བསྟན་རྩིས་ཀྱི་རྣམ་བཤད་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ།
རྩོམ་ཡིག་འདི་ཐེངས། 826 བཀླགས་འདུག
།
༄༅།། བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ་ཞེས་བྱ་བ་བཞུགས།།
།
།རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་པའི། །
སྙིགས་དུས་བསྟན་འགྲོའི་མགོན་གྱུར་མཉམ་མེད་བླ། །
སེམས་དཔའ་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ལ། །
སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིས་སོ། །
བསྟན་པའི་སྙིང་པོ་འཁྲུལ་བྲལ་གཡུང་དྲུང་བོན། །
བསྟན་པ་ཇི་ལྟར་དར་དང་གནས་ཚུལ་དང་། །
བསྟན་འཛིན་སྐྱེས་བུ་རིམ་པར་བྱོན་ཚུལ་གྱི། །
བསྟན་རྩིས་རྣམ་བཤད་མཐོང་བའི་དགའ་སྟོན་སྤེལ། །
།
༑ ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ། བསྟན་རྩིས་ཀྱི་རིམ་པ་སྡོན་དུ་བཤད་པ་དེ་དག་གི་རྣམ་པར་བཤད་པ་སྤྱི་དོན་མཐོང་བའི་དགའ་སྟོན་ཞེས་པའམ། དྭོགས་པ་བསལ་བ་པན་ཙ་ལི་ཀའི་ཆུན་པོ་ཞེས་བྱ་བ་འཆད་པར་བྱེད་པ་ལ། ༑ ཐོག་མར་བསྟན་པའི་གཙོ་བོ་ཇི་ལྟར་བྱོན་པའི་ཚུལ་དང་། དེས་བསྟན་པའི་བོན་རྣམས་ཇི་ལྟར་གསུངས་པའི་ཚུལ་དང་། གསུངས་པ་དེ་རྟག་གཟིགས་ཞང་བོད་དུ་ཇི་ལྟར་སྤེལ་བའི་ཚུལ་དང་། སྤེལ་བར་བྱེད་པའི་བསྟན་འཛིན་རྣམས་སྔ་ཕྱི་ཇི་ལྟར་བྱོན་པའི་ཚུལ་དང་། དེ་ལྟར་སྤེལ་བའི་བསྟན་པ་རིན་ཆེན་ཇི་ཙམ་གནས་པའི་ཡུན་ཚད་བཤད་པ་དང་ལྔ་པོ་ཟུང་དུ་འབྲེལ་བའི་སྒོ་ནས་འཆད་པར་བྱེད་པ་ཡིན་ནོ། ༑ དེ་ལྟར་དགོས་པའི་རྒྱུ་མཚན་ཡང་། རྫོགས་པ་ཆེན་པོ་ཡེ་ཁྲི་མཐའ་སེལ་ལས། སྤྱི་ཁོག་ལོ་རྒྱུས་དོན་གྱིས་འཆད། ལས་ཅན་ཡིད་ཆེས་བསྐྱེད་ཕྱིར་རོ། ཞེས་དང་། ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར། ཞེས་གསུངས་པའི་ཕྱིར། དེ་ཡང་ཐོག་མར་མེད་པ་སྟོང་པའི་རང་བཞིན་ལ། ཡོད་པ་སྲིད་པ་གསུམ་དུ་ཆགས་ཏེ། དེ་ཡང་ཕྱི་སྣོད་འཇིག་རྟེན་མས་ནས་ཡས་ལ་ཆགས། ནང་བཅུད་སེམས་ཅན་ཡས་ནས་མས་སུ་གྲོལ་ཏེ། བར་བསྐལ་ཉི་ཤུ་ལ་ཆགས་ཏེ། འབྱུང་རྫོགས་ཀྱི་བསྐལ་པ་ཞེས་བྱའོ། བར་བསྐལ་ཉི་ཤུ་ལ་གནས་ཏེ། མཉམ་ལྡན་གྱི་བསྐལ་པ་ཞེས་བྱའོ། ཉི་ཤུ་ལ་འཇིག་སྟེ། འཕོ་འགྱུར་གྱི་བསྐལ་པ་ཞེས་བྱའོ། ཉི་ཤུ་ལ་སྟོངས་ཏེ། དྲག་རྩུབ་ཀྱི་བསྐལ་པ་ཞེས་བྱ་བར་གསུངས་སོ། ༑ དེ་ཡང་ཕྱི་སྣོད་ཆགས་ནས་ནང་བཅུད་མ་ཆགས་པའི་བར་གྱི་བསྐལ་པ་དང་། མུན་སྣང་གི་སྲིད་པ་ཆགས་པ་ནས། ཚེ་ལོ་དཔག་མེད་གཅིག་པ་ཞེས་བྱ་བ་ཡན་ཆོད་ནི། གྲངས་སུ་མ་བཟུང་བའི་བསྐལ་པ་ཡིན་ནོ། གྲངས་སུ་བཟུང་བའི་བསྐལ་པ་ལ་ཡང་། མུན་བསྐལ་དང་སྒྲོན་བསྐལ་གཉིས་སོ། དེ་གཉིས་ཀྱང་སངས་རྒྱས་མ་བྱོན་གྱི་བསྐལ་པ་ལ་མུན་པའི་བསྐལ་པ་དང་། སངས་རྒྱས་བྱོན་པ་ལ་སྒྲོན་མེའི་བསྐལ་པ་ཞེས་བྱ་བ་ཡིན་ནོ། དེ་དག་གི་གྲངས་ཅི་ཙམ་འབྱུང་ཞེ་ན། ཞི་ཁྲོའི་རྩ་འགྲེལ་ལས། འདི་ཡི་གོང་དུ་མུན་པའི་བསྐལ་པ་བཞི་བཅུ་བྱུང་། དེ་ནས་ད་ལྟའི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་རྩ་གཉིས། དེ་འོག་མུན་བསྐལ་དྲུག་ཅུ། དེ་འོག་བསྐལ་པ་སྙན་པ་ཆེན་པོ་སངས་རྒྱས་ཁྲི། དེ་འོག་མུན་བསྐལ་བརྒྱད་ཅུ། དེ་འོག་བསྐལ་པ་ལེགས་པར་བཀྲམས་པ་སངས་རྒྱས་ཁྲི། དེ་འོག་མུན་བསྐལ་སུམ་བརྒྱ། དེ་འོག་བསྐལ་པ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་འབྱུང་ཞེས་གསུངས་པ་ལྟར་རོ། ྋ སྒྲོན་བསྐལ་འདི་ཡི་མིང་དུ་བསྐལ་པ་བཟང་པོ་ཞེས་བྱ་བའི་རྒྱུ་མཚན་ནི། བླ་མ་སྙ་ཆེན་ལི་ཤུས་རྟག་གཟིགས་ནས་བསྒྱུར་བའི་མདོ་འདུས་ལས། མུ་རྒྱུང་ཆགས་པའི་དང་པོ་ལ། ཏིང་ནམ་མུར་ཟངས་སྟེང་དུ་ནི། གསེར་གྱི་པདྨ་འདབ་མ་སྟོང་། གཡུ་ཡི་གཡུང་དྲུང་བཀྲ་བར་བརྡོལ། དེ་ལ་གནས་གཙང་ལྷ་རྣམས་ཀྱིས། བསྐལ་པ་འདི་ནི་བཟང་པོའོ། འགྲོ་བ་འདྲེན་པའི་དོན་གྱི་ཕྱིར། བདེ་བར་གཤེགས་པ་སྟོང་རྩ་བརྒྱད། འབྱུང་བའི་སྔ་ལྟས་ཆེན་པོའོ། དགེའོ་དགེའོ་རབ་ཏུ་དགེ། ཨེ་མ་ངོ་མཚར་ཆེ་ཞེས་བརྗོད། ཅེས་གསུངས་པ་ལྟར་རོ། དེ་ནས་བསྐལ་པ་བཟང་པོ་ཚེ་ལོ་གྲངས་སུ་བཟང་པའི་བསྐལ་ཆེན་བདུན་འབུམ་ཐུབ་པའི་དུས་སུ། ཡབ་འཁོར་ལོ་སྒྱུར་བའི་རྒྱལ་པོ་དུང་འོད་དང་། ཡུམ་རིན་ཆེན་གསལ་འོད་མ་གཉིས་ལ། སྲས་བཞི་བློན་བཞི་དང་བཅས་པས། སྔར་འདས་པའི་བདེ་བར་གཤེགས་པ་རྣམས་ལ་མཆོད་དེ་གསོལ་བ་བཏབ་པ་ལ་བརྟེན་ནས། མེ་ཏོག་པདྨ་ཧ་སྤུང་ཞེས་བྱ་བ་ཁ་ཕྱེ་བའི་ནང་དུ། ཁྱེའུ་སྟོང་དང་རྩ་གཉིས་རང་བྱུང་དུ་བཞུགས་པ་རྙེད་ནས། སྟོན་པ་རང་འབྱུང་ཀུན་འདྲེན་ཞེས་བྱ་བའི་དྲུང་དུ་བསྣམས་ཏེ། རྒྱུ་མཚན་རྣམས་ཞུས་པས། སྟོན་པས་ཀྱང་སྨོན་ལམ་རྒྱ་ཆེན་པོ་རུ་བཏབ་སྟེ། རྒྱལ་པོ་ཡབ་ཡུམ་ཡང་བསྐལ་བཟང་སངས་རྒྱས་དེ་རྣམས་ཀྱི་ཡབ་ཡུམ་དུ་འགྱུར་བ་དང་། རིགས་སུ་སྐྱེས་པའི་སྲས་བཞི་མཚན་ལྡན་ཁྱེའུ་བཞི་དང་། བློན་བཞི་གསས་ཆེན་རུ་བཞི་རུ་འགྱུར་བ་དང་། རྫུས་སྐྱེས་ཀྱི་ཁྱེའུ་སྟོང་རྩ་གཉིས་ནི། བསྐལ་བཟང་སངས་རྒྱས་རྩ་གཉིས་སུ་འགྱུར་བའི་སྨོན་ལམ་མཛད་ནས། རིན་པོ་ཆེའི་བུམ་པར་མཚན་གྱི་བྱང་བུ་བཅུགས་ཏེ། རིམ་བཞིན་ཕྱུང་བས་དེ་ལྟར་འགྲོ་བ་འདུལ་བའི་ལུང་བསྟན་པ་ཡིན་ནོ། འོ་ན་ཤ་འབལ་ལས། སངས་རྒྱས་སྟོང་རྩ་གཉིས་འབྱོན་པར་གསུངས་པ་ཅི་ཞེ་ན། འཁོར་ལོ་བསྒྱུར་བའི་རྒྱལ་པོ་དུང་འོད་ཀྱིས་མེ་ཏོག་པདྨ་ཧ་སྤུངས་རྙེད་པའི་སྐབས་དེར། རྫུས་སྐྱེས་ཀྱི་ཁྱེའུ་སྟོང་རྩ་གཉིས་ནི། བསྟན་པའི་གཙོ་བོ་དང་། དེའི་སྟེང་དུ་ཡབ་ཡུམ་གཉིས་དང་། རིགས་སྲས་བཞི་ཁ་སྐོང་སྟེ། སྟོང་རྩ་བརྒྱད་ཡིན་པར་ངེས་ཏེ། མདོ་འདུས་ལས། སྲས་སྟོང་རང་བྱུང་དག་ཏུ་འཁྲུངས། དེར་རྒྱལ་པོ་ཡབ་སྲས་སྟོང་རྩ་བརྒྱད། ཅེས་གསུངས་པའི་ཕྱིར་རོ། དེ་དག་ནི་བསྐལ་བཟང་ཡ་ཐོག་རིང་མོ་ཞེས་བྱ་བ་ཡིན་ལ། དེ་ནས་རིམ་གྱིས་བྲི་ནས་ཚེ་ལོ་འབུམ་ཐུབ་པའི་དུས་སུ། སྲིད་པ་སྐོས་ཀྱི་ཡུལ་དུ། ཡབ་ལྷ་ཡི་རྒྱལ་པོ་རབ་གསལ་དང་། ཡུམ་ལྷ་མོ་བྱམས་ཆེན་མ་གཉིས་ཀྱི་སྲས་སུ་བསྐལ་བཟང་སངས་རྒྱས་སྟོང་གི་ཐོག་མ། སྟོན་པ་སྣང་བ་རང་འབྱུང་ཐུགས་རྗེ་ཅན་བྱོན་ནས་འགྲོ་བ་དྲངས་པར་མཛད་དོ། དེའི་དུས་སུ་མི་དགེ་བ་བཅུ་སྤང་མི་དགོས་པ། དགེ་བཅུ་རང་བཞིན་གྱིས་རྫོགས་པས། བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ཡིན་ནོ། དེ་འོག་ཚེ་ལོ་བརྒྱད་ཁྲིའི་དུས་སུ། ཡབ་རྒྱལ་པོ་ཕྱ་རྗེ་གུང་ཏང་དང་། ཡུམ་དམུ་བཙུན་འཕྲུལ་མོའི་སྲས་སུ། སྟོན་པ་དགེ་བ་འཁོར་བ་ཀུན་འདྲེན་བྱོན་ནས་འགྲོ་རྣམས་ཐར་པར་བཀོད་དོ། དེ་འོག་དྲུག་ཁྲིའི་དུས་སུ། ཡབ་དམུ་རྒྱལ་ཨ་དར་དང་། ཡུམ་ཕྱ་ཟ་ངང་འབྲང་མ་གཉིས་ཀྱི་སྲས་སུ། སྟོན་པ་ཀུན་ཤེས་ཉོན་མོངས་དུག་སྲེག་བྱ་བ་བྱོན་ནས་འགྲོ་བ་དྲངས་པར་མཛད་དོ། ཚེ་ལོ་བརྒྱད་ཁྲི་དང་དྲུག་ཁྲི་གཉིས་ཀྱི་དུས་སུ། ལུས་ངག་གི་མི་དགེ་བ་ཡོད་ཀྱང་། ཡིད་སྡོམ་གསུམ་པོ་བསྲུང་མི་དགོས་པ་ལྡན་པས། བསྐལ་པ་སུམ་ལྡན་ཞེས་བྱའོ། དེ་འོག་ཚེ་ལོ་བཞི་ཁྲིའི་དུས་སུ། ཡབ་རྒྱལ་པོ་དུང་འོད་འབར་དང་། ཡུམ་གསལ་འོད་མ་གཉིས་ཀྱི་སྲས་སུ། སྟོན་པ་ལེགས་པ་ཚད་མེད་ཐུགས་རྗེ་ཅན་ཞེས་བྱ་བ་བྱོན་ནས་འགྲོ་བ་དྲངས་པར་མཛད་དོ། དེ་འོག་ཉིས་ཁྲིའི་དུས་སུ། ཡབ་རྒྱལ་པོ་ལྷ་འདུལ་དང་། ཡུམ་ཀུན་ཤེས་དྲང་མ་གཉིས་ཀྱི་སྲས་སུ། སྟོན་པ་སྙོམས་པ་ཐམས་ཅད་མཁྱེན་གཟིགས་བྱ་བ་བྱོན་ནས། འགྲོ་དྲུག་འདུལ་བར་མཛད་དོ། དེ་འོག་ཚེ་ལོ་ཁྲིའི་དུས་སུ། ཡབ་རྒྱལ་པོ་ཁྲི་རྗེ་ཐང་པོ་དང་། ཡུམ་གསས་ཟ་ལྷ་བཙུན་མ་གཉིས་ཀྱི་སྲས། བྱམས་པ་ཁྲི་རྒྱལ་ཁུག་པ། ཞེས་བྱ་བ་བྱོན་ནས་འགྲོ་རྣམས་ཐར་པར་བཀོད་དོ། དེ་འོག་ཚེ་ལོ་སྟོང་ཐུབ་པའི་དུས་སུ། ཡབ་ཅང་ཤེས་ཤེས་འཕྲུལ་གྱི་རྒྱལ་པོ་དང་། ཡུམ་ཡེ་ལྕེ་ཀུན་གྲགས་མ་གཉིས་ཀྱི་སྲས་སུ། སྟོན་པ་དག་པ་གཏོ་རྒྱལ་ཡེ་མཁྱེན་བྱོན་ནས་འགྲོ་བ་བཏུལ་བར་མཛད་པ་ཡིན་ནོ། དེ་ལྟར་བཞི་ཁྲི་ནས་སྟོང་གི་བར་དུ་ཉིས་ལྡན་གྱི་བསྐལ་པ་ཞེས་བྱ་སྟེ། ཡིད་ཀྱི་མངན་སེམས་བྱུང་ནས། གདུག་སེམས་དང་ལོག་ལྟ་གཉིས་བསྲུང་མི་དགོས་པར་རང་བཞིན་གྱིས་ལྡན་པས་སོ། གོང་གི་སྟོན་པ་རབ་བདུན་གྱི་མཚན་གྱི་གྲངས་ལ་ཅུང་ཞིག་མི་མཐུན་པ་ཡོད་ཀྱང་། འདིར་ནི་མདོ་དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་དང་། མདོ་འདུས་དང་། ཙོང་ཀའི་མཚོ་གཉན་ནས་གཏེར་ལས་བྱོན་པའི་རྩ་རྒྱུད་ཉི་ཟེར་སྒྲོན་མ་སོགས། བཀའ་ལུང་ཕལ་ཆེར་ལས་གསུངས་པའི་རྗེས་སུ་འབྲེང་བ་ལས། དོན་དུ་ངོ་བོ་གཅིག་ཡིན་ནོ། བསྐལ་པ་ལའང་རྫོགས་ལྡན་དང་། སུམ་ལྡན་ཉིས་ལྡན་རྩོད་ལྡན་ལ་སོགས་པའི་བཤད་ཚུལ་འདི་ནི། འཕྲུལ་ངག་བོན་གྱི་སྒྲག་བྱང་ལས་གསུངས་པའི་རྗེས་སུ་འབྲེང་བ་ཡིན་པས། འདི་ལས་གཞན་དུ་སྨྲ་བ་ནི་འོལ་ཚོད་ཙམ་ཡིན་ནོ། དེ་ནས་བརྒྱ་པའི་མགོན་པོ་འདི་ཉིད་ཀྱི་བྱོན་ཚུལ་དངོས་ལ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཚུལ་དང་། མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་ནས། འཛམ་བུ་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་ནི། མདོ་རྒྱུད་ཐ་དག་གི་དགོངས་པ་ཡིན་ལ། དེ་ཡང་དང་པོ་སྟོན་པ་བསོད་ནམས་དབང་དང་ལྡན་པ་ཞེས་བྱ་བའི་དྲུང་དུ། ཐེག་པ་ཆེན་པོའི་སྡོམ་པ་སྨོན་པ་དང་། འཇུག་པ་ཟུང་དུ་འབྲེལ་བའི་སེམས་བསྐྱེད་བཞེས་ཏེ། སྨོན་ལམ་རྒྱ་ཆེན་པོ་རུ་བཏབ་པ་དང་། རྟེན་དེ་ནས་བཟུང་སྟེ་བློ་གསལ་འཆི་མེད་གཙུག་ཕུད་དུ་སྐྱེ་བ་བཞེས་པའི་བར་དུ། གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པའི་ཚུལ་རྣམས་ནི། རྒྱས་པར་འདིར་མ་སྤྲོས་སོ། ངེས་དོན་དུ་ཡེ་གདོད་མ་ནས་མངོན་པར་རྫོགས་པའི་སངས་རྒྱས་ཡིན་ཀྱང་། ཀུན་རྫོབ་ཚུལ་དུ་ས་བཅུའི་ས་ལ་གནས་པའི་གཡུང་དྲུང་སེམས་དཔའ་ཆེན་པོའི་ཚུལ་མཛད་པའི་བློ་གསལ་འཆི་མེད་གཙུག་ཕུད་ཅེས་བྱ་བ་དེ་ཉིད་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་ལུང་གིས་བསྐུལ་བ་དང་། འགྲོ་བའི་དོན་དུ་ཚེ་ལོ་བརྒྱ་པའི་སྟོན་པ་རུ་བྱོན་པར་དགོངས་ཏེ་འོག་མིན་ལྷའི་ཕོ་བྲང་དུ། ལོངས་སྤྱོད་རྫོགས་པའི་དབང་བསྐུར་ཐོབ་པ་ལ་བརྟེན་ནས། གཡུང་དྲུང་ལྟ་བུའི་ཏིང་འཛིན་གྱིས་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་སྤངས་ཏེ། འཁོར་འདས་ཀྱི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་ནས་སྲིད་དང་ཞི་བ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཅན་དེ་མངོན་དུ་མཛད་དེ། སྐུ་གསུམ་ལྷུན་གྲུབ་ཏུ་སངས་རྒྱས་པར་བཤད་པ་ཡིན་ཏེ། མདོ་ལས། སྲིད་པའི་ཁྱེའུ་གསལ་བ་དེ། ཡེ་ཤེས་ལྷ་ཡི་སྟོན་པ་ཡིས། ཤེས་བྱའི་སྒྲིབ་པ་སྦྱོང་པ་དང་། ཐོགས་མེད་སྤྲུལ་པའི་སྐུར་འགྱུར་རོ། ཞེས་དང་། གཟུངས་ཆེན་ལས། གཤེན་རབ་སྤངས་རྟོགས་མཐར་ཕྱིན་བདེ་བར་གཤེགས། འོག་མིན་གནས་སུ་མངོན་པར་སངས་རྒྱས་ནས། ཞེས་གསུངས་པའི་ཕྱིར་རོ། དེ་ལྟར་ཡེ་ཤེས་ལྷ་ཡི་ལུང་མནོས་ནས། གུང་དྲུག་ལྷ་རྩེ་སྲིད་པའི་ཡུལ་དུ་སྲིད་པའི་རྒྱལ་པོ་ཡེ་སངས་འབུམ་ཁྲི་དང་། ཐབས་དང་ཤེས་རབ་ཟུང་དུ་སྦྲེལ་ཏེ་རིམ་བཞིན་བྱོན་པ་ནས། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་དང་། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་པ་ཡན་ཆད། མདོ་རྒྱུད་མཐའ་དག་གི་དགོངས་པ་གཅིག་ཏུ་འདུས་པ་ཡིན་པས་སོམ་ཉི་དང་བྲལ་བ་ཡིན་ནོ། སྐབས་འདིར་ཁ་ཅིག་གིས་དཔྱིད་ཟླ་ར་བ་ཞེས་པ། ཧོར་ཟླ་བཅུ་གཉིས་པར་ངོས་འཛིན་བྱེད་པ་མི་འཐད་དེ། དྲང་དོན་མུན་སེལ་སྒྲོན་མའི་དགེ་སྤེལ་ཚོགས་འགྱུར་གྱི་གཟེར་བུ་ལས། སྟོན་པ་བྱོན་པའི་དུས་ནི། ལོ་བྱི་བ་ཟླ་བ་རྟ་པ་སྐར་མ་རྒྱལ་གྱི་ཁོངས་སུ་བྱོན་པའི་དུས་སུ་ཚོགས་ཆེ། ཞེས་གསུངས་པའི་ཕྱིར། དེས་ན་ཧོར་ཟླ་དང་པོར་འཁྲུལ་མེད་དུ་ངོས་འཛིན་དགོས་སོ། དེ་ནས་ལོ་གཅིག་ནས་རྒྱལ་བུ་རྒྱལ་སར་ཕྱུངས་པར་མཛད་པ་ཡིན་ཏེ། སྟོན་པ་དགུན་ཟླ་གསུམ་བཞེས་པའི་དུས་སུ། མཚན་མཁན་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་གྱ་གཅིག ཆེ་བའི་ཡོན་ཏན་བརྒྱ་དང་བཞི་བཅུ། ངེས་པའི་ཐོ་ཡིག་བཞི་བཅུ། མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཉིས། ཏིང་ངེ་འཛིན་གྱི་ཡན་ལག་བརྒྱད་ཅུ་རྩ་ལྔ། འོད་ཟེར་གྱི་སྤྲོ་བསྡུས་འཇིག་རྟེན་གྱི་ཁམས་གང་བ་རྣམས་ལེགས་པར་བརྟགས་ཏེ། མཚན་ཡང་། སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་གསོལ་ཏེ། ཀུན་གྱིས་ཕྱག་དང་བསྐོར་བ་བསམ་གྱིས་མི་ཁྱབ་པ་བྱས་ཏེ་གསོལ་བ་བཏབ། དེ་ནས་ཟླ་བ་བཅུ་གཉིས་རྫོགས་ནས་རྒྱལ་སར་ཕྱུངས་པ་ཡིན་ཏེ། མདོ་དྲི་མེད་ལས། འགྲོ་བ་སྤྱི་ཡི་ཟླ་གསུམ་སྟེ། གཤེན་རབ་བདག་གི་དགུང་ཞག་གི ལྷ་ཀླུ་མི་ཡི་རྒྱལ་པོ་འདུལ། ཁྲུས་དང་གཙང་སྦྲའི་སྒོ་ནས་ཕྱུངས། ལྟས་མཁན་བྲམ་ཟེས་སྐུ་མཚན་བརྟགས། དེར་འཚོགས་རྣམས་ལ་བདག་ཞལ་བསྟན། ཕྱི་མྱེས་བྲམ་ཟེ་ལ་སོགས་ཏེ། ཤིན་ཏུ་གྲངས་མང་སེམས་ཅན་རྣམས། ཐར་པ་མངོན་སངས་རྒྱས་ཏེ་སོང་། ༑ གཏོ་རྒྱལ་བསྟན་པ་རྗེས་བཞག་ལ། སྐུ་གཟུགས་རྣམས་ནི་བྱ་བཞིན་འཕུར། སྐུ་གདུང་རྣམས་ནི་དར་བཞིན་ཕྱར། གསུང་རབ་རྣམས་ནི་དུང་ཕྱིས་བཞིན། རྟེན་གསུམ་མཁའ་ལ་གཞའ་ལྟར་ཡལ། ཞེས་པ་ནས། ལོ་སྐོར་ཟླ་བ་བཅུ་གཉིས་ཏེ། ཞག་མ་སུམ་བརྒྱ་དྲུག་ཅུ་དང་། ཟ་མ་བདུན་བརྒྱ་ཉི་ཤུ་དང་། གཤེན་གྱི་དགུང་གསུམ་མ་ལོན་ཚེ། གབ་ཅིང་སྦ་བའི་ཚུལ་དུ་ནི། ཞེས་དང་། དེ་ནས་རྒྱལ་སར་ཕྱུངས་པའི་ཚད། ཞེས་གསུངས་པའི་ཕྱིར། དེ་ནས་བཟུང་སྟེ་གཤེན་ལོ་སོ་གཅིག་ལ་རབ་བྱུང་མཛད་པ་ཡན་དང་། དེ་ནས་ཀྱང་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་བར་དུ་མདོ་རྒྱུད་མཐའ་དག་གི་དགོངས་པར་མི་མཐུན་པ་མེད་ཀྱང་། ཅུང་ཞིག་བཤད་ཚུལ་མི་འདྲ་བ་རྣམས་ནི་རྒྱལ་བའི་མཛད་པ་རྒྱས་པ་རུ་སོང་གཤིས་མདོ་དྲི་མེད་ལྟར་གཙོ་བོར་བསྟན་པ་ཡིན་ནོ། དཀའ་བ་སྤྱད་པ་ནི་མཛད་བཅུའི་བསྟོད་པར་མི་ལོ་དགུ་གསུངས་པ་གདུལ་བྱ་བློ་ཡི་སྤོབས་པ་ཆུང་བ་རྣམས་ལ། དྲང་དོན་དུ་གསུངས་པར་མངོན་ཏེ། དེ་མིན་མདོ་རྒྱུད་ཀུན་ལས་གཤེན་ལོ་གསུམ་དུ་དཀའ་བ་སྤྱད་པར་གསུངས་པའི་ཕྱིར། དེ་ལྟར་དཀའ་བ་རྣམ་པ་གསུམ་སྤྱད་པ་ལ་བརྟེན་ནས་བདུད་བཞི་ཆོམས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པ་ཡིན་ནོ། རང་སྡེ་ཁ་ཅིག་ན་རེ། སྟོན་པས་དཀའ་བ་སྤྱད་པ་ནི། མདོ་རྒྱུད་ཀུན་ལས་གསུངས་ཤིང་། དེའི་སྟོབས་ཀྱིས་སངས་རྒྱས་པར་བཤད་པ་ནི། ཆོས་ལུགས་ལས་གསུངས་ཤིང་། རང་ལུགས་ལས་མ་གསུངས་ཏེ། སྟོན་པ་ནི་མངོན་པར་རྫོགས་པར་སངས་རྒྱས་ནས། འཛམ་བུའི་གླིང་དུ་འགྲོ་དོན་དུ་བྱོན་པར་བཤད་པའི་ཕྱིར། ཞེས་ཟེར་བ་ནི་དྲང་ངེས་ཀྱི་གནད་མ་ཤེས་པའི་བླུན་གཏམ་ཁོ་ན་ཡིན་ཏེ། དེ་ཉིད་རང་ལུགས་ལས་གསུངས་པར་ལུང་རིགས་གཉིས་ཀྱིས་གྲུབ་པའི་ཕྱིར། ྋདང་པོ་གྲུབ་སྟེ། སྙ་ཆེན་ལི་ཤུས་རྟག་གཟིགས་ནས་བསྒྱུར་བའི་མདོ་འདུས་ལས། གཅིག་པུར་དཀའ་ཐུབ་གླིང་དུ་རབ་བྱུང་སྡོམ་པ་བླངས། དཀའ་བ་སྤྱད་པ་ལོ་གསུམ་མཛད་གྱུར་ན། ཞེས་དང་། དེ་ཉིད་ལས། དེ་ནས་གཡུང་དྲུང་དགུ་བརྩེགས་རིར། སེང་གེ་རྣམ་བརྩེའི་ཏིང་འཛིན་གྱིས། དགའ་རབ་དབང་ཕྱུག་བདུད་ཀྱི་སྡེ། བྱེ་བ་ས་ཡའི་དམག་ལས་རྒྱལ། ནམ་མཁའ་ལྟ་བུའི་ཏིང་འཛིན་གྱིས། ཤེས་བྱའི་སྒྲིབ་པ་ཀུན་དག་ནས། མཉམ་བཞག་སྐྱིལ་ཀྲུང་མ་གཡོས་པར། ཉི་ཤར་དུས་ལ་མངོན་སངས་རྒྱས། དེ་ཚེ་ཁྱབ་པས་འདི་སྐད་དུ། སྟོན་པ་གཅིག་པུར་སངས་རྒྱས་ན། ཁྱོད་ལ་དཔང་པོ་སུ་ཡོད་འགྱུར། དེ་ཚེ་ས་ཡི་ལྷ་མོ་ཡིས། སྐུ་ཕྱེད་ཐོན་ནས་འདི་སྐད་དུ། སྟོན་པ་གཅིག་པུར་མངོན་སངས་རྒྱས། དཔང་པོ་དམ་པ་ང་ཡིན་གྱི། བདུད་ཀྱིས་སྡིག་ཚིག་མ་སྨྲ་ཞིག དེའི་ཚེ་དེ་ཡི་དུས་ཙམ་ན། ས་ཡང་རྣམ་པ་དྲུག་ཏུ་གཡོས། ལྷ་ཡི་བུ་ནི་བྱེ་བ་ཡང་། མི་སྐྱེའི་བོན་ལ་བཟོད་པ་ཐོབ། གཡུང་དྲུང་སེམས་དཔའ་འབུམ་ཕྲག་བཅུ། ཤེས་བྱའི་སྒྲིབ་པ་ཐམས་ཅད་དག ཅེས་དང་། མདོ་དྲི་མེད་ཀྱི་དུས་ཁྲིམས་གཙང་མའི་མདོ་ལས། དེ་ལྟར་དཀའ་ཐུབ་ལོ་གསུམ་མཛད་པ་ཡིས། སྤྲུལ་པའི་སྐུ་ལ་སྦྱངས་ཐོབ་མི་འཚལ་ཏེ། སེམས་ཅན་ཉོན་མོངས་གདུལ་དཀའ་འདུལ་བའི་ཕྱིར། བླ་མེད་སྲུང་བཅས་སྡོམ་པ་མངོན་རྫོགས་ཤིང་། བསླབ་གསུམ་རྣམ་དག་ཡོན་ཏན་མཐར་ཕྱིན་ནས། སྦྱངས་པའི་ལམ་ལས་ཐོབ་པའི་འབྲས་སྨིན་ཏེ། སྔོན་བཤད་རྒྱུ་ལས་ཕྱིས་འབྱུང་སངས་རྒྱས་འགྲུབ། རང་རྒྱུད་བཏུལ་བས་གཞན་རྒྱུད་དྲེགས་པ་ཐུལ། བདུད་དང་སྲིན་པོ་མུ་སྟེགས་འཁོར་དུ་འགྱུར། ཞེས་གསུངས་པའི་ཕྱིར། རིགས་པས་གྲུབ་སྟེ། སྟོན་པ་ཉིད་ཀྱིས་དཀའ་བ་རྣམ་པ་གསུམ་སྤྱད་པ་བོན་ཅན། ཁྱོད་ཀྱི་འབྲས་བུ་རུ་རྫོགས་པའི་སངས་རྒྱས་འཐོབ་དགོས་པ་ཡིན་ཏེ། ཁྱོད་ཀྱི་འབྲས་བུར་རྫོགས་པའི་སངས་རྒྱས་ཐོབ་པ་སངས་རྒྱས་བསྟན་པའི་སྤྱི་ལུགས་ཡིན་པའི་ཕྱིར། དཔེར་ན་སྐབས་འདིར་དཀའ་བ་སྤྱད་པ་དང་། དེ་ལ་བརྟེན་ནས་སངས་རྒྱས་པར་བཤད་པ་ནི། བདུད་རྗེ་ཁྱབ་པ་རང་སར་གྲོལ་ཏེ། ཕྱིར་མི་ལྡོག་པའི་ས་ལ་བཀོད་པར་བྱ་བའི་ཆེད་དུ། དཀའ་བ་སྤྱད་ན་བདུད་བཞི་ཆོམ་པ་དང་། སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་མངོན་དུ་བསྟན་པའི་ཆེད་དུ། དྲང་དོན་དུ་མཛད་པ་ཙམ་ཡིན་ལ། ངེས་དོན་དུ་རྫོགས་པའི་སངས་རྒྱས་ལ་དཀའ་བ་སྤྱད་པ་དང་། དེའི་སྟོབས་ཀྱིས་སངས་རྒྱས་པ་མི་དགོས་པ། མངོན་སུམ་དུ་གྲུབ་པའི་ཕྱིར་རོ། དེ་ནས་སྟོན་པ་ཉིད་ཀྱི་སྐུ་ཚེའི་ཚད་ལའང་། བཀའ་ལུང་རྣམས་ལས་ཇི་ལྟར་གསུངས་པའི་ཚུལ་དང་། དེའི་དགོངས་དོན་སོ་སོར་བཀྲལ་ཏེ་ཟབ་དོན་ངོས་བཟུང་བའོ། དང་པོ་ནི་མདོ་འདུས་ལས། མི་ལོ་བརྒྱ་ལ་གཤེན་ལོ་གཅིག བདུད་ཀྱིས་མྱ་ངན་འདའ་ཞུས་ཏེ། བདུད་སེམས་ལྷ་རུ་བསྒྱུར་བའི་ཕྱིར། ལོ་གཉིས་ཕྱི་བཤོལ་བཏབ་པ་ཡིན། ད་ནི་བརྒྱད་ཅུ་གྱ་གཉིས་ལོན། ཞེས་པ་ནས། འཁོར་བ་མི་རྟག་ཚུལ་བསྟན་ཕྱིར། བདག་ནི་ཡོངས་སུ་མྱ་ངན་འདའ། ཞེས་དང་། རྒྱུད་ཉི་ཟེར་ལས། གཤེན་ལོ་བརྒྱད་ཅུ་གྱ་གཉིས་ནས། གཤེན་རབ་སྐུ་ཡོལ་མྱ་ངན་འདས། ཞེས་དང་། མདོ་དྲི་མེད་ཀྱི་ཁྱིམ་སྤངས་རབ་ཏུ་བྱུང་བའི་མདོ་ལས། མཐར་ཕྱིན་དགའ་བ་བདེ་ལྡན་གྱི་མཛད་པ་ལ་དགུང་ལོ་བརྒྱད་ཅུ་གྱ་གཉིས་གྱི་བར་ཏུ་བཞུགས་པ་ནི་སྐུ་ཚེའི་ཚད་དུ་འཛིན་ནོ། ཞེས་དང་། མདོ་གཟེར་མིག་ལས། སུམ་ཅུ་སྐུས་འདུལ། སུམ་ཅུ་གསུང་གིས་འདུལ། སུམ་ཅུ་ཐུགས་ཀྱིས་འདུལ། དེ་ལྟར་དགུ་བཅུ་ལོན་ནས། ཚེ་ལོ་བཅུ་ལ་ཐུག ཅེས་དང་། འཕྲུལ་ངག་བོན་གྱི་སྒྲག་བྱང་ལས། བརྒྱ་ཐུབ་དུས་སུ་སུམ་ཅུ་སྐུས་འདུལ་ཏེ། སྐུ་ངོ་བོ་བཞུགས་ཏེ་བོན་སྟོན་ནོ། སུམ་ཅུ་གསུང་གིས་འདུལ་ཏེ་ཆོས་སུ་བསྟན། སུམ་ཅུ་ཐུགས་ཀྱིས་འདུལ་ཏེ། འཕྲིན་ལས་རྣམ་པ་བཞི་རུ་བསྟན་ནོ། ཞེས་དང་། དེ་ཉིད་ལས། སྐུ་ཚེའི་ཚད་ནི་བོད་ལོ་སྟོང་ཕྲག་གསུམ་དང་ལྔ་བརྒྱའོ། བསྟན་པ་ནི་ལྔ་བརྒྱ་ཕྲག་བཅོ་བརྒྱད་གནས་པའོ། ཞེས་གསུངས་སོ། གཉིས་པ་དེ་དག་གི་དགོངས་དོན་ནི། སྒྲག་བྱང་ལས་གསུངས་པའི་ལུང་རྗེས་མ་ནི། གདུལ་བྱ་རྟག་འཛིན་ཅན་རྣམས་ལ། སྟོན་པ་ཉིད་ཀྱང་སྐུ་ཚེ་སུམ་སྟོང་ལྔ་བརྒྱ་ལས་མ་བཞུགས་ལ། བསྟན་པའི་བོན་ཡང་དགུ་སྟོང་ལས་མི་གནས་པས། མྱུར་དུ་བརྩོན་འགྲུས་བསྐྱེད་ལ། སངས་རྒྱས་སྒྲུབ་དགོས་པར་བསྐུལ་བའི་ཕྱིར་དུ། རིག་འཛིན་བོན་གཤེན་རྣམས་ཀྱིས། དྲང་དོན་དུ་དགོངས་ཏེ་གསུངས་པར་མངོན་ནོ། དེས་ན་རྒྱལ་བའི་བཀའ་མདོ་ལས་གསུངས་པ་རྣམས་དང་། རྒྱུད་ཉི་ཟེར། སྒྲག་བྱང་གི་ལུང་སྡོན་མ་དེ་རྣམས་ནི། དགོངས་པ་གཅིག་ཏུ་འདུས་པས་ངེས་དོན་དུ་གསུངས་པ་ཡིན་ནོ། དེ་ཡང་མདོ་གཞན་རྣམས་ནི་གོ་སླ་ལ། སྒྲག་བྱང་གི་ལུང་སྔོན་མ་དང་། ༑ མདོ་གཟེར་མིག་ལས་གསུངས་པའི་དོན་ཡང་། མི་ཡི་ཚེ་ཚད་ཚད་ལོ་བརྒྱ་ནས། བདུན་ཅུའི་བར་གྱི་སུམ་ཅུ་དེ་སྐུ་ཡིས་འདུལ་ཞིང་། ཚེ་ལོ་བདུན་ཅུ་ནས་བཞི་བཅུའི་བར་གྱི་སུམ་ཅུ་དེ་གསུང་གིས་འདུལ་ལ། ཚེ་ལོ་བཞི་བཅུ་ནས་བཅུ་བར་གྱི་བཅུ་ཚོ་གསུམ་དེ་ཐུགས་ཀྱིས་འདུལ་ཞིང་། དེ་ལྟར་ཚེ་ལོ་དགུ་བཅུ་རྫོགས་ནས། ཚེ་ལོ་བཅུ་ལ་ཐུག་པར་གསུངས་པ་ཡིན། དེ་ལྟར་ན། བླ་ཆེན་དྲན་པའི་ཞལ་ནས། རྒྱལ་བའི་གསུང་བསྟན་ཁ་གསུམ་ཆ་གཉིས་རྫོགས། མི་རྣམས་ཕལ་ཆེར་ལྔ་བཅུའི་དུས་ཀྱི་ཚད། ཞེས་གསུངས་པ་དང་དགོངས་པ་ཡང་མཐུན་པའི་ཕྱིར་རོ། མཁས་པ་འགའ་ཞིག་གིས་གཟེར་མིག་དང་། སྒྲག་བྱང་ལས་གསུངས་པའི་སུམ་ཅུ་ཞེས་པ་དེ་གཤེན་ལོ་ཡིན་པས་གཤེན་ལོ་སུམ་ཅུ་ལོན་ནས་མྱ་ངན་ལས་འདས་པར་འདོད་པ་ནི། ཤིན་ཏུ་མི་འཐད་དེ། ༑ ལུང་དང་འགལ་བ་དང་། རིགས་པ་དང་འགལ་བའི་སྐྱོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྔར་གྱི་བཤད་པའི་མདོ་འདུས། རྒྱུད་ཉི་ཟེར། མདོ་དྲི་མེད་གཟི་བརྗིད་རྣམས་ཀྱི་ལུང་དེ་རྣམས་དང་འགལ་བའི་ཕྱིར། གཉིས་པ་ཡོད་དེ། སྒྲག་བྱང་ལས་བཤད་པའི། སྐུས་འདུལ་བའི་སུམ་ཅུ་དེ་གཤེན་ལོ་སུམ་ཅུ་ཡིན་ན། དེའི་གཤམ་དུ་སྐུ་ཚེའི་ཚད་ནི་བོད་ལོ་སུམ་སྟོང་ལྔ་བརྒྱར་བཤད་པ་གཉིས་འགལ་ལ། སྔོན་གྱི་རིག་འཛིན་རྣམས་ཀྱིས་དྲང་ངེས་ཀྱི་དགོངས་དོན་སོ་སོར་བཤད་པ་ཙམ་ལས། བསྟན་བཅོས་རེ་རེའི་འགོ་མཇུག་ཏུ་རང་ཚིག་དང་དངོས་སུ་འགལ་བའི་བླུན་གཏམ་ལྟ་བུ་མི་མཛད་པའི་ཕྱིར། གཞན་ཡང་རྫོགས་པའི་སངས་རྒྱས་བོན་ཅན། མྱ་ངན་ལས་འདས་པའི་མཛད་པ་རྫོགས་ནས། སླར་ཡང་གཤེན་ལོ་གཅིག་ནས་རབ་བྱུང་མཛད་པ་ཡིན་པར་ཐལ། གཤེན་ལོ་སུམ་ཅུའི་དུས་སུ་མྱ་ངན་ལས་འདས་པ་གང་ཞིག་སུམ་ཅུ་སོ་གཅིག་གི་དུས་སུ་རབ་བྱུང་མཛད་པ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཁྱོད་ཀྱིས་ཁས་བླངས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་འདུས་ལས། དགུང་ལོ་སུམ་ཅུ་སོ་གཅིག་ལ། ཁྱིམ་སྤངས་རབ་ཏུ་བྱུང་བ་སྟེ། ཞེས་དང་། རྒྱུད་ཉི་ཟེར་ལས། མི་ལོ་སུམ་སྟོང་ཆིག་བརྒྱ་ལ། གཤེན་ལོ་སུམ་ཅུ་སོ་གཅིག་སྟེ། འཁོར་བའི་སྡུག་བསྔལ་བསྒྲལ་བའི་ཕྱིར། ཁྱིམ་སྤངས་རབ་ཏུ་བྱུང་བའི་དུས། ཞེས་དང་། མདོ་དྲི་མེད་ཀྱི་ཁྱིམ་སྤངས་རབ་ཏུ་བྱུང་བའི་མདོ་ལས། གཤེན་གྱི་ལོ་ནི་སུམ་ཅུ་སོ་གཅིག་ལོན་ནས། ཁྱིམ་སྤངས་རབ་ཏུ་བྱུང་བར་དགོངས་ཏེ། ཞེས་དང་། དྲང་དོན་མུན་སེལ་སྒྲོན་མའི་མཛད་པ་མཐར་ཕྱུང་གི་གཟེར་བུ་ལས་ཀྱང་། དེ་དང་མཐུན་པར་གསུངས་པ་དང་། རྗེ་རིན་པོ་ཆེའི་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་ལས། མི་ལོ་སུམ་སྟོང་ཆིག་བརྒྱ་གཤེན་ལོ་སོ་གཅིག་ལ། འཕྲིན་ལས་དམ་པ་ཁྱིམ་སྤངས་རབ་ཏུ་བྱུང་བའི་ཚུལ་བསྟན་ཞེས་སོགས་གསུངས་པའི་ཕྱིར། དེ་ནས་གཤེན་ལོ་བརྒྱད་བཅུ་གྱ་གཉིས་ཏེ། མི་ལོ་བརྒྱད་སྟོང་ཉིས་བརྒྱ་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡིན་ཞིང་། ཟླ་ཚེས་ཡང་། དགུན་ཟླ་ར་བའི་གནམ་སྟོང་ལ་ཡིན་པར་དྲང་དོན་མུན་སེལ་ལས་གསུངས་སོ། དེའི་ཕྱི་ལོ་ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་དུ་བཀའ་བསྡུ་མཛད་པ། མདོ་འདུས་དང་ཉི་ཟེར་ལས་གསུངས་ཤིང་། སྟོན་པ་འདས་ནས་ལོ་སྟོང་དང་བརྒྱད་བརྒྱ་ལ་སྐུ་བསྟན་ཁྲི་གཅིག་རྫོགས། ཕྱི་ལོ་སྟོན་ཐའི་ཉ་ལ་གདུང་སོབ་བྱོན་པར་མདོ་དྲི་མེད་དང་རྒྱུད་ཉི་ཟེར་ལས་གསུངས་སོ། གདུང་སོབ་ཆེན་པོས་ལོ་གསུམ་བོན་འཁོར་བསྐོར་གསུངས་པ་དེ། མི་ལོ་ཡིན་པར་འདོད་པ་མི་འཐད་དེ། དཀར་ནག་བཀྲ་གསལ་དུ་སྟོན་པ་ཉིད་དང་། སྲིད་པའི་རྒྱལ་པོ་སངས་པོ་ཐབས་ཤེས་ཟུང་དུ་སྦྲེལ་ཏེ། བསྟན་པ་རྗེས་སུ་བཞག་པའི་གསུང་རབ་གླེགས་བམ་བྱེ་བ་ཕྲག་བརྒྱ་ཡོད་པ་དེ། གདུང་སོབ་ཆེབ་པོས་ལུང་ལས་རིག་པས་ཕྱེས་ཏེ། བཤད་བཀྲོལ་སྤེལ་བཀོད་མཛད་དགོས་པ་ལ། མི་ལོ་གསུམ་ལ་དེ་ལྟ་བུ་མི་འགྲུབ་པ་མངོན་དུ་གསལ་བའི་ཕྱིར། དེས་ན་གཤེན་ལོ་གསུམ་དུ་བོན་འཁོར་བསྐོར་བ་ཡིན་ཞིང་། དེས་རིགས་འགྲེས་ནས། བཀའ་བསྡུ་བར་མཛད་པའི་འཁོར་བཅུ་གཉིས་པོ་རེ་རེས་གཤེན་ལོ་གསུམ་གསུམ་དུ་བོན་འཁོར་བསྐོར་བ་ཡིན་ནོ། མདོ་དྲི་མེད་ལས། དེ་རྣམས་ཀྱིས་གདུང་སོབ་བྱོན་པའི་རྗེས་སུ་བོན་འཁོར་དུས་གཅིག་ཏུ་བསྐོར་བ་ལྟ་བུར་གསུངས་པ་ནི། ཚིག་སྦྱོར་བདེ་བའི་དབང་དུ་མཛད་པ་ཡིན་ལ། དོན་དུ་རིམ་ཅན་དུ་བྱོན་པར། མདོ་འདུས་དང་རྩ་རྒྱུད་ཉི་ཟེར་གཉིས་ཀ་ལས་གསལ་བར་གསུངས་པའི་ཕྱིར། མདོ་འདུས་ལས། སྡུད་འཁོར་རྣམས་ཀྱིས་བོན་འཁོར་ལོ་གསུམ་རེར་བསྐོར་བར་བཤད་པའི་མཇུག་ཏུ། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ནས། གསང་སྔགས་རྣམས་རྟག་གཟིགས་སུ་དར་བར་གསུངས་ཀྱང་། དོན་དུ་རྒྱུད་ཉི་ཟེར་ལས། སྡུད་འཁོར་རྣམས་ཀྱིས་ལོ་གསུམ་རེར་བོན་བསྟན་པའི་གཤམ་དུ། དེ་ནས་མི་ལོ་ཉི་ཤུ་རྩ་བརྒྱད་ནས་ཞེས་པ་ནས། རྒྱས་འབྲིང་བསྡུས་གསུམ་བོན་སྡེ་རྣམས། ཐམས་ཅད་འོལ་མོ་ལུང་རིང་དུ་འདུས། ཞེས་གསུངས་པ་ལྟར། སྟོན་པ་ཞལ་བཞུགས་པ་ནས། སྡུད་འཁོར་རྣམས་ཀྱིས་བོན་འཁོར་བསྐོར་གྲུབ་པའི་བར་དེར། རྟག་གཟིགས་སུ་འདུལ་བ་མདོ་ཡི་བོན་རྣམས་རབ་ཏུ་དར་ཞིང་། གསང་སྔགས་རྣམས་ཆེར་མ་དར་བ་ཡིན་ཞིང་། དེ་ནས་མི་ལོ་ཉེར་བརྒྱད་ནས། ལྷ་ཀླུ་མི་ཡི་གཤེན་གསུམ་གྱིས། ལྷ་གནས་སུ་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་གསུངས་པའི་སྤྱི་སྤུངས་ལ་སོགས་པའི་གསང་སྔགས་རྣམས་དང་རྒྱལ་བ་གཤེན་རབ་ཉིད་ཀྱིས་གསུངས་པའི་གསང་སྔགས་ཀྱི་བོན་བཅས་ཏེ། བསྒྲགས་པ་སྐོར་གསུམ་གྱི་བོན་རྣམས། ལྷ་དང་ཀླུ་ཡི་ཡུལ་ནས་རྟག་གཟིགས་སུ་སྤེལ་བ་ཡིན་ནོ། དེ་ནས་གདུང་སོབ་མུ་ཆོས་ཡང་། གསང་སྔགས་ཆེར་མ་གསུངས་པ་ཡང་དེའི་དོན་ཡིན་ནོ། གཞན་ཡང་གོང་དུ་སྡུད་འཁོར་བཅུ་གསུམ་པོ་རེ་རེས། གཤེན་ལོ་གསུམ་གསུམ་དུ་བོན་གསུངས་པ་དེ་འཐད་དེ། རྒྱུད་ཉི་ཟེར་ལས། དེ་དག་ལ་ལོ་གསུམ་ཞེས་བཤད་ལ། དེ་ནས་མི་ལོ་ཉི་ཤུ་བརྒྱད་ལ། ཞེས་གསང་སྔགས་བྱུང་བའི་དུས་ལ་མི་ལོ་ཞེས་གསལ་བར་གསུངས་པའི་དགོངས་དོན་ཡང་དེ་ཡིན་པར་མངོན་ནོ། དེ་ནས་མི་ལོ་སུམ་བརྒྱ་དང་སོ་བརྒྱད་ཀྱི་ས་བྱ་ལོར། ལི་ཤུ་སྟག་རིང་གཉན་ཡུལ་ཟ་ར་སྟག་སྐྱ་རུ་རྫུས་སྐྱེས་སུ་བསྟན་པ་ཡིན་ཞིང་དེ་ནས་ལོ་བརྒྱ་དང་ཉེར་ལྔ་ནས་རྫུ་འཕྲུལ་ཡེ་ཤེས་ཞང་ཞུང་ཕུག་པ་རྟག་གཟིགས་ཀྱི་ཡུལ་ནས། ཞང་ཞུང་སྨར་གྱི་ཡུལ་དུ་བྱོན། དེ་ནས་ལོ་དྲུག་ཅུ་ནས་བོད་རྒྱལ་གཉའ་ཁྲི་བཙན་པོ་བྱ་བ་རྒྱལ་པོ་སྐྱབས་སེང་གི་སྲས་སུ་བྱམས་མའི་དངོས་གྲུབ་བྱུང་བ་དེ་ཉིད། གནམ་ནས་ལྷ་རི་གྱང་ཐོའི་རྩེར་ཕེབས་པ་ཡིན་ནོ། དེ་ནས་ལོ་དྲུག་ཅུ་རེ་གཉིས་ནས། སྲས་རྒྱལ་པོ་མུ་ཁྲི་བཙད་པོ་བལྟམས། ཁ་ཅིག་གིས་མུ་ཁྲི་ཨུ་རྒྱན་དང་ཞང་ཞུང་གི་རྒྱལ་པོར་འདོད་པ་ནི། བྱམས་མ་དང་། སྒྲག་བྱང་། རྩ་རྒྱུད་སོགས་ཀྱི་ལུང་རིགས་མ་མཐོང་བའི་རྡོལ་ཚིག་ཡིན་ནོ། སྟོན་པ་བོད་དུ་ཕེབས་ནས། དེའི་བར་དུ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་ལས། འབྲས་བུའི་བོན་རྣམས་རུ་བཞི་བོད་ཀྱི་ས་སྐོར་དུ་མ་དར་བ་ཡིན་ཞིང་། མུ་ཁྲིས་ནམ་མཁའི་སྣང་བ་མདོག་ཅན་སྤྱན་དྲངས་ཏེ། ཐེག་པ་ཆེན་པོ་སྤྱི་སྤུངས་སྐོར་གསུམ་ལ་སོགས་པ་འབྲས་བུ་ཡི་བོན་རྣམས་ཞུས་ཏེ། ཉིད་ཀྱིས་བསྒྲུབས་པས་གྲུབ་པ་མངོན་དུ་ཐོབ་པའོ། དེས་ལོ་བརྒྱ་དང་བརྒྱད་བཞེས་ཚེ། སྲས་དིང་ཁྲི་བཙད་པོ་བལྟམས་པ་ཡིན་ནོ། གསུངས་བསྟན་དབུ་ཟུག་ནས་ལོ་ལྔ་སྟོང་དང་ལྔ་བཅུ་ང་ལྔ་འདས་པའི་ས་ལུག་ཆུ་སྟོད་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་བཅོམ་ལྡན་ཤཀྱ་ཐུབ་པ་ལྷུམས་སུ་ཞུགས་ནས། ཟླ་བ་དགུ་དང་ཞག་ཉེར་གཉིས་འདས་པའི། ལྕགས་སྤྲེལ་ས་གའི་ཚེས་བདུན་ལ་སྐུ་བལྟམས། དགུང་ལོ་ཉེར་དགུ་ལ་བཙུན་མོའི་འཁོར་བརྒྱད་ཁྲི་རྒྱལ་སྲིད་དང་བཅས་པ་སྤངས་ཏེ་རབ་བྱུང་མཛད་ནས་ལོ་དྲུག་ཏུ་དཀའ་བ་སྤྱད་པས། ཤིང་རྟ་ལོར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས། དེ་དང་ལྷན་ཅིག་ཟླ་བ་ཡང་སྒྲ་གཅན་གྱིས་བཟུང་ཞིང་། གོང་དུ་ཐུབ་པ་རབ་ཏུ་བྱུང་བའི་སྔ་ནུབ། ཤཀྱའི་བུ་མོ་གྲངས་འཛིན་མ་ལ་སྲས་ཤིག་བྱིན་གྱིས་བརླབས་པ་ཡང་ལོ་དྲུག་ཏུ་མངལ་དུ་བཞུགས་པ་བལྟམས་ནས། སྲས་ཀྱི་མིང་དུ་སྒྲ་གཅན་འཛིན་དུ་བཏགས། དེ་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མི་གསུངས་པའི་ཚུལ་དུ་བཞུགས་པ་ལ་ལྷ་ཚངས་པས་བསྐུལ་ཏེ། འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་བཞིའི་ཆོས་གསུངས་པ་ནས་བཟུང་སྟེ་ཆོས་འཁོར་རིམ་ཅན་དུ་བསྐོར་ཏེ། དགུང་ལོ་བརྒྱད་ཅུ་གྱ་གཅིག་གི་ལྕགས་འབྲུག་ས་གའི་ཉ་ལ་མྱ་ངན་ལས་འདས་པ་ཡིན་ནོ། དེ་ཡང་ཕུག་པའི་པད་དཀར་ཞལ་ལུང་གཙོར་བྱས་པ་ཡིན་ལ། གཞན་ཡང་བཤད་ཚུལ་མི་འདྲ་བ་མང་དུ་ཡོད་དེ། ས་པནྚི་ཏ་ཡིས་མེ་ཡོས་ས་གའི་ཉ་ལ་ལྷུམས་སུ་ཞུགས། ས་འབྲུག་དབོ་ཟླའི་ཚེས་བཅུ་ལ་སྐུ་བལྟམས་ནས། ལོ་ངོ་བརྒྱད་ཅུ་མེ་ཕག་ལ་མྱ་ངན་ལས་འདས་པར་བཤད་པ་དང་། གཏེར་མར་གྲགས་པའི་བཀའ་ཐང་ཤེལ་བྲག་མ་སོགས་འགའ་ཞིག་ལས། ཤིང་བྱི་ལ་སྐུ་བལྟམས་བརྒྱད་ཅུ་གྱ་གཉིས་བཞུགས་ཏེ་ཤིང་བྱ་ལ་མྱ་ངན་ལས་འདས་པར་བཤད་པ་དང་། ཇོ་བོ་རྗེས་ཤིང་གླང་ལ་སྐུ་བལྟམས། བརྒྱད་ཅུ་བཞེས་པའི་ཤིང་སྤྲེལ་ལ་མྱ་ངན་ལས་འདས་པར་བཤད་པ་དང་། ཡང་ཇོ་བོའི་ལུགས་ཡིན་ཟེར་བའི་རྗེས་འབྲང་ཁ་ཅིག་ས་གླང་ལ་སྐུ་བལྟམས། ས་སྤྲེལ་ལ་མྱ་ངན་འདས་པར་བཤད་པ་དང་། དུས་འཁོར་བའི་རྗེས་འབྲང་ཁ་ཅིག་མེ་རྟ་ས་གའི་ཉར་ལྷུམས་སུ་ཞུགས་ནས། ཟླ་ལྷག་དང་བཅས་པས་ཟླ་ཚང་བའི་མཆུ་ཡི་ཉ་ལ་སྐུ་བལྟམས། ལོ་ངོ་བརྒྱད་ཅུ་གྱ་གཉིས་ལོན་པའི་མེ་ཡོས་ལ་མྱ་ངན་ལས་འདས་པར་བཤད་པ་དང་། ཁ་ཆེ་པཎ་ཆེན་གྱིས་མེ་སྦྲུལ་ལ་མྱ་ངན་ལས་འདས་པར་བཤད་པ་སོགས། འཁྲུངས་ལོ་དང་འདས་ལོ་སྐུ་ཚེའི་ཚད་རྣམས་མི་མཐུན་པ་མང་ཡོད་ཅིང་། དེ་དང་མཐུན་པར་ལོ་གྲངས་ཡང་མྱ་ངན་ལས་འདས་ནས་ཆུ་སྟག་ལོ་འདི་ཡན་ལོ་བཞི་སྟོང་དང་ཉིས་བརྒྱ་དྲུག་ཅུ་རེ་གཅིག་ནས། ཉིས་སྟོང་བདུན་བརྒྱ་ཉེར་གཉིས་ཀྱི་བར་དུ་སྣ་ཚོགས་པ་ཞིག་སྨྲ་སྟེ་གཅིག་ཏུ་ངེས་པར་མི་འདུག་རུང་། རེ་ཞིག་པད་དཀར་ཞལ་ལུང་འདི་སྐར་རྩིས་པ་རྣམས་ལ་གྲགས་ཆེ་བས་དེ་ལྟར་བཤད་པ་ཡིན་ནོ། ཐུབ་དབང་བལྟམས་ནས་ལོ་ཞེ་དྲུག་འདས་པ་དང་། གསུང་བསྟན་ནས་ལོ་ལྔ་སྟོང་ཆིག་བརྒྱ་དང་གཉིས་འདས་པའི་མེ་རྟ་ལ་བླ་ཆེན་དྲན་པ་ནམ་མཁའ་སྐུ་བལྟམས་པ་ཡིན་ཞིང་། དེ་ཡང་འགའ་ཞིག་གིས་ན་རེ། གསུང་བསྟན་རྫོགས་ནས། ཐུགས་བསྟན་གྱི་དབུ་རུ་བྱོན་ཟེར་བ་ནི། མི་འཐད་དེ། དེ་སྔོན་མི་བྱོན་པར་ཐལ། ད་ལྟར་གསུང་བསྟན་མ་རྫོགས་པར་བླ་ཆེན་དྲན་པའི་ཞལ་ནས་གསུངས་པའི་ཕྱིར། འོ་ན་རྒྱུད་ཉི་ཟེར་ལས། དེ་ལྟ་བུ་གསུངས་པའི་ཕྱིར། ཞེ་ན། དེའི་དགོངས་དོན་ནི་བླ་ཆེན་དྲན་པ་ཀུན་བཟང་ཐུགས་ཀྱི་སྤྲུལ་པ་ཡིན་པ་དང་། དེས་གསུངས་པའི་བོན་སེམས་ཕྱོགས་ཕལ་ཆེ་བ་ཐུགས་བསྟན་གྱི་དུས་སུ་རབ་ཏུ་དར་བར་འགྱུར་བས། ཐུགས་བསྟན་གྱི་དབུ་འཛུག་མཛད་པ་ལ་དགོངས་ཏེ། རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས། ང་ཡི་གསུང་གི་བསྟན་པ་ལ། ཉིད་ལས་མི་ཞན་པ་ཡི་གཤེན། རང་བྱུང་མཆོད་རྟེན་རྩ་བ་རུ། གདུང་སོབ་མུ་ཆོ་བྱ་བ་འབྱུང་། ཞེས་དང་། དེ་ནས་གསུང་གི་བསྟན་པའི་དཀྱིལ། ཐུགས་ཀྱི་བསྟན་པའི་དབུ་འཛུགས་སུ། འཛམ་གླིང་དབུས་ཀྱི་ལྟེ་བ་ཡི། རི་བོ་གངས་ཅན་མདུན་དྲུང་དུ། བྱམས་སེམས་ནམ་མཁའ་ལྟ་བུ་ཡི། ལྔ་བརྒྱ་དྲན་པའི་ནམ་མཁའ་འབྱུང་། རྟག་གཟིགས་ཨུ་རྒྱན་རྒྱ་གར་དང་། ཕྲོམ་བོད་ཞང་ཞུང་ལོ་ཙཱ་བསྒྱུར། ཞེས་གསུངས་པའི་ཕྱིར། རྒྱལ་པོ་མུ་ཁྲི་ནས་དེའི་བར་དུ། ཞང་བོད་གཉིས་ཀར་མདོ་སྔགས་ཀྱི་བསྟན་པ་དར་བ་དང་། ལྷག་པར་འདུལ་བསྟན་ཤིན་ཏུ་དར་བར་ཡོད་པ་ལ། ཡ་གོང་དང་ཕམ་ཤིའི་བརྒྱུད་པ་རྣམས་ནང་འཁྲུགས་བྱས་པ་དང་། རྒྱ་གར་དར་མ་གྷིར་ཏེ་བྱ་བས་སྙན་ཕྲ་གསོལ་བ་ལ་བརྟེན་ནས་ཞང་ཞུང་རྒྱལ་པོའི་གདུང་རྒྱུད་དུ་མི་གཏོགས་པའི། གློ་བུར་གྱི་རྒྱལ་པོ་མུ་ལ་མུ་སངས་བྱ་བས་བཀྱོན་ཕབ། ལྷག་པར་རང་བསྟན་རང་བཤིག་ལྟ་བུར་བྱས་ནས། འདུལ་བའི་བསྟན་པ་ཞང་བོད་གཉིས་ཀར་ནུབ་པ་ཡིན་ཏེ། དེ་དུས་བོད་