ད་ལོའི་བདག་གི་འཐུས་ཤོར་དགུ།

རྩོམ་ཡིག་འདི་ཐེངས། 349 བཀླགས་འདུག

 

སྐྱིད་ཟ་སྐྱིད་ཉལ་གདན་དཀར་འདབ་མའི་སྟེང་།།

འདོད་པའི་འཕུར་ལྡིང་རྩེན་པའི་གཤོག་འགྱུའི་གླུ།།

ལེ་ལོ་རྣ་བས་རྩི་རུ་མ་བླངས་པར།།

དོན་ལྡན་སྦྲང་རྩིར་འབད་པ་འཐུས་ཤོར་གཅིག །

ང་རྒྱལ་རི་བོའི་མགོ་ལ་སྐེས་བཙུགས་ཏེ།།

ཆེ་སྒྲོག་རླུང་ལ་སྟོང་བའི་ཀི་བཏབ་ནས།།

རང་རློམ་རྐང་པ་ས་རུ་བརྡབས་བྱས་ཏེ།།

རི་ལུང་འུར་གྱིས་མ་བཀང་འཐུས་ཤོར་གཉིས།།

མ་རངས་གཞུ་ལས་ཕྲག་དོག་ལྕགས་ཀྱི་མདའ།།

དབྱེན་སྦྱོར་མཐེ་བོང་རྩལ་གྱིས་བཀུགས་བྱས་ཏེ།།

ཉེ་རིང་གྲོགས་ཀྱི་འབེན་ལ་མ་བསྣུམས་པར།།

ཁ་ལག་སྦས་ནས་བསྡད་པ་འཐུས་ཤོར་གསུམ།།

མཐུན་པའི་དུས་སུ་མགོ་བོས་མ་བཀྱགས་ཤིང་།།

བྲལ་བའི་རྗེས་ལ་རྐང་པས་མ་བརྫིས་པར།།

གསལ་བའི་ཤེལ་ལ་དྭངས་པའི་ཆུ་ཐིགས་ལྟར།།

ཁྲག་དམར་འོ་མས་བསྲུབས་པ་འཐུས་ཤོར་བཞི།།

མཁོ་བའི་རྫས་ཀྱི་བུ་ཆུང་མ་སྦྲུམ་པར།།

ཚོར་བའི་མེ་ཏོག་ས་ལ་ལྟེ་ཁྲག་བཞིན།།

ཕངས་མེད་གཏོར་བའི་ཟླ་བ་བཅུ་གཉིས་དུས།།

ངང་གིས་ཟད་དུ་སོང་བ་འཐུས་ཤོར་ལྔ།།

ལག་པའི་ཕུ་ཐུང་དཔུང་བའི་རྩར་དེད་དེ།།

མིག་མཐའ་དམར་བོ་ཁྲག་གི་མདོག་བསྟན་ནས།།

ཡ་ཁའི་སོ་ཡིས་མ་ཁའི་མཆུ་བསྡམས་ཏེ།།

སུ་ལ་རྫིག་ཉམས་མ་བསྟན་འཐུས་ཤོར་དྲུག །

འཁྱོག་པོའི་ལམ་དུ་བགྲོད་ལ་རྐང་བ་འཇིགས།།

ཚེར་མའི་མེ་ཏོག་བཏུ་ལ་ལག་པ་ཚ།།

སྟག་གི་ངུར་སྐད་འབྱིན་ལ་མིད་པ་འགག །

དཔའ་སྙིང་ཁོག་ནས་རུལ་སོང་འཐུས་ཤོར་བདུན།།

འཁྱམ་ལམ་འཆམ་ལམ་གང་དུ་མི་གཏོགས་ཤིང་།།

སྤྲོ་ལམ་སྡུག་ལམ་འཆི་ལམ་གསོན་ལམ་མིན།།

ནམ་ཡང་གཤིས་ཀྱི་དར་སྐུད་འཐེན་པའི་ལམ།།

ལམ་འདིར་ཁོ་ནར་བསྐྱོད་པ་འཐུས་ཤོར་བརྒྱད།།

ལག་པའི་མདུན་གྱི་རི་མོར་མ་བལྟས་ཤིང་།།

རྣ་བའི་རྒྱབ་ཀྱི་སྐད་ཆར་མ་ཉན་པར།།

རང་གི་ཁོག་ན་ལྡིང་བའི་སྒྲ་ཁོ་ནར།།

ཉན་ནས་ལོ་འཁོར་རྫོགས་པ་འཐུས་ཤོར་དགུ །

ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ དགོང་དྲོར།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *