བོན་དཔེ་འགར་གཟིགས་པའི་མྱོང་ཟིན་གཞོན་ནུ་འོད་ལྡན།(ཁག་གཉིས་པ།)

རྩོམ་ཡིག་འདི་ཐེངས། 411 བཀླགས་འདུག

unnamedའཕྲུལ་སྒྲོན་རྟགས་རིགས་དགོངས་དོན་གསལ་བཤད་དུ།། གཏན་ཚིགས་རྣམ་གཞག་བློ་འབྱེད་ལྡེ་མིག་གང་།། བསླབ་གསུམ་མགོན་པོ་བསྟན་འཛིན་རྣམ་དག་གིས།། མཚན་ཉིད་དབྱེ་བ་ཐལ་ཆེའི་རྣམ་གཞག་སོགས།། ཞིབ་ཅིང་རྒྱས་སྟོན་མ་རིག་དྲ་བ་གཅོད།། བློ་རིགས་རྣམ་གཞག་ལེགས་བཤད་དགའ་སྟོན་གང་།། གཡུང་མིང་འཛིན་པ་བརྩོན་འགྲུས་གོང་འཕེལ་ནས།། རབ་དཀར་ལྷག་བསམ་པད་མའི་མདངས་བསྣན་ཏེ།། ཡུལ་ཅན་བློ་དང་ཡུལ་གྱི་རྣམ་གཞག་སོགས།། རང་གཞན་ཀུན་ལ་ཕན་ཕྱིར་ལེགས་པར་སྟོན།། ཚིག་དོན་ལོག་རྟོག་ཞུགས་ལ་རྣམ་གཅོད་ཀྱི།། སྒྲ་ཚད་རིག་པའི་བསྟན་བཅོས་རྨ་མེད་པ།། གཏན་ཚིགས་གཞུང་དོན་སྒོ་འབྱེད་བསྡུས་གྲྭ་ཡི།། རྣམ་གཞག་འཇིགས་མེད་སེང་གེའི་ང་རོ་སྟེ།། ཐལ་འགྱུར་འབྲུག་སྒྲས་སྟོང་གསུམ་ཁྱབ་པར་སྒྲོག། མཛེས་མཛེས་གཙུག་ལག་རིན་ཆེན་སྤུངས་པ་ལ།། ཟབ་ཟབ་བོན་གྱི་ཚད་གཞུང་དཔག་བསམ་ཤིང་།། ཡང་ཡང་ཚིག་གི་བརྡར་སྲེག་འབྲས་བུའི་ཕུལ།། ལེགས་ལེགས་ཚད་མའི་སྟོན་པ་རིམ་བྱོན་ནས།། མྱུར་མྱུར་སྒོ་འབྱེད་མུན་པའི་ཐེ་ཚོམ་གཅོད།། དྲན་པ་དང་ནི་ལི་ཤི་ཤ་རི་སོགས།། ཚད་སྟོན་ཕྲེང་བའི་ཕྱི་མོར་ཁུངས་བཅོལ་ཏེ།། འགྲོ་མགོན་དང་ནི་མཉམ་མེད་བླ་མ་སོགས།། བཤད་སྒྲུབ་བསྟན་པའི་ཁུར་ཆེན་འདེགས་ནུས་པ་ཤིང་།། ཁྱད་པར་ཚད་མའི་བསྟན་བཅོས་ཕུན་སུམ་ཚོགས།། ལྷག་དོན་མཁན་ཆེན་ཉི་མ་བསྟན་འཛིན་ནས།། སྡུད་གྲྭའི་རྣམ་གཞག་ཆེ་འབྲིང་ཆུང་གསུམ་དུ།། གཏན་ལ་དབབ་སྟེ་དབྱིག་གི་བློ་གྲོས་མར།། རྒྱ་ཆེན་གཞུང་ལ་ཐོས་བསམ་དོན་གཉེར་བར།། གཏན་ཚིགས་བློ་གྲོས་རིན་ཆེན་ཐང་མར་བརྡལ།། ཕུང་བོ་ལྔ་དང་