རྒྱལ་ལ་སྟོང་སྡེ་ཙམ་ལས་བོད་ཕལ་ཆེར་རྒྱལ་ཕྲན་བཅུ་གཉིས་དང་། ཞང་ཞུང་གི་འོག་ཏུ་ཡོད་པར་བཤད་པས་སོ། དེ་ནས་ས་བྱ་ལོར། ཅོ་བཙུན་ཡེ་ཤེས་དང་། སྡེ་བཙུན་རབ་གསལ་ལ་ཁྲིམས་རྫོགས་ཞུས་པའི། མུ་ཟི་གསལ་བཟང་ཞེས་ཚེ་ཡི་དངོས་གྲུབ་ཐོབ་པ་དེ། མདོ་སྨད་རྨ་རི་དེལ་གསུམ་གྱི་བྲག་ལ་འགོག་པར་ལོ་སྟོང་དང་བརྒྱད་བརྒྱར་བཞུགས་ཞེས་འདུལ་བ་གླིང་གྲགས་དང་རྗེ་རིན་པོ་ཆེའི་འདུལ་འགྲེལ་ལས་གསུངས་སོ། དེ་ཡང་ཁ་ཅིག་གིས་གྲི་གུམ་དང་། ཁ་ཅིག་ཁྲི་སྲོང་གིས་བསྣུབས་ཤིང་འགོག་པར་ལོ་བརྒྱད་བརྒྱར་བཞུགས་ཞེས་བཤད་པ་མི་འཐད་དེ། འདུལ་བསྟན་བོད་རྒྱལ་གྱིས་བསྣུབས་པའི་ལོ་རྒྱུས་བཀའ་གཏེར་རྣམས་ལས་མ་བྱུང་ཞེས། གླེང་གཞི་བསྟན་པའི་བྱུང་ཁུངས་ལས་གསུངས་ཤིང་། རིགས་པས་ཀྱང་གྲི་རུམ་ནས་འདུལ་བ་དར་བའི་བར་དུ་ལོ་དགུ་བརྒྱ་ལས་ཀྱང་ལྷག་པར་སོང་བ་དང་། ཁྲི་སྲོང་ནས་དེའི་བར་དུ་ལོ་སུམ་བརྒྱ་ཡང་མ་སོང་བའི་ཕྱིར། ཁྲི་སྲོང་གི་དུས་སུ་འདུལ་བ་སྟོད་ལུགས་སུ་གྲགས་པ་འགའ་ཞིག་ལས་འདུལ་བསྟན་ཆེར་མེད་པར་སེམས་ཏེ། བན་བོན་ཤག་འདྲེན་སྐབས་སུ། བམ་དྷེ་རྣམས་ལ་སྤྱི་ཟླུམ་ཞེས་དང་། ཕ་བཙས་མགོ་བོ་ཡུག་མགོར་བྲེགས་ཞེས་སོགས། སྲིད་པ་རྒྱུད་ཀྱི་རྣམ་ཐར་དང་། སྒྲག་བྱང་ལས་གསུངས་པའི་ཕྱིར། འོ་ན་བྱམས་མ་ལས་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞིའི་དུས་སུ། འདུལ་བ་རྒྱུད་དྲུག་ལ་མཁས་པ་སོགས་ཡོད་པར་གསུངས་པ་ཅི་ཞེ་ན། དེ་ནི་འདུལ་བ་སྟོད་ལུགས་སུ་མིང་བཏགས་པ་དེ་ཡིན་ཞིང་། དེ་ཉིད་ཁྲི་སྲོང་གི་དུས་སུ་ནུབ་པ་ཡིན་ཏེ། སྒྲག་བྱང་ལས། འཛི་བོན་དབང་གྲུབ་དང་། རྣོ་བོན་ཡེ་མཁྱེན་དང་། སྔགས་བོན་ལྷ་གཉེན་དང་གསུམ་གྱིས་གཤེན་གྱི་འདུལ་བ་དང་། མཛད་ཁྲིམས་ལ་སོགས་ཤོག་དྲིལ་མང་བ་བརྒྱད་ཁྱེར་ནས། རྟག་གཟིགས་སུ་བྲོས་པས་མཛད་ཁྲིམས་དུར་དུ་མ་ཤོར་རོ། ཞེས་གསུངས་པའི་ཕྱིར་དང་། དེ་མིན་ན་བྱམས་མ་ནས་གསུངས་པའི་འདུལ་བ་རྒྱུད་དྲུག་དང་སྨད་ལུགས་ཀྱི་འདུལ་བ་རྒྱུད་དྲུག་འདི་གཉིས་མིང་དོན་གཉིས་ཀ་ལ་འདྲ་མིན་ལེགས་པར་རྟོགས་དང་གསལ་ལོ། སྒ་སྟོན་གྱིས་སླར་ཡང་དེ་གསུམ་ལོ་སོ་ལྔ་ནས་འཁོར་ཏེ་ལ་སྟོད་དུ་འདུལ་བ་སྤེལ་བར་གསུངས་སོ། བླ་ཆེན་དྲན་པ་དགུང་ལོ་ཉེར་བདུན་བཞེས་ཚེ། སྲས་མཆོག་ཚེ་དབང་རིག་འཛིན་དང་། པདྨ་མཐོང་གྲོལ་བལྟམས་པར་ཁོད་སྤུངས་དྲན་པའི་རྣམ་ཐར་དུ་གསལ་ལོ། གཞན་ཡང་རྩིས་གཞུང་ཉིན་སྣང་གི་བུ་ཡིག་སོགས། ཆོས་པ་འགའ་ཞིག་གིས། ཤག་ཐུབ་མྱ་ངན་ལས་འདས་ནས་ལོ་བརྒྱ་ནས། བོད་དུ་མཚོ་ཕྲི་ནས་ཤིང་ས་ལའི་ནགས་ཚལ་ཆགས་པར་བཤད་པ་དང་། དེ་ནས་ཡང་ལོ་དྲུག་བརྒྱ་ནས་གཉའ་ཁྲི་བཙད་པོ་བྱོན་པ་དང་། དེ་ནས་ལོ་ལྔ་བརྒྱ་ནས་ཐོ་རི་གཉན་བཙན་བྱོན་པ་དང་། དེ་ནས་གནམ་རི་སྲོང་བཙན་བར་དུ་ལོ་ཉིས་བརྒྱ་དང་སུམ་ཅུ་སོང་བར་བཤད་པ་རྣམས་ནི་བཞད་བགད་ཀྱི་གནས་ཡིན་ཏེ། སྟོན་པ་བོད་ཡུལ་དུ་བྱོན་པའི་དུས་སུ་བོད་རྣམས་ཀོང་རྗེ་དཀར་པོའི་མངའ་འོག་ཏུ་ཡོད་པ་གསུངས་པ་དང་འགལ་བའི་ཕྱིར། གཞན་ཡང་སྟོང་གསུམ་འཇིག་རྟེན་རེ་རེ་འོག་གཞི་རླུང་གི་དཀྱིལ་འཁོར་གཅིག་གི་སྟེང་དུ་མཉམ་ཆགས་མཉམ་འཇིག་ཡིན་པར་མདོ་མཛོད་ཀུན་གྱི་དགོངས་པ་ཡིན་ལ། ཁྱོད་ཀྱི་ལུགས་ལ་དེའི་དུས་སུ་བོད་དུ་ས་ཡི་དཀྱིལ་འཁོར་ཡེ་ནས་མ་ཆགས་པའི་ཕྱིར། བོད་རྒྱལ་ཐོག་མ་ནས་ཐོ་རི་གཉན་ཤལ་བར་དུ་རྒྱལ་རབས་ཉེར་ལྔ་ལ་ལོ་ལྔ་བརྒྱ་ལས་མ་སོང་བ་མི་འཐད་དེ། མུ་ཁྲི་བཙད་པོ་ནི་ཚེ་ལ་རང་དབང་ཐོབ་པ་ཡིན་ཞིང་། དེ་མིན་གནམ་གྱི་ཁྲི་ལྔ་པོ་ཡང་ལྷ་ལས་མི་རུ་སྤྲུལ་པ་ཡིན་པས་དགུང་ལོ་བརྒྱ་རེ་ནས། སྲས་རྒྱལ་སར་བཀོད་དེ། ལུས་ས་ལ་མ་བཞག་པར་ལྷ་གནས་སུ་གཤེགས་པ་ཤ་སྟག་ཡིན་པའི་ཕྱིར། གཞན་ཡང་ཐོ་རི་ནས་གནམ་རི་སྲོང་བཙན་བར་དུ་རྒྱལ་རབས་བཞི་ལ་ལོ་ཉིས་བརྒྱ་དང་སུམ་ཅུ་སོང་ཞིང་། གོང་གི་རྒྱལ་རབས་ཉེར་ལྔ་ལ་ལོ་ལྔ་བརྒྱ་ལས་མ་སོང་བ་ཧ་ཅང་ཡང་སྐྱོན་ཆེ་བའི་ཕྱིར། ཁྲི་སྲོང་ཡང་བེ་དཀར་དུ་ལྕགས་རྟ་དང་། ཉིན་སྣང་དུ་ཆུ་རྟ་ཡིན་ཟེར་བ་མི་འཐད་དེ། ཁྱོད་རང་ཚོས་ཚད་མར་འཛིན་པའི་བཀའ་ཐང་ཤེལ་བྲག་མ་བྱ་བ་ལ་ཡང་། ལོ་བཅུ་བདུན་ནས་ཆོས་ཀྱི་བསམ་པ་སྐྱེས། བཅུ་དགུ་མེ་གླང་ལ་བོ་དྷི་སྭ་ཏ་བོད་དུ་སླེབས། ས་སྟག་ལོར་སློབ་དཔོན་ཕེབས་བསམ་ཡས་བཏབ་ཅེས་བཤད་པ་དང་འགལ་བའི་ཕྱིར། དེས་ན་བཀའ་ཐང་དང་རྩིས་གཞུང་གཉིས་གང་བདེན་བརྟགས་པར་མཛོད་ཅིག ྋརང་ལུགས་ལ་ས་རྟ་ཡིན་དགོས་ཏེ། དེས་བསམ་ཡས་བཏབ་གྲུབ་ནས། གླང་ལོ་ལ་བོན་བསྟན་བསྣུབས་པས། གཏེར་གྱི་རྒྱལ་ལྔ་བློན་བཞི་ཡང་བློན་གཅིག གསང་གཏེར་ཆ་ལྔ་གཏེར་ཕྲན་སྟོང་དང་བདུན་བརྒྱ་སྦས། ཞེས་སྒྲག་བྱང་ལས་གསུངས་ཤིང་། དེ་དང་མཐུན་པར་སྲིད་པ་རྒྱུད་ཀྱི་རྣམ་ཐར་ལས། ས་མོ་གླང་ལོ་དཔྱིད་ཟླ་ར་བའི་ཚེས་གཅིག་ནས་བཟུང་གཏེར་རྣམས་སྦས། ཞེས་གསུངས་པའི་ཕྱིར། ལོ་དེར་ལི་ཤུ་ལ་སོགས་རིག་འཛིན་གྲུབ་པ་ཐོབ་རྣམས་དངོས་སུ་མཁའ་སྤྱོད་དུ་གཤེགས་པ་ཡིན་ཏེ། རྫོགས་ཆེན་ཡང་རྩེ་ལས། སྙ་ཆེན་གྱིས་དགུང་ལོ་སྟོང་དང་ཉིས་བརྒྱའི་དུས་སུ་རྟག་གཟིགས་ནས་བོན་སྡེ་ཁྲི་ཕྲག་བཅུ་གཅིག་ཞང་བོད་དུ་བསྒྱུར། ཞེས་དང་། ཉིས་སྟོང་ལྔ་བརྒྱ་ལ་རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་ལ་སོགས་བོན་སྡེ་རྣམས་གཏེར་དུ་སྦས་ནས་མཁའ་སྤྱོད་དུ་འཕུར་ཏེ་གཤེགས་པར་གསུངས་པ་དང་། གཞན་ཡང་སྒྲག་བྱང་ལས། གྲུབ་པ་ཐོབ་པ་རྣམས་ནི། ཕལ་ཆེ་བ་ནམ་མཁའ་ལ་འཕུར་ཏེ་གཤེགས་སོ། ཞེས་གསུངས་སོ། ཁ་ཅིག་གཤེན་ཆེན་ཀླུ་དགའ་རབ་བྱུང་གཉིས་པའི་ཁོངས་སུ་བྱོན་ཟེར་བ་ནི་མ་ཡིན་ཏེ། གཞན་སྡེ་ཡི་བན་དྷེ་བཅུས་བླ་ཆེན་མུ་ཐུར་ལས་སྡོམ་པ་བླངས་པར་བཤད་པའི་ཡ་གྱལ་གཅིག་ནི། ལོ་སྟོན་རྡོ་རྗེ་དབང་ཕྱུག་ཡིན་ལ། དེ་གཤེན་གྱི་གཏེར་བདུད་ཡིན་པས། དུག་དྲངས་ཏེ་གཤེན་ཆེན་ཀླུ་དགའ་ཡང་བདེ་བར་གཤེགས་སོ། ཁོ་ཡང་ཡེ་ཤེས་དབལ་མོའི་བཀའ་ཆད་ཀྱིས་ཞག་གསུམ་ནས་སྙིང་གཟེར་དུ་ཤི་བར་གསུངས་པ་དང་འགལ་ལོ། གཞན་སྡེའི་བསྟན་རྩིས་ལས། རོང་སྟོན་ཤེས་བྱ་ཀུན་རིག ཙོང་ཁ་པ་ལས་ལོ་བཅུའི་ཆུང་བའི་མེ་ལུག་ཏུ་བཤད་པ་མི་འཐད་དེ། རོང་སྟོན་གྱི་དངོས་སློབ་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྣམ་ཐར་བསྡུས་པ་ལས། དགག་དགོས་ཀྱིས་དགུང་སྙིང་གསང་བ་ཡིན་གྱིས། དོན་དུ་བརྒྱད་ཅུ་གྱ་ལྔ་ལ་སྐུ་གཤེགས། ཕྱི་ལོ་ལྕགས་ཁྱི་ལོར། བཀྲ་ཤིས་རྣམ་རྒྱལ་བ་གདན་སར་བཀོད་པ་སོགས་གསུངས་པ་དང་འགལ་བའི་ཕྱིར། འགའ་ཞིག་ནས་ཆུ་བྱ་ལོར་སྨན་རིའི་དགོན་པ་བཏབ་ཅེས་བཤད་འདུག་རུང་མི་འཐད་པར་སྙམས་ཏེ། རྗེ་རིན་པོ་ཆེའི་རྣམ་ཐར་ལས། ཤིང་མོ་བྱ་ལོ་སྟེ། དགུང་ལོ་ལྔ་བཅུའི་སྟེང་དུ་དགོན་པ་བཏབ་པར་གསུངས་པའི་ཕྱིར་རོ། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་དར་ནུབ་དང་། བསྟན་འཛིན་སྐྱེས་བུ་རྣམས་བྱོན་ཚུལ། ཟབ་གཏེར་བཞེས་ཚུལ། དགོན་སྡེ་བཏབ་ཚུལ་ལ་སོགས་པ་རྣམས་ནི། གླེང་གཞི་བསྟན་པའི་བྱུང་ཁུངས། གཞན་སྡེའི་ཆོས་འབྱུང་། བྲུ་ཡི་གདུང་རབས། གསང་རྒྱུད་ཀྱི་རྣམ་ཐར། བླ་མ་སོ་སོའི་རྣམ་ཐར། མཆོག་སྤྲུལ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི་སྨན་རིའི་དཀར་ཆག འདུལ་རྒྱུད་མུ་ཏིག་ཕྲེང་བ་སྐུ་མདུན་ཤེར་འོད་ཅན་སོགས་ལ་གཞིར་བྱས་ཏེ་ལོ་རྟ་དང་། སྔ་ཕྱི་རྣམས་ལུང་རིགས་གཉིས་དང་མི་འགལ་བར་བཀོད་པ་ཡིན་ནོ། བསྟན་པ་སྔ་དར་ཕྱི་དར་སོགས་ཀྱི་བྱུང་ཚུལ་ནི། ཞང་ཞུང་ཕུག་པ་ནུབ་ཕྱོགས་རྟག་གཟིགས་འོལ་མོ་གླིང་ཆེན་ཞེས་བྱ་བའམ། རྒྱ་གར་བ་རྣམས་ཀྱིས་བྱང་ཕྱོགས་ཤམ་བྷ་ལའམ། སྐྱེ་དགུ་ཀུན་གྱིས་དག་པ་སངས་རྒྱས་ཀྱི་ཞིང་ཁམས་ཞེས་རྫུ་འཕྲུལ་དང་མི་ལྡན་པའི་གང་ཟག་གིས་བསྒྲོད་པར་མི་ནུས་པའི་ཞིང་ཁམས་ཆེན་པོ་དེར་ནི། སྟོན་པ་རང་རང་གིས་ཐུགས་བསྐྱེད་སྨོན་ལམ་འགྲོ་དོན་མཐར་ཕྱིན་པའི་སྐབས་མ་གཏོགས། སངས་རྒྱས་ཀྱི་བསྟན་པ་དར་ནུབ་ཡེ་ནས་མི་སྲིད་པ་ཡིན་ཀྱང་། རང་རེ་མཐའ་འཁོབ་བོད་ཀྱི་ཡུལ་དུ་དར་ནུབ་མང་དུ་བྱུང་བས། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ། འདུལ་བསྟན་དང་། སྔགས་སེམས་ཀྱི་བསྟན་པ་གཉིས། འདུལ་བསྟན་ལ་བཤད་ཚུལ་མི་མཐུན་པ་ཅུང་ཞིག་ཡོད་ཀྱང་། རྣམ་པར་དག་པའི་འདུལ་བརྒྱུད་ཟམ་མ་ཆད་པ། རྗེ་མཉམ་མེད་ཆེན་པོའི་བཤད་ཚུལ་དྲི་མ་མེད་པའི་རྗེས་སུ་འབྲེང་ན། སྔ་དར་དང་། ཕྱི་དར་གཉིས། སྔ་དར་ནི། རྫུ་འཕྲུལ་ཡེ་ཤེས་ཞང་ཞུང་དུ་ཕེབས་པ་ནས་མུ་ཟི་གསལ་བཟང་བསམ་གཏན་ལ་བཞུགས་པའི་བར་དེར་ཡིན་ལ། དེ་ནས་ལོ་སྟོང་དང་བརྒྱད་བརྒྱ་ལ་སྨད་ལུགས་སུ་གྲགས་པ་འདུལ་བའི་བསྟན་པ་འདི་ཉིད་མེད་ལ། དྲང་སྲོང་གཅིག་རྫོགས་སུ་གནང་བ་ནས་བཟུང་སྟེ། འདུལ་བསྟན་ཕྱི་དར་ཞེས་བྱ་བའི་དབུ་བརྙེས་པའོ། སྔགས་བསྟན་ལ་སྔ་དར་དང་། བར་དར་དང་། ཕྱི་དར་དང་གསུམ། སྔ་དར་ནི། རྒྱལ་པོ་མུ་ཁྲི་བཙད་པོའི་སྐུ་དུས་ནས། སྔགས་སེམས་ཀྱི་དབུ་བརྙེས་ནས་གནམ་གྱི་ཁྲི་དྲུག་པའི་བར་དུ་རབ་ཏུ་དར་བ་སྟེ། འདུ་གནས་སུམ་ཅུ་རྩ་བདུན་ལ་སོགས་པ་བཞེངས་ནས། རྒྱལ་ཁྲི་གུམ་གྱི་ཚེ་སྟོད་ཡན་ཆད་ཡིན་ལ། བར་དར་ནི། དེས་བོན་བསྣུབས་ནས་ལོ་བཅུ་བདུན་དུས། རྒྱལ་སྲས་སྤུ་དེ་གུང་རྒྱལ་ལམ་བོན་ཁྲིམས་སྲིད་པའི་ཐོ་ཆེན་བཙུགས་པས། ཐོ་ལེགས་བཙད་པོ་ཞེས་བྱ་བ་དེ་ཉིད་རྒྱལ་སར་ཕེབས་པ་ནས་བཟུང་སྟེ། སྲིན་པོ་འཕགས་ཅན་གྱིས་སྤྲུལ་པའི་རྒྱལ་པོ་དེའི་ཚེ་སྟོད་ཡན་ཆད་ཡིན་ལ། དེའི་ལོ་སུམ་ཅུ་སོ་གཉིས་དུས་བོན་བསྣུབས་པ་ནས། བླ་མ་གཤེན་གྱིས་གཏེར་ཐོན་པའི་བར་དུ་ལོ་ཉིས་བརྒྱ་དང་དྲུག་ཅུ་རེ་བརྒྱད་སོང་ཞིང་། འདིའི་གོང་དུ་བོན་གྱི་གཏེར་སྟོན་བཅོ་ལྔ་ཙམ་བྱོན་ཀྱང་། བསྟན་པ་ཆེར་དར་བ་མ་བྱུང་པ་ལ། དེ་ནས་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ང་ཡི་མཆོག་གི་སྤྲུལ་པ་ལ། གཤེན་ལ་ཀླུ་དགའི་མཚན་ཅན་འབྱུང་། གསང་སེམས་གཉིས་ལ་ཐུགས་འབྱོང་ནས། མཚོ་རྔ་བྲག་ལ་གཏེར་སྒོ་འབྱེད། བསྟན་པ་ཉི་མའི་ཟེར་བཞིན་སྤེལ། ཞེས་ལུང་དུ་བསྟན་པའི་སྐྱེས་མཆོག་ཆེན་པོ་བསྟན་པའི་སྒྲོན་མེ། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་དེ་ཉིད་ལ་བུ་སློབ་ཀྱང་བཀའ་བབ་ཀྱི་བུ་ཆེན་བཞི། རྒྱལ་མཚན་ཐོགས་པའི་མི་བཞི། ལྕོགས་རོ་སྲིད་པའི་མི་ལྔ། ཉང་སྟོད་ཀྱི་དཔོན་བཞི། ཁ་འཐོར་བ་ཉེར་གཅིག་ལ་སོགས་མང་དུ་བྱུང་ཡང་། ཐུགས་སྲས་དམ་པ་མཆོག་ཏུ་གྱུར་ཞིང་། བསྟན་པ་ལ་བཀའ་དྲིན་ཆེ་བ་ནི། དབང་ལྡན་ཞུ་གཡས་ལེགས་པོ་དང་། བྲུ་ཆེན་ནམ་མཁའ་གཡུང་དྲུང་། བྲུ་ཤ་ཁྱུང་གི་རྒྱལ་མཚན། སྤ་སྟོན་དཔལ་མཆོག་བཟང་པོ་སྟེ། བྲུ་ཞུ་སྤ་གསུམ་དུ་གྲགས་པ་དེ་རྣམས་ཡིན་ཏེ། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ང་ཡི་མཆོག་གི་སྤྲུལ་པ་ལས། ཞུ་ཡི་གདུང་རིགས་ལེགས་པོའི་མཚན། བསྟན་པ་མི་ནུབ་རྒྱལ་མཚན་འཛུག ཅེས་དང་། དྲན་པའི་མཆོག་གི་སྤྲུལ་པ་ལ། བྲུ་ཡི་གདུང་འཛིན་ནམ་མཁའ་གཡུང་། བོན་དུ་དབལ་ཕུར་ནག་པོ་སྒྲུབ། ཅེས་དང་། ང་ཡི་མཆོག་གི་སྤྲུལ་པ་ལ། བྲུ་སྟོན་ཁྱུང་གི་རྒྱལ་མཚན་འབྱུང་། བདེན་གཉིས་ཟུང་འབྲེལ་འགྲོ་དོན་མཛད། བསྟན་པའི་རྒྱལ་མཚན་དཔལ་དུ་ཤར། ཞེས་དང་། དཔལ་གྱི་དབང་ཕྱུག་སྤྲུལ་པ་ལ། སྤ་སྟོན་དཔལ་མཆོག་བྱ་བ་འབྱུང་། འགྲོ་བ་མ་ལུས་ཐར་པར་འདྲེན། ཞེས་ལུང་དུ་བསྟན་པའོ། དེ་ཡི་ནང་ནས་ཀྱང་། རྒྱལ་པོ་ཁྲི་སྲོང་གིས་བོན་བསྣུབས་པ་ནས། གཡུང་དྲུང་བོན་ལ་བཤད་སྲོལ་བཏོད་པར་སྔ་བ་ནི། མཁས་པའི་དབང་པོ་བླ་མ་བྲུ་ཆེན་ཞེས་བྱ་བ་དེ་ཉིད་ཡིན་ཞིང་། དེས་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་ལ་ཏི་ཀ་བཏབ་སྟེ། འཆད་པ་དང་། རྩོད་པ་དང་། རྩོམ་པ་གསུམ་ཀའི་སྲོལ་ལེགས་པར་ཕྱེས་པས། ཤིང་རྟའི་སྲོལ་འབྱེད་ཆེན་པོར་གྲགས་པ་སྟེ། འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་ལགས་སོ། བྲུ་ཞུ་སྤ་གསུམ་གྱི་བུ་སློབ་ནི། གཤེན་ཚད་མེད་འོད་ལྡན་གྱི་སྤྲུལ་པའམ། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། གསེར་ཐོག་ལྕེ་འབྱམས་སྤྲུལ་པ་ལས། རྨེའུ་འདུལ་འཛིན་དམ་པའི་མཚན། ཏིང་འཛིན་རྟོགས་པའི་ཤེས་རབ་ཅན། བསྟན་པ་དར་རྒྱས་འཛིན་ཚུལ་སྟོན། ཞེས་གསུངས་པའི་ལུང་ཟིན་རྨེའུ་དགོངས་མཛོད་རི་ཁྲོད་ཆེན་པོ་དེ་ཉིད་ཡིན་ཞིང་། དེ་ནི་འདུལ་བ་དང་སེམས་ཕྱོགས་ཀྱི་བོན་གཉིས་ཀའི་སྒོ་ནས། འགྲོ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ཞིང་། རྨེའུ་སྟོན་ལྷ་རི་གཉན་པོ་དང་འདི་གཉིས་ལ་རྨེའུ་སྟོན་སྒོམ་གཉིས་ཞེས་བྱ་ཞིང་། དེ་ནས་བཟུང་སྟེ་མཁས་པ་རྨེའུ་ཚང་དུ་གྲགས་པ་བྱུང་ངོ། དེས་ན་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི། རྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་བཞི་པོ་དེས་རབ་ཏུ་སྤེལ་ཏེ་དར་རྒྱས་སུ་མཛད་པ་ཡིན་ཀྱང་། དེ་རྣམས་གཏེར་སྟོན་ཀླུ་དགའ་བ་དེ་ཉིད་ཀྱི་དངོས་སློབ་དང་། ཡང་སློབ་ཏུ་གཏོགས་པས་ན། འབྲིག་མཚམས་མཐའ་དཀར་གྱི་ཟབ་གཏེར་བཞེས་པ་ནས། བསྟན་པ་ཕྱི་དར་ཞེས་བྱ་བའི་དོན་ཡང་དེ་ལྟར་ཡིན་ནོ། ཡང་འགའ་ཞིག་གིས། འདི་ཉིད་བར་དར་དུ་བྱས་ཏེ། ཕྱི་དར་ནི་གཏེར་གསར་རྣམས་བྱོན་པ་ནས་ཡིན་ཞེས་བཤད་པ་ནི། བསྟན་པ་བར་དར་དང་ཕྱི་དར་གྱི་ཐ་སྙད་མི་ཤེས་པའི་སྐྱོན་ཡིན་ཏེ། དང་པོ་བསྟན་པའི་དབུ་བརྙེས་པ་ལ་སྔ་དར་དང་། དེ་ཉིད་ལོག་པའི་རྐྱེན་གྱིས་བསྣུབས་ཏེ་ཉམས་པར་གྱུར་པའི་ཚེ། སླར་ཡང་ཉམས་པ་གསོས་ཏེ་དར་བ་ལ་ཕྱི་དར་དུ་ཐ་སྙད་བྱེད་ཅིང་། དེ་ལ་ཡང་བསྣུབས་ཏེ་དར་བ་ལན་གཉིས་བྱུང་ན། སྡོན་མ་ལ་བར་དར་དང་། རྗེས་མ་ལ་ཕྱི་དར་དུ་མིང་བཏགས་པ་ནི། བོན་ཆོས་གཉིས་ཀའི་མཁས་གྲུབ་གོང་མ་རྣམས་ཀྱིས་བཞེད་སྲོལ་ཡིན་པའི་ཕྱིར། དེས་ན་གཏེར་གསར་དང་འདི་གཉིས་ཀའི་བར་དུ་གཡུང་དྲུང་བོན་གྱི་བསྟན་པ་ལ་འཕོ་འཆུག་མེད་པས། དར་བསྣུབས་ཀྱི་ཐ་སྙད་དགོས་པ་མེད་དོ། བླ་ཆེན་དྲན་པ་ནམ་མཁས་གསུངས་པའི་ལུང་བསྟན་རྣམས་ལས། ང་ཡི་བསྟན་པ་ཤིན་ཏུ་དར་བ་ཞིག་ཡོང་གསུངས་པ། དེ་སྔོན་མ་བྱུང་བས་རྗེས་སུ་འབྱུང་ཞིང་། ཁྱད་པར་ཐུགས་བསྟན་གྱི་དུས་སུ་དར་བར་འགྱུར་སྙམ་མོ། མདོར་ན་རུ་བཞི་བོད་ཀྱི་ས་སྐོར་དུ། སྟོན་པ་བྱོན་པ་ནས་བཟུང་སྟེ་ལྷ་གསོལ་དང་། ཡུགས་ཕུད་ལ་སོགས་རྒྱུ་ཡི་བོན་ཕྲན་བུ་ཙམ་རེ་དར་ནུབ་མེད་པར་གནས་པར་བྱུང་བ་ཡིན་ནོ། ཁ་ཅིག་གིས་དེང་དུས་གསུང་བསྟན་རྫོགས་ནས་ཐུགས་ཀྱི་བསྟན་པ་ཡིན་པར་ངོས་བཟུང་བ་མི་འཐད་དེ། ལི་ཤུ་དང་དྲན་པའི་ཁ་བྱང་ལས་ཀྱང་། དེང་དུས་གསུང་བསྟན་ཡིན་པར་གསུངས་པ་དང་། སྒྲག་བྱང་ལས། སུམ་ཅུ་གསུང་གིས་འདུལ་སྟེ་ཆོས་སུ་བསྟན། ཞེས་གསུངས་པའི་ཕྱིར། དེས་ན་གསུང་བསྟན་གྱི་དབུ་རུ་གདུང་འཚོབ་མུ་ཆོ་རྒྱལ་ཚབ་སྟོན་པར་བྱོན་པ་དང་། ཤཀྱ་ཐུབ་པ་ཟུར་སྡོང་གི་ཚུལ་དུ་བྱོན་པ་བཞིན་དུ། ཐུགས་བསྟན་གྱི་དབུ་རུ་འཕྲིན་ལས་རྣམ་བཞིའི་སྟོན་པ་བཞི། རྒྱལ་ཚབ་ཀྱི་ཚུལ་དུ་བྱོན་ནས་བསྟན་པ་སྤེལ་དགོས་པ་ཡིན་ཏེ། གཡུང་དྲུང་བོན་གྱི་སྒྲག་བྱང་ལས། ཐུགས་ཀྱིས་འདུལ་བའི་དུས་སུ་ཞི་བ་བྱམས་པ། རྒྱས་པ་སྙོམ་བྱེད། དབང་ལྡན་གཙུག་ཕུད། དྲག་པོ་དབང་གིས་འདུལ་བའོ། དེ་ལྟར་འཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་ནོ། ཞེས་སོགས་གསུངས་པའི་ཕྱིར། ༑འོ་ན་མ་འོངས་པ་ན། བསྟན་པ་ཇི་ཙམ་གནས་སྙམ་ན། དེ་སྔོན་སངས་རྒྱས་བརྒྱ་པའི་མགོན་པོ་དེ་ཉིད་ཀྱི་སྐུ་བསྟན་ཁྲི་གཅིག་དང་། གསུང་བསྟན་བདུན་སྟོང་དགུ་བརྒྱ་བདུན་ཅུ་དོན་བདུན་སོང་བ་ཡིན་པས། ཕྱིན་ཆད་ལྕགས་གླང་ནས་བཟུང་ཉིས་སྟོང་དང་ཉེར་གསུམ། དེ་སྟེང་ཐུགས་ཀྱི་བསྟན་པ་ཁྲི་ཕྲག་གཅིག་བཅས་རྫོགས་པའི། ཆུ་མོ་ཕག་གི་ཧོར་ཟླ་བཅུ་གཉིས་པའི་གནམ་སྟོང་ལ། ཚེ་ལོ་བཅུ་པར་ཐུག་ཅིང་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱིས་འགྲོ་དོན་མཐར་ཕྱིན་པའོ། ྋ ཐུབ་པའི་བསྟན་པ་ཡང་། འབྲས་བུའི་དུས་ཀྱི་ལྔ་བརྒྱ་བ་ཕྲག་གསུམ། སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་བ་ཕྲག་གཉིས་དང་། སུམ་བརྒྱ་དང་བཞི་བཅུ་རབ་རྒྱལ་ལྕགས་བྱི་ཡན་ལ་འདས་པས། མ་འོངས་ལྕགས་གླང་མན་ལ་སྒྲུབ་པའི་དུས་ཀྱི་བརྒྱ་དང་ལྔ་བཅུ་ང་དགུ། ལུང་གི་དུས་ཀྱི་ལྔ་བརྒྱ་བ་ཕྲག་གསུམ། རྟགས་ཙམ་འཛིན་པའི་ལྔ་བརྒྱ་ཕྲག་གཅིག་བཅས་ནས་རྫོགས་པའོ། དེ་ནི་ཕུག་པའི་པད་དཀར་ཞལ་ལུང་ལྟར་བརྩིས་པ་ཡིན་ལ། ས་སྐྱ་པཎྚི་ཏའི་བཞེད་སྲོལ་ལ། ཐུབ་པ་མེ་མོ་ཕག་གི་ལོ་མྱ་ངན་འདས་ནས་ཕྱི་ལོ་ས་བྱི་ནས་རབ་ཡིད་ཆུ་སྟག་ལོ་འགོ་ཡན་ལ། སུམ་སྟོང་དགུ་བརྒྱ་དོན་བཞི་འདས་པས། ཕྱིན་ཆད་ཆུ་ཡོས་ནས་ལོ་སྟོང་དང་ཉི་ཤུ་རྩ་ལྔ་གནས་པར་བཞེད་པ་ཡིན་ནོ། ཞལ་ལུང་ལས་གསུངས་པ་དེ་ནི་སྒྲག་བྱང་ལས་གསུང་གི་དུས་སུ་ཆོས་ཀྱིས་འདུལ་བར་གསུངས་པ་དང་། རྩ་རྒྱུད་ཉི་ཟེར་ནས། ཐུབ་པའི་བསྟན་པ་གསུང་གི་བསྟན་པའི་དཀྱིལ་སྨད་ནས། ཐུགས་ཀྱི་བསྟན་པའི་ཆ་སྟོད་བར་དུ་གནས་པར་གསུངས་པའི་ལུང་དང་མཐུན་པས་འཐད་པར་སེམས་སོ། དེས་ན་དེང་དུས་གསུང་བསྟན་གྱི་ཆ་སྨད་ཚེ་ལོ་ལྡ་བཅུ་ཁ་རལ་གྱི་དུས་ཡིན་ཏེ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་བརྒྱུད་ཁ་བྱང་གསལ་བྱེད་འཕྲུལ་གྱི་མེ་ལོང་ལས། ད་ལྟའི་དུས་འདི་སྙིགས་མ་ལྔ་ཡི་དུས། རྒྱལ་བའི་གསུང་བསྟན་ཁ་གསུམ་ཆ་གཉིས་རྫོགས། མི་རྣམས་ཕལ་ཆེར་ལྔ་བཅུའི་དུས་ཀྱི་ཚད། ཅེས་གསུངས་ཤིང་། དེ་དང་མཐུན་པར་རྒྱུད་ཉི་ཟེར། སྒྲག་པ་གླིང་གྲགས། བླ་མ་སྙ་ཆེན་གྱི་ལུང་བསྟན་རྣམས་ལ་ཡང་། དེང་དུས་ཚེ་ལོ་ལྔ་བཅུ་ཁ་རལ་གྱི་དུས་ཡིན་པར་གསུངས་པའི་ཕྱིར་རོ། དེ་ཡང་ཤིན་ཏུ་ཞིབ་བརྩིས་ན་དེང་སང་ཚེ་ལོ་བཞི་བཅུ་ཞེ་བདུན་གྱི་དུས་ཡིན་པར་མངོན་ནོ།། ྋ ངེས་གསུང་རྒྱལ་བསྟན་ཟབ་མོའི་ཆུ་གཏེར་ཆེར། དཔྱད་གསུམ་རྣམ་པར་དག་པའི་གཟིངས་ཆེན་པོ། ཐོས་བསམ་བརྩོན་པའི་གདོས་པས་ཉེར་བསྐྱོད་ནས། ལེགས་བླངས་དགོས་འདོད་འབྱུང་བའི་དབྱིག་བཟང་པོ། ྋ ངོ་མཚར་ཡིད་བཞིན་ནོར་བུའི་ཕྲེང་བ་ཡི། དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ་ཞེས། འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། མཁྱེན་ལྡན་མཆོག་གསུམ་ཚོགས་ལ་བཟོད་གསོལ་འབུལ། ྋ འདི་བགྱིས་དགེ་མཚོ་ལས་བྱུང་མཁའ་གོས་གསོལ། རབ་མང་མཐའ་ཀླས་སྐྱེ་དགུའི་ཕན་བདེའི་རྒྱུར། གཡུང་དྲུང་བསྟན་པའི་སྦྲང་ཆར་ཆེར་བབས་པས། རིས་མེད་ནོར་འཛིན་ཁམས་ཀུན་ཁྱབ་གྱུར་ཅིག ྋ ཅེས་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ་ཡི། རྣམ་བཤད་མཐོང་བའི་དགའ་སྟོན་ནམ། ༑ དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ་ཞེས་བྱ་བ་འདི་ནི། མཉམ་མེད་བླ་མའི་རྗེས་འཛིན་རྣམས་ཀྱི་ནང་ནས། སྦྱངས་རྟོགས་ཡོན་ཏན་གྱི་ཆ་ཕྲ་མོར་གྱུར་པའི་མཁན་མིང་པ་ཉི་མ་བསྟན་འཛིན་དབང་རྒྱལ་དུ་འབོད་པས་ཆུ་སྟག་མགོ་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ལ་ྋསྨན་རིའི་བླ་བྲང་དུ་སྦྱར་བ། དགེ་དེས་མཉམ་མེད་བླ་མའི་བསྟན་པ་རབ་ཏུ་དར་བའི་རྒྱུར་གྱུར་ཅིག ཐ་ཚན་མུ་ཙུག་སྨར་རོ།། །།
།
བསམ་ཚུལ་ཕྲིས།