སངས་རྒྱས་ཞེས་པའི་ཐ་སྙད་འབྱུང་ཚུལ་ལ་དཔྱད་པ།
རྩོམ་ཡིག་འདི་ཐེངས། 654 བཀླགས་འདུག
དྲི་བ། སངས་རྒྱས་ཞེས་པའི་ཐ་སྙད་དེ་གང་ནས་བྱུང་བ་དང་། དུས་རབས་ནམ་ཙམ་ཞིག་བོད་ལ་བྱུང་བར་གསལ་བཤད་ཅིག་གསུང་རོགས།
/
ལན། སངས་རྒྱས་ཞེས་པའི་ཐ་སྙད་དེ་རྒྱ་གར་དང་རྒྱ་ནག་སོགས་རྒྱལ་ཁབ་དང་མི་རིགས་གཞན་ལས་བྱུང་བ་མ་ཡིན་ལ། བོད་རང་ས་ནས་བྱུང་བ་ཞིག་ཡིན་པ་གདོད་མི་ཟ། ཡིན་ནའང་སངས་རྒྱས་ཞེས་པའི་ཐ་སྙད་དེ་ཞང་ཞུང་སྐད་ཀྱི་སངས་ཀྱི་ཡི་སྒྲ་གདངས་དང་ཡིག་གཟུགས་དེ་འགྱུར་བ་རེད་སྙམ། ཞང་བོད་སྐད་གཉིས་ཤན་སྦྱར་ལྟར་ན། ཞང་ཞུང་སྐད་དུ་སངས་ཀྱི།༼གྱིན།༽བོད་སྐད་དུ་སངས་རྒྱས་སོ་ཞེས་ཐད་ཀ་སྒྲ་དང་དོན་བསྒྱུར་འདུག གང་ལྟར་ཡང་སངས་རྒྱས་ཞེས་པའི་ཐ་སྙད་དེ་ཞང་ཞུང་དང་བོན་གྱི་ཆོས་ལུགས་ལ་འབྲེལ་བ་ཡོད་པ་མངོན་ཏེ། དུས་རབས་བདུན་པའི་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་གར་གྱི་ལོ་ཙཱ་བ་དག་གིས་ཤཱཀྱ་ཐུབ་པས་སྲོལ་གཏོད་པའི་དམ་པའི་ཆོས་དེ་བོད་སྐད་དུ་སྒྲ་བསྒྱུར་དུས་རྒྱ་གར་སྐད་དུ་བྷུདྷ་ཞེས་པ་དེ་བོད་སྐད་དུ་བསྒྱུར་ཚེ་སྔ་ནས་བོད་ཡུལ་ལ་ཡོད་པའི་སངས་རྒྱས་ཞེས་པའི་ཐ་སྙད་དེ་ཚབ་བཅུག་པར་མངོན། གལ་སྲིད་རྒྱ་གར་སངས་ཆོས་ནང་གི་བྷུདྷ་དེ་ཐད་ཀར་བོད་སྐད་དུ་བསྒྱུར་ན་དེ་བཞིན་གཤེགས་པའམ་བདེ་བར་གཤེགས་པ་ལ་གོ། དོན་སྟེང་ནས་བྱང་ཆུབ་ལ་གོ། བདེ་བར་གཤེགས་པ་དང་སངས་རྒྱས་གཉིས་ལ་ཁྱད་པ་ཡོད་དེ་བོན་ཐམས་ཅད་ཀྱི་སྟོང་ཆ་དེ་སངས་རྒྱས་ཡིན་ཡང་དེ་ལ་བདེ་བར་གཤེགས་པའི་ཐ་སྙད་དེ་མི་ཐོབ། བྱང་ཆུབ་དང་སངས་རྒྱས་གཉིས་ལ་ཁྱད་པར་ཡོད་དེ། བྱང་ཆུབ་སེམས་དཔའ་ཞེས་པའི་ཐ་སྙད་ཡོད་ཀྱང་སངས་རྒྱས་སེམས་དཔའ་ཞེས་པའི་ཐ་སྙད་དེ་མེད། བོད་སྐད་དུ་སྟོན་པ་ལ་ཞང་སྐད་དུ་སྤུངས་སོ་དང་། སངས་རྒྱས་ལ་སངས་ཀྱི། སྟོན་པ་དང་སངས་རྒྱས་གཉིས་ལའང་ཁྱད་པར་ཡོད་པར་བསྟན། གང་ལྟར་ཡང་སངས་རྒྱས་ཞེས་པའི་ཐ་སྙད་དེ་སྲོང་བཙན་སྒམ་པོའི་སྔོན་ནས་ཡོད་པ་ནི་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི་སོགས་ཡིག་ཆ་དག་ལ་བརྟགས་ན་ཤེས་ཐུབ་བོ། གལ་སྲིད་མི་ལ་ལས་ཤི་སྤགས་རོ་སྤགས་འཐམ་པ་ལྟར་བོད་ཀྱི་རིག་གནས་དང་ཆོས་ལུགས་ཀྱི་ཁུངས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་གཏུགས་ན་ང་ལ་ལུང་དང་རིགས་པ་ཡོད་ནའང་ཕན་པ་མེད་དེ་བླུན་པོ་ཨུ་ཚུགས་ཅན་ལ་རྒྱལ་བའི་བཀའ་ཡང་རྫུན་དུ་སྣང་། ཞེས་དང་། གོ་བ་མེད་པའི་གླང་རྒན་ལ། །རྒྱལ་པོ་བཀའ་བས་དབྱུག་པ་བཙན། །ཞེས་གསུངས་པ་བཞིན་ནོ། །ཞང་སྐད་དུ་སངས་ཞེས་པ་ནི་སྤྲོས་བྲལ་ལ་གོ། ཀྱི་ནི་ཚིག་ཕྲན་དང་ཡོན་ཏན་ཀུན་ལྡན་ལ་གོ། དེ་བཞིན་བོད་སྐད་དུ་སངས་རྒྱས་ཞེས་པའི་ངེས་ཚིག་ནི་སྤངས་པ་ཕུན་སུམ་འཚོགས་པས་སངས་དང་། རྟོགས་པ་ཕུན་སུམ་འཚོགས་པས་རྒྱས་ཟེར་བ་སོགས་ལ་བརྟགས་ན་སངས་རྒྱས་ཞེས་པའི་ཐ་སྙད་དེ་ཞང་སྐད་ལས་སྒྲ་འགྱུར་བ་མངོན། དེའི་ཕྱིར་ན་སངས་རྒྱས་ཞེས་པའི་ཐ་སྙད་དེ་རྒྱ་གར་ཤཱཀྱ་ཐུབ་པའི་བསྟན་པ་དེ་བོད་ཡུལ་དུ་མ་དར་བའི་ཡར་སྔོན་ནས་བོད་ལ་ཡོད་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་ཡང་ཡོད་པར་མཚོན་ཐུབ་བོ།།སངས་རྒྱས་ཞེས་པའི་ཐ་སྙད་འབྱུང་རིམ་ལ་གཞལ་ན། སངས་རྒྱས་མིའི་གཟུགས་སུ་སྤྲུལ་ནས་གདོད་མའི་མི་རྣམས་ལ་ལེགས་ཉེས་བླང་དོར་གྱིས་བོན་བསྟན་སྐབས་སེམས་ཅན་བློ་ཚད་དམན་པས་སངས་རྒྱས་དེ་སྤངས་རྟོགས་མཐར་ཕྱིན་པ་ཞིག་ངོས་ལེན་དཀའ་བས། དེའི་ཕྱིར་ན་སངས་རྒྱས་ལ་སྟོན་པ་ཞེས་འབོད། དེ་ནས་མི་རྣམས་ཀྱི་བློ་ཡི་ཆུ་ཚོད་གོང་དུ་འཕགས་པས་སངས་རྒྱས་དེ་སེམས་ཅན་ལ་ལེགས་ཉེས་བླང་དོར་གྱི་བོན་སྟོན་མཁན་ཙམ་མ་ཟད་སེམས་ཅན་ཐམས་ཅད་ས་བདེ་བ་ནས་ལམ་བདེ་བར་གཤེགས་པའི་ལམ་དུ་འདྲེན་མཁན་ཡིན་པས་སངས་རྒྱས་ལ་བདེ་བར་གཤེགས་པར་ཞེས་འབོད། དེ་རྗེས་མི་རྣམས་ཀྱི་བློ་ཡི་ཆུ་ཚོད་གོང་དུ་འཕགས་པས་སངས་རྒྱས་དེ་སེམས་ཅན་ཐམས་ཅད་ས་བདེ་བ་ནས་ལམ་བདེ་བར་གཤེགས་པའི་ལམ་ལ་འདྲེན་མཁན་ཙམ་མ་ཡིན་པ། བོན་ཐམས་ཅད་རྣམ་པར་ཅི་ལྟར་བ་མཁྱེན་པ་ཡིན་པས་སངས་རྒྱས་ལ་སྟོན་པ་རྣམ་པར་ཐམས་ཅད་མཁྱེན་པ་ཞེས་འབོད། དེ་ནས་མི་རྣམས་ཀྱི་བློ་ཚོད་ཇེ་མཐོར་སོང་པས། སངས་རྒྱས་དེ་བོན་ཐམས་ཅད་ཀྱི་རྣམ་པར་ཇི་ལྟ་བ་ཇི་སྙེད་པ་ཐམས་ཅད་མཁྱེན་པ་ཙམ་མ་ཟད་སྤངས་པ་དང་རྟོགས་པ་ཕུན་སུམ་འཚོགས་པ་ཡིན་པ་ཤེས་པས་སངས་རྒྱས་ལ་སྟོན་པ་སངས་རྒྱས་ཞེས་འབོད་སྲོལ་བྱུང་བ་མངོན། སྟོན་པ་སངས་རྒྱས་ཀྱི་ཐ་སྙད་དེ་བསྡུ་ནས་སངས་རྒྱས་ཞེས་འབོད་དོ། དེའི་ཕྱིར་ན་སྟོན་པ། རྣམ་པར་ཐམས་ཅད་མཁྱེན་པ། བདེ་བར་གཤེགས་པ། སངས་རྒྱས། དེ་བཞིན་གཤེགས་པའི་ཐ་སྙད་འདི་དག་ནི་རྒྱ་གར་སངས་རྒྱས་ཆོས་ལུགས་དེ་བོད་ལ་མ་དར་ཡར་སྔོན་ནས་བོད་རང་ས་ནས་བྱུང་བའི་ཐ་སྙད་ཤ་སྟག་གོ། འདི་དག་ནི་བོན་གཞུང་སོགས་ལ་བརྟགས་ན་ཤེས་སླའོ།།
བསམ་ཚུལ་ཕྲིས།