གཞི་གྲུབ་ཡུལ་ཡུལ་ཅན།། སེམས་དང་སེམས་བྱུང་ཚད་མ་ཚད་མིན་བཅས།། ལེགས་སྟོན་རྒྱུ་འབྲས་མཚན་མཚོན་རྣམ་གཞག་སྟེ།། ཀུན་འབྱུང་ཡང་ཁྱད་དགག་སྒྲུབ་རིམ་པ་སོགས།། མ་ལུས་ཚང་བར་སྟོན་ལ་ཉིན་མོའི་མ་གོན།། ད་དུང་དུས་གསུམ་རྣམ་གཞག་འགལ་འབྲེལ་དང་།། སྤྱི་བྱེ་མངོན་ལྐོག་ཚིག་བཀྲའི་རིམ་པ་ཡང་།། དཀྱུས་གཅིག་འཆད་ལ་རྒྱ་བོད་མཁས་པའི་སྲོལ།། མི་ཉམས་གོང་འཕེལ་ཕྱིར་དུ་རྒྱས་སྟོན་པ།། བོན་ལུགས་ཚདག་མའི་རང་མདངས་བཅུད་དུ་ཆེ།། རོང་སྟོན་ཤེས་བྱ་ཀུན་མཁྱེན་དཔལ་དེ་ཡིས།། བོན་ཆོས་ཁྱད་པར་རྣམ་འབྱེད་མེ་ལོང་གང་།། སྙིགས་དུས་རྩོད་ལྡན་དུས་ལ་ལྟ་ངན་གྱི།། རྒོལ་བ་ཚར་གཅོད་རིག་པའི་རལ་གྲི་སྟེ།། གནམ་ལྕགས་ཐོག་མདའ་དེས་ནི་ཡིད་རབ་འཕྲོག། བོན་ལ་མི་སྟེགས་ལྟ་ལོག་མཚན་ཉིད་དང་།། མིང་གི་རྣམས་གྲངས་ཇི་སྙེད་བྱུང་བ་ལ།། ཤེས་དང་ཤེས་མིན་ཀུན་གསལ་འདེབས་སུ།། ལུང་རིགས་རྡོ་རྗེ་རྩེ་མོས་བསྣུན་བྱས་ཏེ།། མ་རུང་དགྲ་བགེགས་བསྒྲལ་ལ་ཕྱིན་པའི་མཆོག། རྒྱལ་རོང་རབ་བརྟན་རྒྱལ་བོའི་ཕོ་བྲང་ནས།། རང་བསྟན་ཐེ་ཚོམ་མ་ལུས་བསལ་བ་དང་།། གཞན་བསྟན་མ་དག་རྒོལ་བར་རྩོད་པ་སྟེ།། བན་བོན་ཁྱད་པར་ཚིག་དོན་ཀུན་བཀྲལ་ནས།། བསྟན་སྐྱོང་བཙན་བརྗིད་སྡོང་བོ་བརྟན་པོར་བཙུགས།། བོན་ཆོས་རྣམ་གཞག་ཁྱད་པར་སྒོ་འབྱེད་འདི།། དཔྱོད་ལྡན་མཁས་པའི་ཚོགས་ལ་ཕུལ་ན་ནི།། མཁས་རློམ་ང་རྒྱལ་ཅན་གྱི་སཉིང་ག་རུ།། བྱམས་སྙིང་ཆེན་པོས་རིག་པའི་ཕུར་བུ་ཞིག། བརྡབས་པ་མིན་ནམ་ཨེ་མ་དཔྱོད་ལྡན་ཀྱེ།། རྣམ་ཀུན་ཁྲོན་པའི་ལག་འགྲོ་ཇི་བཞིན་དུ།། རང་ཙམ་གཏོགས་གཞན་ལ་མི་སེམས་པའི།། དུས་སྙིགས་མཁས་པའི་བརྟུལ་ཞུགས་འཛིན་རྣམས་ལ།། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ་སྒོ་ཞིག། བསྟན་བཅོས་འདི་རུ་ཕྱེས་ཡོད་གཟིགས་པར་ཞུ།། ཐམས་ཅད་བདེན་པ་ལྟར་སྣང་མ་ངེས་མོད།། བརྡར་སྲེག་དཔྱད་གསུམ་རིག་པའི་བློ་གྲོས་ཀྱིས།། ཡང་ཡང་གཞལ་ལ་དཔའ་མི་སུ་བྱུང་ཡང་།། ཀུན་སློང་དག་ན་བོད་ཀྱི་ཆོས་རིག་ལ།། ཕན་པའི་ལེགས་སོ་ཡིན་སྙམ་བསམ་བློ་ཐོངས།། བོན་རྣམས་ཐམས་ཅད་ཡང་མཛོད་རྣམ་འབྱེད་ཀྱི།། འཕྲུལ་གྱི་ལྡེ་མིག་ཞེས་བྱའི་གཞུང་དེ་ལ།། རྒྱལ་བའི་བཀའ་ལུང་འཇལ་བའི་ཐིགས་ཤིང་དང་།། མན་ངག་གཏན་ཚིགས་རིག་པའི་དངོས་གཞི་སྟེ།། ཤེས་རབ་རྣམ་འབྱེད་འཕྲུལ་ལྡེར་དཀྱུས་གཅིག་མཇལ།། དེ་ཡང་རྒྱུང་ཡར་བླ་ཆེན་ཁོད་སྤུངས་ནས།། རྒྱུད་ལུང་མན་ངག་ཀུན་གྱི་བཅུད་བསྡུས་ནས།། རང་གཞན་ཐེག་ཀུན་འཇུག་པའི་སྒོ་མོ་རུ།། ལོ་རྒྱུས་གཞལ་བྱ་འཇལ་བྱེད་གསུམ་འཆད་པས།། བདག་ཉིད་དུག་ལྔའི་ཚལ་ལས་ལེགས་པར་བསྐྱབས།། རྒྱལ་བ་བཞུགས་དུས་མ་ངོར་པྲ་ཕུད་ཀྱིས།། གཡུང་དྲུང་སེམས་དོན་ཞུས་ལ་རྟགས་བྱུང་སྟེ།། ཨ་དང་མ་གཉིས་དཀར་དམར་ཉག་ཐག་འཁྲུལ།། སེམས་ཅན་འཁོར་བའི་སྐྱོན་རྣམས་གཟིགས་གྱུར་ཏེ།། སྐྱེ་འགག་གཉིས་མེད་ལམ་ནས་ཚོགས་འཁོར་བསྐོར།། དེ་ཡང་གཏན་ཚིགས་ངེས་པའི་གལ་མདོ་སྟེ།། ཏན་ཏྲ་ཉི་མའི་འཁོར་ལོ་ཞེས་བྱ་བར།། པྲ་ཕུད་ཁོང་ནས་མཁས་པ་རྒྱན་དྲུག་དང་།། ལོ་པཎ་མང་པོར་གསེར་ཕྱེ་ཕུལ་ནས་སུ།། བཀའ་དང་ཚོགས་ཀྱི་འཁོར་ལོ་བར་མེད་བསྐོར།། ཤ་རི་དབུ་ཆེས་པྲ་ཕུད་ལ་གདམས་པའི།། ཤ་རིའི་གལ་མདོ་ཡིན་ལུགས་བརྗོད་པའི་ཚེ།། གཤེན་རྣམས་དགྱེས་པས་རང་སར་གཤེགས་པ་དང་།། བསྟོད་པའི་སྙན་ཚིག་སྟོར་བཞིན་མན་ངག་བཅུད།། མཉམ་དུ་བླངས་པའི་ཚུལ་དེས་བོན་རྣམས་རྒྱལ།། བོན་རྣམས་ཡང་རྩེ་བླ་མེད་ཐེག་པ་སྟེ།། རྫོགས་པ་ཆེན་པོའི་གནས་ལུགས་གཏན་དབབ་ལ།། ཚད་མའི་རིགས་ལམ་རྐྱེན་གྱི་གཙོ་བོ་རུ།། དེ་སྔ་བདག་གི་བླ་མས་ནན་གསུངས་པ།། ད་ནི་ངེས་ཤེས་ཅུད་ཟད་འདྲོངས་འདི་སྐྱིད།། གཏན་ཚིགས་གལ་མདོ་རིགས་པའི་ཚད་མ་རུ།། བོན་རྣམས་སེམས་ཉག་གཅིག་ཏུ་འདུས་ཚུལ་དང་།། རིག་པ་བྱང་ཆུབ་སེམས་ཀྱི་སྒོམ་ལུགས་སོགས།། རྒྱས་ཤིང་ཞིབ་ཏུ་འཆད་པའི་གཏན་ཚིགས་ཀྱི།། སྒྲ་དོན་གཏན་ལ་དབབ་ལུགས་རིམ་བཞིན་འབྱུང་།། བོན་སེམས་གཉིས་མེད་སྣང་སྟོང་དབྱེར་མེད་ཀྱི།། རྫོགས་ཆེན་མན་ངག་ཚད་མའི་གཞུང་གནད་འདིར།། བེེ་རོ་ཙ་ནས་བོན་ཆོས་དབྱེར་མེད་དང་།། ཉི་ཟླ་བཞིན་དུ་མཐའ་རྒྱས་སྨོན་ལམ་ཡང་།། ལུང་དུ་བསྟན་ན་བདག་འདྲ་བཤད་ཅི་འཚལ།། སྙ་ཆེན་ལི་ཤི་སྟག་རིངས་དེ་ཡིས་ནི།། གཏེར་དུ་སྦས་པའི་བོན་གྱི་མན་ངག་སྟེ།། ལུང་གི་ཚད་མ་ཞེས་བྱའི་གཞུང་དེ་ཡང་།། གོ་བར་དཀའ་ཡང་དགའ་བས་ལན་གཅིག་ཀློག། མངོན་དཔག་བོན་སྐུ་གཉིས་མེད་དེ་ནས་རྟོགས།། མཁས་པ་མི་བཞིའི་དགོངས་པ་ཇི་བཞིན་དུ།། བླ་ཆེན་དྲན་པས་བྱང་སེམས་གབ་པ་ཡི།། འགྲེལ་བ་བཞི་རྫོགས་རིག་པའི་རྒྱ་མཚོ་གང་།། ཁུ་ཚ་ཟླ་འོད་ཉིད་ཀྱིས་སྤྱན་དྲངས་པའི།། གཏེར་མའི་བོན་འདི་ད་རེས་བདག་ཡང་མཇལ།། ལྟ་དགོངས་རྒྱུད་ལུང་མན་ངག་ཀུན་གྱི་སྙིང་།། ཀུན་བཟང་བཀའ་ཡི་མཐར་ཐུག་བྱང་སེམས་ཀྱི།། གབ་པ་འདི་ལ་གཞུང་འགྲེལ་རྣམ་བཞི་ཡི།། ལུགས་སོགས་ཇི་བཞིན་གསལ་བའི་མེ་ལོང་སྟེ།། སྤྱི་ཁོག་ཡན་ལག་བཅོ་བརྒྱད་འདི་ན་འཆད།། རྫོགས་ཆེན་ལ་བརྟེན་བྱང་སེམས་གསུང་ལུགས་འདི།། མི་མཐུན་ཐུབ་པའི་གསུང་ལུགས་ཡིན་བྱེད་ཀྱི།། གནས་ལུགས་ཟབ་མོ་བླ་མས་གསུང་མྱོང་བས།། རྩ་རྒྱུད་བྱང་སེམས་གབ་པ་དགུ་སྐོར་དང་།། ཡན་ལག་ལ་སོགས་བོན་རྣམས་འདི་རུ་བཀྲལ།། ཐེག་པ་ཆེ་ཆུང་གོང་འོག་རྣམ་འབྱེད་ཀྱི།། གལ་མདོ་གཏན་ཚིགས་དྲི་མེད་གསལ་སྒྲོན་ནང་།། མ་རྟོགས་ལོག་རྟོག་དྲི་མ་བཀྲུ་ཕྱིར་དུ།། རྩོད་ཟློག་ཚུལ་གྱིས་གོང་འོག་དོན་ལ་གཞོལ།། མཛུབ་ཁྲིད་ཐ་སྙད་ཚིག་གིས་རྗེན་པར་སྟོན།། གང་དག་རྨོངས་པའི་ཚོགས་ལ་ཕན་བྱེད་ཀྱི།། སྨན་མཆོག་དོན་གཉིས་ལྷུན་འགྲུབ་འབྱུང་གྱུར་བ།། ཡང་དག་ལྟ་བས་དོན་ལ་དབབ་ལུགས་ཏེ།། གནད་ཀྱི་ཞུན་མ་འདི་རུ་འཁྱིལ་ལགས་པས།། སྒོ་གསུམ་བག་དང་ལྡན་པས་ཡང་ཡང་ལེན།། གསལ་གསལ་དྲི་མེད་གསལ་སྒྲོན་སྒྲོན་མེ་འདི།། ཟབ་ཟབ་བོན་སྒོ་ཟབ་ཡངས་ཡངས་པའི་ཁམས།། ལེགས་ལེགས་ལུང་རིགས་ལེགས་སྟོན་སྟོན་པའི་ཕུལ།། མཛེས་མཛེས་དགག་སྒྲུབ་མཆོག་མཛེས་མཛེས་པའི་རྒྱན།། སྨིན་སྨིན་བདག་སོགས་རྒྱུད་སྨིན་སྨིན་གྲོལ་འཐོབ།། རྒྱ་ཞང་བོད་སོགས་བརྡ་ལ་ཀུན་བྱང་བའི།། གཡུང་མིང་འཇིགས་མེད་ནམ་མཁའ་རྡོ་རྗེ་ནས།། རབ་བྱུང་དྲུག་པར་སྦྱར་བའི་བསྟན་བཅོས་ཏེ།། གངས་ཅན་བོད་ཀྱི་བརྡ་སྐད་མིང་གཞི་ཡི།། ལུགས་སྟོན་དགོས་འབྱུང་ནོར་བུའི་གཏེར་ཆེན་མཐོང་།། གསུང་བསྟན་གདུང་སོབ་སློབ་མ་རྒྱན་དྲུག་རིང་།། རྒྱ་བོད་ཞང་དང་བྲུ་ཤ་ཨོ་རྒྱན་སོགས།། རང་རང་ཡུལ་དུ་བོན་རྣམས་སྒྲ་བསྒྱུར་མཛད།། དེ་ཡང་རིག་གནས་ལྔ་ཡི་རྣམ་གཞག་སོགས།། མ་ལུས་སྟོན་ལ་བསྟན་པའི་རྒྱན་དུ་གྲུབ།། ཁྱད་པར་འཛམ་གླིང་མི་ལ་སྐད་རིགས་ཏེ།། སུམ་བརྒྱ་དྲུག་ཅུ་ཡོད་པ་དེའི་གྲོལ་ཕུགས།། ལྷ་སྐད་རིགས་དྲུག་ཡིན་ལུགས་བརྗོད་པ་དང་།། ཤམ་བྷ་ལ་སྟེ་འོལ་མོ་གླིང་ཆེན་གྱི།། སྐད་རིགས་བརྒྱ་དང་རེ་བཞི་དེའང་སྨོས།། སྐབས་བབ་རང་གཞན་གྲུབ་མཐའི་རྗོད་བྱེད་ཀྱི།། ཚིག་སྦྱོར་བརྡ་སྐད་མིང་གཞི་མང་མོད་ཀྱང་།། སྤང་བླང་ཞིབ་དཔྱད་ལམ་ནས་འདིར་བཀོད་པ།། དཔྱོད་ལྡན་དགྱེས་པའི་མཆོད་པ་ཡིན་ངེས་པས།། འདི་ཡང་བརྡ་སྤྲོད་བསྟན་བཅོས་རྨད་དུ་བྱུང་།། སྟག་གཟིགས་སྤུངས་སོ་ཞང་ལུང་སྨར་ཆེ་ཆུང་།། བོད་ཀྱི་རྫབ་གཤར་དཀར་ནག་གཉིས་པོ་སྟེ།། རྒྱ་གར་ལཉྫ་ཝཱརྟུ་ལ་སོགས་པ།། བྱེ་བྲག་མང་ཡང་ངོ་བོ་འཕྲུལ་ཡིག་སྟེ།། བཞི་ཅུ་ཐམ་པ་ཡིན་པས་འགྱུར་མེད་གསུངས།། འདིར་ནི་བོད་ཡིག་དཀར་ནག་གཉིས་པོ་སྟེ།། ཨཱ་ལི་ཀཱ་ལིའི་འཇུག་རིམ་སྟོན་པ་དང་།། ཕྲད་དང་རྣམ་དབྱེ་སོགས་ཀྱི་འཇུག་ཚུལ་རྣམས།། གངས་ཅན་བརྡ་སྤྲོད་མང་པོར་མཐུན་བྱས་ཏེ།། སྤེལ་ལ་བློ་ལྡན་དགའ་བའི་བུ་རམ་ཉིད།། གཞན་ཡང་དུས་གསུམ་སྐུལ་ཚིག་རེའུ་མིག་ཏུ།། སྤྲོས་ལ་དབྱངས་གསལ་སྔོན་འཇུག་རྗེས་འཇུག་དང་།། ཡང་འཇུག་ལ་སོགས་ཕོ་མོ་མ་ནིང་གི།། རྟགས་ཀྱི་འཇུག་ཚུལ་རྣམས་ཀྱང་འཁོད་པས་ན།། སུམ་རྟགས་ནོར་བུའི་མཛོད་ཆེན་ཅི་ལ་མིན།། ཞུ་ཡས་ཉི་མ་གྲགས་པས་མཛད་པ་ཡི།། ཞང་བོད་སྒྲ་བསྡེབས་དབུ་ཕྱོགས་བཞུགས་པ་གང་།། གོ་དཀའི་མིང་དང་ཐ་སྙད་གསལ་བྱེད་ཀྱི།། ཤན་སྦྱར་ནོར་བུ་རྡུལ་སྤུངས་ཡིན་པས་ན།། བོན་ལ་གཅེས་རྣམས་མ་ལུས་འཛིན་པ་གལ།། བཙུན་པ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱིས།། གཞན་གྱིས་དྲིས་པའི་དྲིས་ལན་བདེན་གཏམ་ལ།། དཔྱིད་ཀྱི་ཕོ་ཉ་ཞེས་བྱར་བོན་ལུགས་ཀྱི།། དྲན་པ་ཡབ་སྲས་གསུམ་གྱི་གནས་ཚུལ་དང་།། ལྷག་དོན་ཨོ་རྒྱན་པད་མའི་དངོས་རྣམ་བརྗོད།། ཨོ་རྒྱན་པད་མ་རྫུས་སྐྱེས་མིན་ཚུལ་དང་།། གཡུང་དྲུང་མཐོང་གྲོལ་ལ་སོགས་མིང་གི་གྲངས།། མང་དུ་ངེས་པའི་ཚུལ་དག་སྐབས་དེ་ཡི།། ལོ་རྒྱུས་དངོས་ལ་གང་སྦྱར་ར་སྤྲོད་པའི།། བདེན་གཏམ་དཔྱིད་ཀྱི་ཕོ་ཉ་དབྱངས་དང་ལྡན།། ཁྱད་པར་གཤེན་བསྟན་གསར་རྙིང་རྩོད་པ་དང་།། བོན་ཆོས་དབྱེ་འབྱེད་ལོག་ལྟའི་གཡུལ་ངོ་རུ།། བདུད་ཟློག་མཐུན་པའི་མཛའ་ཟམ་དགོས་པ་ཡི།། སྙིང་གཏམ་སྙིང་ནོར་གཅེས་བཞིན་འཆད་གྱུར་བས།། དང་དུ་ལོངས་ཤིག་སྐལ་ལྡན་གཞོན་ནུ་ཀྱེ།། གཤེན་གྱི་དྲང་སྲོང་ཤྲི་ངྷ་ཛ་ཡིས།། སྦྱར་བའི་བསྟན་བཅོས་མངོན་བརྗོད་རིན་ཆེན་ཕྲེང་།། དགེ་སྦྱོང་གཡུང་དྲུང་རིན་ཆེན་རྒྱན་གྱིས་ནི།། གོང་བསྒྲིགས་ཁ་སྐོང་བགྱིས་ཏེ་རྗེས་རབས་ལ།། སྐྱེས་སུ་བསྩལ་བ་ཨེ་མ་མཐོང་མཚར་ཆེ།། རྒྱལ་བ་སྲས་བཅས་བྱང་སེམས་འཕགས་པ་དང་།། ལྷ་ཀླུ་མི་གསུམ་འགྲོ་བ་ཇི་སྙེད་ཀྱི།། མིང་གཅིག་དུ་མར་འཇུག་པའི་ཚུལ་དག་ནི།། འདྲ་འབྲེལ་རྒྱུ་འབྲས་རྟེན་རྫས་ལ་སོགས་ཀྱི།། མིང་གི་བཏགས་ལུགས་ལ་སོགས་གསོང་བོར་སྨྲ།། མིང་ལ་དབྱེ་ན་དངོས་མིང་བཏགས་མིང་དང་།། འདོད་རྒྱལ་རྗེས་གྲུབ་ལ་སོགས་མཐའ་ཡས་ཀྱང་།། ཉེར་མཁོ་གཅེས་བསྡུས་ཚུལ་གྱིས་རབ་སྤེལ་བ།། ཀ་ནས་ཨ་བར་བསྒྲིགས་པའི་ཕྲེང་བ་སོགས།། ཀློག་བདེ་འཛིན་སླ་འདིས་ཀྱང་ཀུན་མཁྱེན་འཐོབ།། གཙང་གཤེན་སྙན་ངག་མཁན་པོའི་རྒྱན་གསུམ་གྱི།། དཔེར་བརྗོད་འཁྲུལ་བྲལ་དཔྱོད་ལྡན་ཡིད་འཕྲོག་ཅེས།། སྙན་པའི་ངག་ལ་འདོད་འཇོའི་གར་རྩེན་པ།། གཙང་གཤེན་དགྱེས་པའི་བློ་ལྡན་མཆོག་ཉིད་ནས།། ལེགས་པར་སྦྱར་འདིས་གནས་ལྔའི་རིག་པ་འཕེལ།། དོན་རྒྱན་དང་ནི་སྒྲ་རྒྱན་གབ་ཚིག་དང་།། རང་བཞིན་དང་ནི་བྱ་དཀའི་རྣམ་འགྱུར་སོགས།། མེ་ལོང་མ་ཡི་ལུགས་རྣམས་སྦྱོང་འདྲ་བ།། རང་གི་བསྟན་དང་མཐུན་པར་བྱས་གྱུར་ནས།། དཔེར་བརྗོད་བརྩམས་འདི་ཀྱེ་མ་ངོ་མཚར་ཆེ།། རྒྱལ་བསྟན་རི་དབང་ལྷུན་པོའི་ཞབས་འདེགས་ལ།། རྒྱལ་རྣམས་སྦྱར་བའི་གསུང་རབ་མཐའ་ཡས་ཏེ།། རྒྱལ་མཆོག་སྟོབས་ཀྱིས་ངག་གི་རི་མོ་དག། རྒྱལ་བ་དགྱེས་པའི་དཔལ་ཏུ་ཡོངས་སྩོལ་ན།། རྒྱལ་སྲིད་ལོངས་སྤྱོད་མངའ་ཐང་ཅིས་མི་འཕེལ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *