ་ལག་ཆ་ཚང་ཡོད་ཀྱང་ལམ་གྲོན་དང་བཞུགས་ས་སོགས་ནི་སོ་སོས་མཐུན་འབྱོར་ཐུབ་པར་གནང་རོགས་ཞུ་རྒྱུ་ལགས། གལ་སྲིད་ཚོགས་པར་སྦྱིན་བདག་སོགས་དཔལ་འབྱོར་གྱི་མཐུན་སྦྱོར་གནང་མཁན་རག་ན་དེ་བཞིན་དེ་ལུགས་སུ་མཐུན་སྦྱོར་ཞུ་རྒྱུ་ཡིན།
གསུང་བཤད་གནང་མཁན་མ་ཡིན་ཀྱང་ཟུར་ཉན་དང་ཚོགས་ཞུགས་སུ་ཡིན་ནའང་ཉིན་གུང་གི་གསོལ་ཚིགས་དང་གསོལ་ཇ་བཅས་གོ་སྒྲིག་ཡོད།
༼༩༽ཚོགས་ཞུགས་གསུང་བཤད་གནང་མཁན་སུ་ཡིན་ནའང་སྤྱི་ལོ་༢༠༡༦ཟླ་༦་ཚེས་༡༥སྔོན་ལ་ངེས་པར་དུ་ཐོ་འགོད་དེབ་སྐྱེལ་གནང་ཟིན་པ་དགོས། ཚོགས་ཞུགས་མི་རེས་བལ་སྒོར་༡༦༠༠༠ཐམ་པ་༼ཨ་སྒོར་ལ་བསྒྱུར་ན་༡༦༥༽གཤམ་གསལ་དངུལ་ཁང་གི་ཁ་བྱང་ཐོག་ཏུ་བསྐུར་གཏོང་གནང་སྟེ་ཐོ་འགོད་དེབ་སྐྱེལ་ཆེད་གནང་རོགས་ཞུ།
འོས་ཐོན་བྱུང་བའི་རྒྱུན་ལས་ནི།
༡༽ཚོགས་གཙོ། སྤུ་རྒྱལ་བ་དགེ་བཤེས་ཉི་མ་རྒྱལ་མཚན།
༢༽ཚོགས་གཞོན། ཨ་ཀྲོང་རིན་ཆེན་རྒྱལ་མཚན།
༣༽དྲུང་ཆེ། ཨཙརྱ་དོན་འགྲུབ་དབང་འདུས།
༤༽དྲུང་གཞོན། འབུམ་རམས་པ་ག་གཟི་བཟང་མོ།
༥༽དངུལ་གཉེར། དགེ་བཤེས་སངས་རྒྱས་ཡེ་ཤེས།
༦༽རྩིས་པ། ཨཙརྱ་བསྟན་འཛིན་དབང་ཕྱུག
༧༽དཔལ་འབྱོར་འགན་འཛིན། རྨ་རོང་ཚུལ་ཁྲིམས་རྒྱ་མཚོ།
༨༽དཔལ་འབྱོར་ལས་རོགས། སྨན་པ་བཀའ་བཅུ་པ་གཡུང་དྲུང་ཚེ་དབང་།
༩༽མགྲོན་གཉེར། ཨཙརྱ་ཚེ་སྐྱིད།
/
།
དངུལ་ཁང་གི་ཁ་བྱང་གཤམ་གསལ།
International Association of Bon Studies
Current Account-NPR
02401030255905
Boudha 6 Kathmandu Nepal
Phone No,977-14911002
འབྲེལ་བ་གནང་ཡུལ།
ལས་ཁུངས་ཀྱི་ཁ་པར། 977-14911002
དྲ་བ། http://bonstudies.org/tb/
མྱུར་འཕྲིན། E-mail:niabs2016@gmail.com
International Association of Bon Studies
Boudha phurbari word no 6 P.O box4287 Kathmandu Nepal
།
རྒྱལ་སྤྱིའི་བོན་རིག་པའི་གོ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ་༢༠༡༦ཟླ་༡ཚེས་༢་ཉིན།
།
བསམ་ཚུལ་ཕྲིས།