བོན་གྱི་བསྟན་སྲུང་སྐོར།

རྩོམ་ཡིག་འདི་ཐེངས། 908 བཀླགས་འདུག

IMG_6422ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་སྲུང་གཙོ་བོ་བོན་སྐྱོང་ཕོ་རྒྱུད་དང་མོ་རྒྱུད་ཀྱི་སྡེ་གཉིས་ཡོད་པའི་ཕོ་རྒྱུད་ནི། བསྟན་སྲུང་རྨ་གཉན་པོམ་ར། མི་བདུད་འབྱམས་པ་ཁྲག་མགོ། བྲག་བཙན་ཨ་བསེ་རྒྱལ་བ། བཙན་རྒོད་ཧུར་པ་གསོད་རྐྱེན། རྒྱལ་པོ་ཉི་པང་སད། ནོར་བདག་ཀུ་བེ་ར། རྒྱལ་ཆེན་ཤེལ་ཁྲབ་འབར་བ། རྒྱལ་ཆེན་གྲགས་སེང་། རྗེ་ཡི་མགུལ་ལྷ་བཅུ་གསུམ་ལ་སོགས་དམ་ཅན་ཕོ་རྒྱུད་ཀྱི་སྡེ་དང་། མོ་རྒྱུད་ལ་མ་མཆོག་སྲིད་པའི་རྒྱལ་མོ་དྲེའུ་དམར་ནག་གཉིས། སྲིད་པའི་རྒྱལ་མོ་སྡེ་དྲུག སྲིད་རྒྱལ་གྱི་སྐུ་གསུང་ཐུགས་ལས་སྤུལ་པའི་དབལ་མོ་ཉེར་བདུན། བཀའ་ཡི་བྱ་ར་མ་གསུམ། བཀའ་བློན་དུས་བཞིའི་རྒྱལ་མོ་བཞི། དམ་ཅན་ཡུམ་སྲས་སྡེ་ལྔ། དམག་དཔོན་མ་དགུ། སྒྲ་བླའི་རྒྱལ་མོ། བྱང་སྨན་ཀུ་མ་ར། གསང་ཡུམ་ཀླུ་མོ་འོད་འབར། ཡང་སྤུལ་བརྟན་མ་བཅུ་གཉིས་སོགས་དམ་ཅན་མོ་རྒྱུད་ཀྱི་སྡེ་བཅས་ཡོད། གཞན་ཡང་གསས་མཁར་མཆོག་ལྔ་ལ་སོགས་ཡི་དམ་ཁག་གི་སྒེར་སྲུང་དང་། བྲུ་ཞུ་སྤ་རྨེའི་དགོན་གནས་སོགས་དགོན་སྡེ་ཁག་དང་། ལུགས་སོ་སོའི་སྒེར་སྲུང་མི་འདྲ་བ་ཡོད་ཀྱང་། སྲིད་པ་རྒྱལ་མོ་ནི་སྔོན་སྟོན་པ་གཤེན་རབ་ཀྱི་དུས་ནས་བཟུང་ད་ལྟའི་བར་དུ་བོན་པོ་ཡོངས་ཀྱིས་སྲུང་མ་ཁྱད་པར་ཅན་ཞིག་ཏུ་བརྩིས་ནས་མཆོད་བསྟོད་བྱེད་སྲོལ་རྒྱུན་འཇག་བྱུང་ཡོད། ཡ་མཚན་པ་ཞིག་ལ་ལྷ་སའི་སྟོད་ལུང་གི་སྡེ་རྣམས་སྔར་བོན་ཆོས་ལ་དད་མཁན་འབའ་ཞིག་ཡིན་ན་ཡང་། སྤྱི་ཚོགས་ཀྱི་འགྱུར་ལྡོག་འོག་ཕྱིས་སུ་གྲུབ་མཐའ་གཞན་ཞིག་གི་ངོ་བོར་གྱུར་ཀྱང་དད་ལྡན་མང་ཚོགས་རྣམས་ཀྱིས་ད་བར་དུ་སྲིད་རྒྱལ་ལྷ་ཁང་བཞེངས་ནས་སྲིད་པ་རྒྱལ་མོར་སྐོང་གསོལ་འཕྲིན་བཅོལ་རྒྱུན་ལྡན་བྱེད་པའི་གོམས་གཤིས་ཡོད་པ་ནི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན། དེ་བཞིན་ཀོང་པོ་དེ་མོའི་སྲིད་རྒྱལ་བླ་མཚོ་དང་། སྟོད་ལུང་ཕུ་ཡི་སྲིད་རྒྱལ་བླ་མཚོ་སོགས་བོད་ཡུལ་སྟོད་སྨད་ཁག་ལ་སྲིད་རྒྱལ་བླ་མཚོ་དང་། བླ་ཤུག་ཟེར་བ་ཡང་མང་པོ་མཇལ་རྒྱུ་ཡོད་དོ།།

ཏི་སེའི་བུ་ནས།༢༠༡༦། ༡། ༡།ཉིན་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *